ཞང་ཞུང་སྒོ་བའི་འདུས་སྡེ་ཁྱུང་བོ་རི་བོ་རྩེ་དྲུག་དགོན་གྱི་ཆེད་གཉེར་ལོ་དེབ《ཞང་བོད་མེས་པོའི་འོད་ཟེར》༢༠༡༢ལོའི་དེབ་འགྲེམ་སྤེལ་བྱས་པ།
སྤྱིའི་དེབ་གྲངས་བཞི་བ།
མདུན་ངོས་པར་རིས།
མདུན་ངོས་ནང་མ།
སྔོན་གླེང་།
དེ་ཡང་འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་འཚོ་གཞེས་མཆིས་པའི་འགྲོ་བ་མིའི་རིགས་མི་འདྲ་མི་གཅིག་པ་དཔག་ཏུ་མེད་ཅིང་། ལས་དང་སྤྱོད་པ་ཡང་མ་ངེས་པར་གྲུབ་མཐའ་ལུགས་ཟུང་གི་སྒོ་ནས་དང་། རང་བཞིན་བསམ་སྦྱོར་དཀར་ནག་གིས་འཕེན་འབྲས་རྣམ་སྨིན་ཡང་བདེ་སྡུག་དང་བཟང་ངན་རང་མཐུན་དུ་འབྱུང་བ་རྟེན་འབྱུང་གི་གཤིས་ལུགས་ཡིན་ཕྱིར། སྣོད་བཅུད་གཉིས་ཀར་ཕན་གནོད་སྣ་ཚོགས་ཡོང་བ་མཐོང་བ་མངོན་གྱུར་ཡིན་ལ། མིའི་རིགས་ཀྱིས་མཚོན་པའི་སྐྱིད་འདོད་སྡུག་གི་རྒྱུ་ལ་བརྩོན་པ་རྣམས་འཕྲལ་ཡུན་གྱི་ཕན་བདེ་སྒྲུབ་པའི་ཐབས་ལམ་རྨད་པོ་ཆེ་ནི་ཆོས་ལུགས་གཞན་ན་མེད་པའི་སྟོན་པ་སངས་རྒྱས་དང་དེའི་སྲས་གཡུང་དྲུང་སེམས་དཔའ་རྣམས་ཀྱི་བཀའ་བརྟེན་སོགས་ནང་བསྟན་ཆོས་ལུགས་ཀྱི་བཅུ་ཕྲག་རིག་པའི་གནས་ཆེན་ཁག་རྣམས་ཡིན་ཞིང་། གང་དག་ལ་ཐོས་བསམ་དང་འཆད་རྩོད་རྩོམ་པ་སོགས་དཔྱོད་ཤེས་སོར་རྟོགས་ཀྱི་ལམ་ནས་བསྟན་དོན་གཞི་ལམ་འབྲས་བུ་ཇི་ལྟར་ཐོབ་ཚུལ་དང་། གྲུབ་མཐའ་དང་ཐེག་རིམ་སོ་སོའི་རུ་ཤན་མ་འདྲེས་པར་ཐོས་པས་ཚིག་གི་སྒྲོ་འདོགས་གཅོད། བསམ་པས་དོན་གྱི་གདར་ཤ་གཅོད་གསུངས་པ་ལྟར་ཐོས་བསམ་གྱིས་བརྟགས་ཤིང་དཔྱད་དེ་ཉམས་བཞེས་གནང་བ་ལས་འཚེ་མེད་སེམས་ཀྱི་བདེ་སྐྱིད་འབྱུང་བ་ཡིན་གྱི་རྨོངས་དད་དང་ཟང་ཟིང་འདོད་ཡོན་གྱི་ཁེ་ཕན་གཅིག་བུས་བརྙེད་ཐབས་མེད་པས་ན། འདི་ག་ཐོས་བསམ་འཆད་ཉན་གྱི་གླིང་ཁ་ནས་ཐོན་པའི་སྣ་བསྡུས་ཀྱི་ལོ་དེབ་འདི་བཞིན་འགྲེམས་སྤེལ་ཞུ་མུས་སུ། ད་ལོར་རྩོམ་རིགས་ཀྱི་རམ་འདེགས་གནང་བའི་སྤུན་གྲོགས་རྣམ་པར་བཀའ་དྲིན་ཆེ་ཞུ་བ་ཡིན། འོན་ཀྱང་འདིར་བསྐུར་བའི་རྩོམ་རིགས་གདམ་གསེས་བྱས་པ་ལས་འབྱོར་ཚད་དེབ་ཐོག་ཏུ་འགོད་ཐབས་མ་སོང་ལ། འཁོད་པ་རྣམས་ངེད་རྩོམ་སྒྲིག་པའི་བསམ་ཚུལ་མཚོན་ཐུབ་པ་དང་ཚད་མཐོ་དམན་གང་ལྟར་རུང་། རྩོམ་རིག་གཉོར་སྐྱོང་དང་ཡར་རྒྱས་གོང་འཕེལ་གྱི་ཐབས་སུ་གོམ་པ་རིམ་སྤོ་བྱེད་པ་ལ་སྨན་དུ་རེ་ནས་འཇུག་འགོད་བྱས་ཡོད།
གཞན་ཡང་ལོ་དེབ་འདིའི་ཚེ་སྲོག་གི་རྒྱུ་བ་གསོ་བའི་ཟུངས་ཁྲག་ནར་མ་སྟེ། བཤད་གྲྭའི་འདུས་སྡེ་ནས་ལོར་ལྟར་འགྲོ་གྲོན་ཕངས་མེད་དུ་གནང་བཞིན་ཡོད་ལ། སྒྲུབ་གྲྭ་སྒར་ཁང་བླ་ཆུང་གཡུང་དྲུང་མགོན་པོ་ནས་སྒོར། ༥༥༥་༥ སྒྲུབ་ཐོན་པ་ཤེས་རབ་ཚུལ་ཁྲིམས་ནས། ༢༠༠ བཤད་གྲྭའི་དགེ་སྐོས་སྟོབས་ལྡན་བཀྲ་ཤིས་ནས་སྒོར། ༣༠༠ བཤད་གྲྭ་ནམ་མཁའ་བསྟན་འཛིན་ནས་སྒོར། ༡༠༠ བཤད་གྲྭ་ཚུལ་ཁྲིམས་དོན་ལྡན་ནས་སྒོར། ༡༠༠ སྒྲུབ་གྲྭ་བསོད་ནམས་རྒྱལ་མཚན་ནས་སྒོར། ༥༠ བཤད་གྲྭ་ཚེ་དབང་རྣམ་རྒྱལ་ནས་སྒོར། ༥༠ བཅས་ཞལ་འདེབས་གནང་བྱུང་བར་ཡིད་རང་ཞུ་བ་དང་ཆབས་ཅིག རྩོམ་པ་ཡོན་ཏན་གྱི་སྡོང་གྲོགས་དང་། ཚོགས་སྦྱོར་རྒྱུ་ཡི་རོགས་མགོན་གནང་མཁན་ཡོངས་ཀྱི་སྐུ་ཚེ་ལ་བར་ཆད་མེད་ཅིང་། གསང་གསུམ་གྱི་མཛད་པ་ལ་འགག་པ་མེད་པའི་ལེགས་སྨོན་དང་བཅས།
སྒྲིག་པ་པོས་རྒྱ་ནག་ཁྲིན་ཏུའུ་གྲོང་དུ་བྲིས།
དཀར་ཆག
རྒྱབ་ངོས་ནང་མ།
རྒྱབ་ངོས།