ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> 2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»གསར་ཐོན།
2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»གསར་ཐོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། གཟེར་མིག] [ཟླ་ཚེས། 12-11-08] [ཀློག་གྲངས། ]

 

གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ་2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་དགུ་བ་
དངོས་སུ་འགྲེམ་སྤེལ་བྱས་པ།


2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་མདུན་ཤོག

2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»ནང་ཤོག


སྔོན་གླེང༌།

      ཞང་བོད་གནའ་བོའི་རིག་གནས་ནི་རང་བྱུང་ཁམས་དང་འཐབ་རྩོད་བརྒྱུད་ནས་དར་ཞིང་འཕེལ་བའི་ལོ་རྒྱུས་ཀྱི་ཁུངས་གཏུགས་ས་ཞིག་དང༌། ཡིག་རིགས་ཚད་ལྡན་ཁག་ལས་ཐོག་མའི་དཔྱད་ཡིག་གི་བློ་ཁེན་ས་ཞིག་ཏུ་ཡང་ཆགས་ཚར་བས། ཁྱེད་དང་ང་ཚོས། སྒེར་སེམས་ཀྱི་ཆེད་དུ་ཡང་དག་པའི་མགོ་བོ་དེ་ཡོ་འཁྱོག་མི་བྱེད་བར། མི་ལོ་ཁྲི་ཕྲག་སྔོན་རོལ་གྱི་གསར་གཏོད་ལྡན་པའི་རིག་གནས་དང་གདོད་མའི་དུས་སྐབས་ནས་བརྒྱུད་པའི་ཡབ་མེས་ཀྱི་ཐུན་མིན་རིག་གནས་ཀུན་ལ་ཡུན་རིང་སློབ་སྦྱོང་དང་དཔྱད་ཞིབ་སོང་ཚེ། ལེགས་སྤེལ་ཞན་དོར་གྱི་གནས་ལུགས་དེ་ཤེས་འགྲོ་བར་མ་ཟད། ཤུགས་རྐྱེན་གྱི་དབང་གིས་ཉམས་དམས་ཐེབས་པའི་སྔོན་ཆད་ཀྱི་ལོ་རྒྱུས་ཐད་དང༌། སྲོལ་རྒྱུན་གྱི་ཐད། ཆོས་ལུགས་ཀྱི་ཐད་གང་ལའང་ཕྱོགས་བསྡོམས་ཀྱི་གཟུར་གཏམ་ལྷུགས་པོར་འཁྲུངས་ངེས་པ་གོར་མ་ཆག
      དཔལ་དོན་འགྲུབ་རྒྱལ་གྱིས། “རང་རེའི་མཁས་པ་རྣམས་ལ་ཞན་ཆ་ཞིག་ཡོད་པ་ནི། རིག་གནས་དང་ལོ་རྒྱུས་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་བྱེད་པ་རེད།” ཅེས་ཡུན་རིང་གི་ལོ་རྒྱུས་ནང་བྱུང་བའི་རང་ཕན་གཞན་བརྟེན་གྱི་བསམ་པའི་ཕྱོགས་ལྷུང་ལ་ཐད་ཀར་སྐྱོན་འཛུགས་མཛད་པར་དཔགས་ན། སྐྱོན་ཆ་རང་རྟོགས་དང་དགེ་མཚན་དར་སྤེལ་གྱི་འོས་འགན་དེ་ང་ཚོ་གཞོན་ནུ་རྗེས་འཛིན་པ་དག་གི་ལ་རྒྱ་དང་འབྲེལ་བ་ཆེ་བའི་དུས་རབས་ཀྱི་སྙིང་སྟོབས་ཤིག་དང་གསར་བརྗེ་ཞིག་ཏུ་མཐོང་ནས་འདས་སོང་གི་གོལ་ལམ་མང་པོ་ཞིག་ལ་ཡང་བསྐྱར་མཐོལ་བཤགས་ཀྱི་ཁ་བཏགས་དེ་བཅོས་མིན་སྙིང་ནས་འཐེན་དགོས་པ་མ་ཡིན་ནམ།
      «དཔྱོད་ལྡན་མཆོད་པའི་མེ་ཏོག»ནི་སྔ་དར་བོན་གྱི་རིག་གཞུང་འཚོལ་བའི་གསེར་གྱི་རྐང་སྟེགས་སུ་གྱུར་ཡོད་ནའང༌། ད་དུང་མུ་མཐུད་ནས་རྩོམ་མཁན་བསྐྱེད་བསྲིང་དང་བོད་ཀྱི་སྤྱི་ཚོགས་སུ་བདེན་དྲང་གི་ཐ་ཚིག་མང་པོ་སྤྱན་གཟིགས་སུ་ཕུལ་དང་འབུལ་གྲབས་སུ་མཆིས་པས། གནའ་བོའི་བོད་ཀྱི་རིག་གནས་ལ་བག་ཆགས་གསལ་ཞིང་གྲུབ་མཐའ་ཆོས་ལུགས་ཁག་ལ་ནམ་ཀུན་མཐུན་ལམ་སྟོན་པའི་ཀློག་པ་པོ་དང་གྲགས་ཅན་མཁས་པ་མཆོག་ནས་ལྗགས་རྩོམ་གྱི་གྲུ་ཆར་ཉིད་དཔྱད་བརྗོད་དེབ་ཕྲེང་གི་གཤིན་ས་རུ་ལྷུག་སྩོལ་འཇོ་བར་རེ་ཞུ་དང་བཅས།

གཙོ་སྒྲིག་པས། 2012.11.1

མཇུག་ཏུ་ཞུ་འབྲས།

       དཔྱོད་ལྡན་རྩེན་པའི་མཆོད་སྟེགས་སུ། ཤེས་རིག་དང་ལོ་རྒྱུས་ཀྱི་དགེ་མཚན་དུ་མ་ཞིག་བརྗོད་དང་བརྗོད་བཞིན་པ་ནི། གཅིག་ནས་མི་རིགས་ཤིག་གི་འདས་པའི་བྱུང་རབས་འཚོལ་ཞིབ་དང་ཉམས་ཞིབ་མཛད་འདོད་པ་དང༌། གཉིས་ནས་ཆོས་ལུགས་ཤིག་གི་ཉམས་དམས་དེ་མི་རིགས་ཤིག་གི་ཉམས་དམས་སུ་གྱུར་པའི་ལོ་རྒྱུས་ཀྱི་ནད་གཞི་རྙིང་བར་དུག་སེལ་གནང་འདོད་པ། གསུམ་ནས་དུས་སྐབས་གསར་བའི་ན་གཞོན་ཕྱི་རབས་པ་རྣམས་ཀྱི་བསམ་བློ་མཐོར་འདེགས་བྱ་བའི་ཕན་འབྲས་བཅས་ལ་དམིགས་ཏེ་རིག་གནས་ཀྱི་རྐང་མཐུག་པའི་བཤེས་གཉེན་མཁས་དབང་དག་གི་ལྗགས་རྩོམ་མང་པོ་ཞིག་ཞུ་སྒྲིག་བྱས་ཏེ་ཤེས་ལྡན་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བར་བྱས་པ་ཡིན། 
      ཐམས་ཅད་དགའ་བར་འོས་པའི་ལས་ཀ་འདི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་ཁྱབ་སྤེལ་གནང་བའི་ཐད་ལ་བཀའ་དྲིན་ཆེ་ཤོས་ནི་ང་ཚོ་མ་ཡིན། འོ་ན་སུ་དང་སུ་ཡིན་ཞེ་ན། དེ་ནི་མི་རིགས་ཀྱི་དར་རྒུད་ནི་མཐའ་གཅིག་ཏུ་རིག་གནས་སྲུང་སྐྱོབ་ལ་འདོད་པའི་དེབ་འདིའི་རྐང་འཛིན་རྩོམ་པ་པོ་ཁག་དང་། བོད་ཀྱི་རིག་གནས་མྱུར་སྐྱོབ་ཀྱི་སྦྱིན་བདག་གཙོ་གྲས་སྟོད་མངའ་རིས་ཡུལ་གྱི་སྦྱིན་བདག་མ་གནམ་གང་ལགས་དང་། མ་དངུལ་རེམ་འདེགས་པ་ལྷ་སའི་བར་སྐོར་གླིང་གི་ཚོང་བདག་ཨ་ཚེ་རིང་ལགས། མཁའ་འགྲོ་མ་བདེ་ཆེན་དབང་མོ། དེ་བཞིན་རང་དགོན་གྱི་གྲྭ་བཙུན་འགའ་དང་ལྷ་སྡེའི་དད་ལྡན་ཁག་ནས་མ་དངུལ་གནང་བྱུང་བས། ཁོང་རྣམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར་གྱིས་ད་བཟོད་བླ་འཁྱམས་པའི་དཔྱད་དེབ་འདི་ལ་ཡང་བསྐྱར་ཚེ་སྲོག་གི་དབུགས་རྒྱུན་བསྩལ་བྱུང་བས་སེམས་ཀྱི་གཏིང་རུམ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། འབྱུང་འགྱུར་གྱི་དུས་ལའང་གཏོང་ཕོད་ཅན་གྱིས་ཕྱག་ཟུང་བརྐྱངས་པ་དང་རྩོམ་མཁན་རྣམས་ཀྱིས་ལྗགས་རྩོམ་རིང་མོའི་ཆར་ཞོད་བདག་གི་ས་གཞི་རུ་འཇོ་བར་ངང་སྒུག་དང་རེ་ལྟོས་བྱེད་བཞིན་ཡོད། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག