སྟོང་གསུམ་བོན་གྱི་འདུལ་ཞིང་པདྨོའི་ཚལ། །
གསང་གསུམ་འོད་ཀྱིས་ངལ་མེད་སྐྱོང་མཛད་པ། །
དུག་གསུམ་མུན་པའི་སྨག་སེལ་བསྟན་པའི་སྒྲོན། །
ཁམས་གསུམ་འདྲེན་མཆོག་ཉི་མའི་མཚན་ལ་འདུད། །
དམ་པ་ཁྱེད་ཀྱི་མཛད་ཕྲིན་རྣམ་ཐར་མཆོག །
ཀུན་ཁྱབ་མཐའ་ལྟར་ཆོད་པར་མི་ནུས་མོད། །
རྒྱས་པ་ལོགས་སུ་གསལ་ཞེས་ཐོས་ཙམ་ལས། །
ལོག་བདུད་ཝ་མགོའི་དམོད་ངན་དོས་དྲག་དང་། །
དུས་དབང་བོན་བསྟན་ཆ་ཕྲའི་མི་སྣང་བས། །
མདོར་བསྡུས་ཨ་སྐོར་ཕྱག་བཞེས་ནང་གསལ་དང་། །
ཞལ་གསུང་འཁྲུལ་མེད་འཁྲུངས་རབས་བཅུ་དྲུག་སོགས། །
སྐྱེས་ཆེན་དཔྱོད་ལྡན་རིམ་པར་བྱོན་རྣམས་ཀྱི། །
ཞལ་རྒྱུན་རྣ་བར་སོན་པ་ཡིད་ཡུལ་དུ། །
འཇགས་པ་ཅི་མཆིས་བདག་གིས་ལྷག་བསམ་གྱིས། །
ཅུང་ཟད་ཙམ་ཞིག་ཡི་གེར་འགོད་པ་ལ། །
བླ་མ་ཡི་དམ་མཁའ་འགྲོས་གནང་བ་སྩོལ། །
ཞེས་པ་དེ་ལ་ལོ་རྒྱུས་ཁོང་ནས་མ་དྲང་ན། ཡིད་མི་ཆེས་པའི་རྒྱུར་འགྱུར་བས། དཔལ་གསང་མཆོག་རྒྱལ་བའི་སྤྲུལ་པ། དམུ་དབང་ཉི་མ་རྒྱལ་མཚན་དེ་ཉིད། བསྟན་དང་འགྲོ་བའི་དོན་དུ་སྐུ་སྐྱེ་བ་བཅུ་དྲུག་བཞེས་པའི་ནང་ཚན་བཅུ་གསུམ་གྱི་སྐབས་སུ། འཁྲུངས་རབས་ལས། གདན་སའི་གནས་སུ་ཉེ་བར་འཁོད། །ཅེས་གསུངས་པ་དེ་བཞིན་ཅུང་ཟད་སྤྲོ་ན། དག་པ་ལྷའི་ཞིང་ཁམས་རྩ་གསུམ་ལྕོག་ཁ་ཞེས་པ་ནས། བོད་ཡུལ་དབུས་སུ་གཟིགས་པས་མི་ལུས་བཞེས་ནས་བསྟན་འགྲོའི་དོན་བྱེད་དགོས་ཐུགས་ལ་འཁྲུངས་ཏེ། རྒྱལ་འཕགས་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས། དཔལ་དང་ལྡན་པ་དར་སྡིངས་སུ། ཡབ་དམུ་གཤེན་མཆོག་ལེགས་རྒྱལ་མཚན་ཞེས། ཀླུ་གྲུབ་ཡེ་ཤེས་སྙིང་བོའི་རྣམ་སྤྲུལ་བརྒྱད་བྱུང་བ་ལས། འདི་ཉིད་བཞི་བའི་རྣམ་སྤྲུལ་ཡིན་ཏེ། གསང་སྔགས་ཐེག་པ་ཆེན་པོ་ལ་གྲུབ་པ་བརྙེས་ཤིང་། གསས་ཁང་གསེར་སྒོའི་ཐིག་ལེན་འཕར་ཐོག་སོགས་གསར་བསྐྲུན་མཛད་ཅིང་། གཞན་ཡང་བཤད་སྒྲུབ་ཀྱི་བྱ་བས་འགྲོ་དོན་ཕྲིན་ལས་རྒྱས་པའི་སྐྱེས་བུ་ཆེན་པོ་དེའི་གསང་ཡུམ་དངོས་ལ་སྲས་མེད་པར་བཞུགས་པའི་སྐབས་དེར། མདོ་ཁམས་སྨད་ནས་ཨ་ནེ་ཁམས་མོ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཞིག་དོན་དུ་རྒྱལ་བ་གཤེན་གྱི་བསྟན་པ་འཛིན་པར་དགོངས་ཀྱང་། འགྲོ་བའི་སྣང་ངོར་གནས་བསྐོར་གྱི་ཚུལ་དུ་སྟོད་གནས་གངས་ཏི་སེ་མཇལ་དུ་ཕེབས་པའི་ཞོར་ལ། རྟ་སྒོའི་རྫུ་འཕྲུལ་ཕུག་ཏུ་རྟོགས་ལྡན་ནམ་མཁའ་བློ་ལྡན་[ལ]མཇལ་བས། ནམ་མཁའ་བློ་ལྡན་གྱིས་གསེར་མང་པོ་སྩལ་ནས། ཨ་ནེ་ཁྱེད་ཡེ་ཤེས་མཁའ་འགྲོའི་སྤྲུལ་པར་འདུག་པས། གནས་གངས་རི་མཚོ་གསུམ་བསྐོར་ནས་གཤེན་དར་སྡིངས་སུ་བྱོན་དང་ཁྱོད་ཀྱིས་བསྟན་པ་འཛིན་སྐལ་དེ་རུ་འདུག་གོ་གསུངས་ནས་ལུང་བསྟན་ཐོབ་ཅིང་། དེ་ལྟར་ལུང་བསྟན་པ་ཇི་བཞིན་གངས་རི་བསྐོར་ཏེ་དར་སྡིངས་སུ་ཕེབས་ནས་བཞུགས་སོ། ། འཁྲུངས་རབས་ལས། དམ་པའི་ཐུགས་རྗེས་ཉེར་བཟུང་ནས། །ཞེས་པ་གཤེན་སྟོན་མཆོག་ལེགས་རྒྱལ་མཚན་གྱིས་ཀྱང་། ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་ཡིན་པར་མཁྱེན་ནས། དངོས་སྤྲུལ་དགོངས་པས་བྱིན་གྱིས་བརླབས་ཏེ། སྲས་གཅིག་དགེ་མཚན་བཟང་བོ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་དང་བཅས་བལྟམས་ཀྱང་(སྨན་རིའི་མཁན་ཆེན་ཉི་མའི་བསྟན་རྩིས་ལྟར་ན། རབ་བྱུང་དྲུག་པའི་ལྕགས་བྱི་སྤྱི་ལོ ༡༣༦༠ ལ་སྐུ་འཁྲུངས)། བར་ཆད་བྱུང་དོགས་ངོས་མ་བཟུང་བར། ཡུམ་སྲས་གཉིས་ཆར་གསང་སྦས་ཀྱི་ཚུལ་དུ་དབང་ལུང་ཁ་ཤས་གསན་ནས་བཞུགས་པ་ལ། སྲས་དགུང་ལོ་ལྔ་བཞེས་པའི་ཐོག་ཏུ། ཡབ་མཆོག་ལེགས་རྒྱལ་མཚན་འགྲོ་དོན་རྫོགས་ནས་(ཤིང་འབྲུག་༡༣༦༤ལོར་)སྐུ་ཞིང་ཁམས་བརྗེས། དེ་ནས་དར་སྡིངས་ཀྱི་ལྷ་སྡེ་མི་སྡེ་ཀུན་གྱིས་རྒྱལ་རིགས་གཤེན་གྱི་གདུང་རབས་རྫོགས་སོ་བྱ་བའི་མྱ་ངན་གྱིས་སྨེ་སྔགས་བཏོན་པས། གཤེན་མཆོག་ལེགས་རྒྱལ་མཚན་ཐུགས་ཉིད་བོན་དབྱིངས་སུ་ཐིམ་པ་སླར་བཞེངས་ཏེ། གསུངས་པ། ཁྱོད་རྣམས་དེ་ཙམ་གྱིས་མྱ་ངན་བྱེད་མི་དགོས། ང་ཡི་བརྒྱུད་པ་སྟོང་བར་ག་ལ་སྲིད། སྲང་ཁ་བྱང་གི་ཨ་ནེ་ཁམས་མོའི་བུ་དེ་ངའི་བུ་ཡིན་པས། དེ་ཡར་གདན་དྲོངས་དང་། བསྟན་པ་དང་འགྲོ་བའི་དོན་རླབས་ཆེན་འབྱུང་བར་འགྱུར་རོ་གསུངས་ཏེ་དགོངས་པ་བོན་དབྱིངས་སུ་ཐིམ་མོ། །དེར་འདུས་རྣམས་ཀྱང་ངོ་མཚར་ཤིན་ཏུ་ཆེ་བ་དང་། དད་གུས་ཀྱིས་བ་སྤུ་གཡོས་པར་གྱུར་ཅིང་། གཤེན་མཆོག་ལེགས་རྒྱལ་མཚན་སྐུ་འདས་པའི་སྡུག་བསྔལ་དང་། སྲས་བརྒྱུད་མ་ཆད་པའི་ལུང་བསྟན་པས་དགའ་བ་དང་། དགའ་སྐྱོ་ཟུང་འབྲེལ་གྱི་སྒོ་ནས། རེ་ཞིག་དགོངས་རྫོགས་བསྒྲུབ་པའི་ལས་ཀྱིས་གཡེང་སྟེ། སྲས་གདན་འདྲེན་རྒྱུ་མ་བྱུང་ངོ་། །
དུས་དེ་ཙམ་ན་སྟོད་ཕྱོགས་ནས་འབྲོག་པ་ཞིག་ཤི་བའི་ལམ་སྟོན་ཞུ་མི་དངོས་ཆས་འགའ་དང་། ལུག་གི་བརྒྱ་འབུལ་གྱིས་མཚོན་པ་དང་བཅས་བྱུང་སྟེ། དེའི་ཐོག་ཏུ་སྲས་སྤྱན་དྲངས། ཚོམས་ཆེན་གྱི་ཁྲི་ཐོག་ཏུ་བཞུགས་སུ་བཅུག འབྲོག་པ་རྣམས་ཀྱིས་ཚེ་འདས་དེའི་མིང་ཞུས་འབུལ་བ་ཕུལ་མ་ཐག་ཏུ་གཤིན་པོ་བདེ་འགྲོའི་གོ་འཕང་ཐོབ་ཀྱང་། སྲས་སྐུ་ན་ཕྲ་བས་བསྔོ་བ་མི་མཁྱེན་པའི་ཚུལ་བསྟན་ནས། གང་ཡང་མ་གསུངས་བཞུགས་སྐད། སྦྱིན་བདག་རྣམས་ཀྱང་ཉེ་འདབས་གནས་ཚང་དུ་ལོག སང་སྔ་མོ་ནས་ཞབས་ཕྱི་རྣམས་ཀྱིས་འུ་ཐུང་བོས་ནས་ལུག་རྣམས་བསད་པ་འབྲོག་པས་མཐོང་ནས། ལྐོག་ལབ་དུ་ད་ལམ་ཅུང་རེད་མ་སོང་། གཤིན་པོ་ལ་དམིགས་པའི་བྱང་ཆོག་ལྟ་མི་[ཅི་]དགོས། བསྔོ་བ་ཙམ་ཡང་གསུང་མཁན་མ་བྱུང་། ལུག་དེ་རྣམས་ཀྱང་མ་ལུས་པ་བསད། གཤིན་པོའི་དོན་དུ་དགེ་བ་བསྒྲུབ་ཏུ་མ་ཡོང་བ། སྡིག་པ་གསོག་ཏུ་ཡོང་བ་འདྲ་བ་ཞིག་བྱུང་ཟེར་ནས། ཀུན་འགྱོད་པས་ཡིད་མུག་དད་ལོག་སྐྱེས་སོ། །དེ་སྲས་གཤེན་ཉི་མས་མཁྱེན་ནས། ཞབས་ཕྱི་བ་རྣམས་ལ་གསུང་བ། སྦྱིན་བདག་དད་ལོག་སྐྱེས་སོང་བས། ཁོ་རང་རྣམས་ཡར་བོས། ལུག་མགོ་དེ་དག་ཀྱང་འཁོར་གཡབ་ཏུ་སྤུངས་གསུངས་ནས། གཤེན་ཉི་མ་ཚོམས་ཆེན་གྱི་ཐེམ་པའི་ཁ་རུ་བཞུགས་ཏེ། བསྔོ་བ་འདི་ཉིད་ཐོལ་བྱུང་དུ་གསུང་བ། འགྲོ་ཀུན་འཁོར་བའི་མཚོ་ལས་བསྒྲལ་བའི་ཕྱིར། །བདག་ནི……ཞེས་ངེས་ཤེས་འདྲོངས་བསྐྱེད་བརྡའི་བསྔོ་སྨོན་ཚང་མ་གསུངས་ནས་སེ་གོལ་ཞིག་ཏོག་པར་མཛད་པས། ལུག་མགོ་ཀུན་གྱི་སྤྱི་གཙུག་ནས་འོད་ཟེར་འཕྲོས་ནས་འབའ་སྒྲ་ཐག་གེ་ནམ་མཁར་ཐིམ་པས། ཞབས་འཁོར་སྦྱིན་བདག་དང་བཅས་པ་ཚང་མས་གསལ་ལེར་མཐོང་། གཤེན་ཉི་མ་དགུང་ལོ་ལྔའི་ཐོག་ཏུ་སྦྱིན་བདག་གིས་རྐྱེན་སྦྱར་ནས་གསུངས་ཞེས་བསྔོ་སྨོན་འདིའི་ཤམ་བུར་སྣང་བའང་དེའི་དོན་ནོ། །དེ་ལ་ཕྱི་ནང་ཀུན་ཡིད་ཆེས་དད་པ་སྐྱེས། དུས་ད་ལྟ་ཡང་གཤིན་པོའི་བསྔོ་འབྲེལ་འཁོར་གཡབ་ཀྱི་ཀ་རིང་ལ་འདོགས་པ་དེའི་རྟེན་འབྲེལ་ཆེད་ཡིན་པ་སྣང་ངོ་། །
དེ་ནས་སྐུ་ཡོན་ཚང་མ་མ་བསླབ་རང་རྡོལ་དུ་མཁྱེན་ཏེ། དཀྱིལ་འཁོར་སྟོང་དང་དྲུག་བརྒྱའི་དགོངས་དོན་ཐུགས་སུ་ཚུད་ཅིང་། འགྲོ་དོན་ལ་ཕེབས་གྲུབ་པའི་སྐུ་ཚད་ལོན་ཏེ་ཐོག་མར་བཞུགས་སྒར་སྟོད་ཕྱོགས་སུ་ཕེབས་ནས། རྟ་སྒོའི་ཉེ་འདབས་ཤིག་ཏུ་བཞུགས་པས། འབྲོག་པ་ཞིག་ཤི་ནས་བྱང་ཆོག་ཞུས་པས། རྟོགས་ལྡན་ནམ་མཁའ་བློ་ལྡན་གྱི་ཐུགས་ལ། ཚེ་འདས་ཀྱི་རྣམ་ཤེས་འགུག་གྲུབ་མིན་གཟིགས་དགོས་དགོངས་ནས། རྣམ་ཤེས་བཀུག་སྟེ་ཁོང་རང་གི་ཞལ་བུ་ཀ་པ་ལི་ཁ་སྦུབས་པའི་འོག་ཏུ་གཟིར་ནས་བཞུགས་པ་ལ། གཤེན་ཉི་མས་དེ་མཁྱེན་ཀྱང་ཏིང་འཛིན་གྱིས་གང་དུ་གཟིར་ལ་ཁྱད་པར་མི་འདུག་དགོངས་ནས་འགུག་པའི་སྐབས་སུ་དེ་གར་བཞག་པ་ལ། ནམ་མཁའ་བློ་ལྡན་གྱི་དགོངས་པར་འགུག་གྲུབ་མ་སོང་བས། སྤར་ཡང་གྲུབ་མི་འགྲོའམ་དགོངས་པ་ལ། གཤེན་ཉི་མས་སྤར་ཆོག་མཛད་སྐབས། ཕཊཿསྒྲ་དང་པོ་གཉིས་ལ་མཆོད་ཞལ་འགུལ་ཤིག་ཤིག་བྱེད་ཅིང་། གསུམ་པའི་དུས་སུ་ཐོད་ཞལ་རྒྱང་ལ་འཐོར་ནས། རྣམ་ཤེས་བོན་དབྱིངས་སྤྲོས་བྲལ་གྱི་ཀློང་དུ་བསྟིམས་པས། རྟོགས་ལྡན་ནམ་མཁའ་བློ་ལྡན་ཡང་ཤིན་ཏུ་ཐུགས་དགྱེས་ནས། ཚེ་འདས་རྣམ་ཤེས་འདྲེན་པ་ལ། གཤེན་གྱི་གུར་སྒོ་མཐོང་བས་ཆོག་འདུག་གསུངས་པ་གྲགས་ཤིང་། ཉེ་གནས་ལ་གཤེན་ཉི་མ་གདན་འདྲེན་ཞུ་རྒྱུ་ཡིན་པས། རྟ་སྒོའི་གཙང་འགྲམ་ནས་བྱེ་མ་གང་ཐེག་ཅིག་ལོངས་ཤིག་གསུངས་པས། ཉེ་གནས་ཀྱིས་དེ་ལྟར་ལེན་དུ་ཕྱིན་ནས། བྱེ་མ་ཕད་བུ་གང་ཁུར་བས། བྱེ་མ་ཇེ་ལྕི་ལ་སོང་བས། ཉེ་གནས་ཀྱི་བསམ་པར་བླ་མས་ལོངས་ཤིག་གསུངས་ཕྱིར། མ་བླང་བས་ན་མ་བྱུང་། དེ་མིན་གཤེན་ཉི་མ་གདན་འདྲེན་པ་ལ། བྱེ་མས་གང་ཡོང་སྙམ་སྟེ། ཅུང་ཟད་རེ་འབྱོ་བཞིན་ཁྱེར་བས། གཟིམ་ཕུག་ཏུ་སླེབ་དུས་ཁལ་གཅིག་ལྷག་ཙམ་ལས་མ་ལུས། དེ་ལ་ནམ་མཁའ་བློ་ལྡན་གྱིས་སེ་གོལ་ཅིག་ཏོག་པས་བྱེ་མ་གང་ཡོད་གསེར་དུ་གྱུར། ཉེ་གནས་ཀྱི་སེམས་ལ་བྱེ་མ་མ་བྱོ་བར་ཁྱེར་ན་དགའ་རྒྱུ་དེ་ཙ་བསམ་ནས་འགྱོད་དིང་ངེ་བ་ཞིག་བྱུང་སྐད། དེ་གཤེན་ཉི་མ་གདན་དྲངས་ནས་དབང་ལུང་ཞུས་ཤིང་བྱེ་མ་གསེར་དུ་བསྒྱུར་བ་གང་ཡོད་ཕུལ། གཤེན་ཉི་མས་ཀྱང་དབང་ལུང་ཇི་སྙེད་ཞུས་ནས། དྲིན་ཆེན་བླ་མ་རྣམ་གསུམ་ཡོད་པ་ལ་གཅིག་འདི་ཡིན་པར་བཤད་དོ། །དེ་ནས་སྟོད་སྤྲེ་བའི་ཡུལ་དུ་ཕེབས། ཁྲོ་བོ་དཀར་བོའི་བརྡར་རྡོ་ལ་ཕྱག་གིས་བཅིངས་པའི་རྗེས་དང་། འདྲ་སྐུའི་རྒྱབ་ཏུ་ཕྱག་སིལ་གྱི་རྗེས་བཞག་པ་སོགས་གྲུབ་རྟགས་དཔག་མེད་བསྟན། ཁྲོ་བོ་དཀར་བོས་ཀྱང་རྟ་ནོར་གསེར་དངུལ་མང་བོ་དང་། གཤེན་རྩྭ་གཤེན་སྒར་གྱི་ས་རིགས་ཚང་མ་ཕུལ།
དེ་ནས་གདན་སར་ཕེབས་ནས། རི་བོ་གླང་ཆེན་འགྱིང་འདྲའི་གནས། རི་རྒྱལ་དགོན་རྩེར་སྤྲུལ་པའི་གཙུག་ལག་ཁང་ཆེན་མོ་དང་། བླ་བྲང་སྤེའུ་གཉིས་བཅས་ནོར་བུ་རྩེ་གསུམ་གྱི་ཚུལ་དུ་བཞེངས། གཞན་ཡང་གནས་འདིར་གྲྭ་ཁང་རེ་ཐེབས་ན། གཞན་དུ་གསས་ཁང་རེ་བཞེངས་པ་བས་ཀྱང་དགེ་འགྱུར་ཆེ་ཞིང་། མདོར་ན་ས་ཁེམ་གང་རེ་དང་རྡོ་རྡོག་པོ་གཅིག་གི་འབྲེལ་བ་ཐོགས་པ་ཙམ་གྱི་མི་དེ་ཇི་ལྟར་སྡིག་ཆེ་ཡང་བྱ་ཕུག་རོན་ལས་གནས་ལུས་དམའ་བ་མི་ལེན་པ་གསང་མཆོག་ཐུགས་སྤྲུལ་གཤེན་ཉི་མས་ཞལ་གྱིས་བཞེས། ནང་རྟེན་གང་གི་བྱེ་མ་གསེར་དུ་བསྒྱུར་བའི་གསེར་ཕུད་ལ། བདུད་སྲིན་བགེགས་ཀྱི་ཟིལ་གནོན་དུ། གསང་མཆོག་མཐར་ཐུག་རྒྱལ་བོའི་སྐུ་བཞེངས། དེ་ནས་ཡང་སྔ་རབས་འདས་པའི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་དགུང་ལོ་ལྔ་བའི་སྐུ་ཚད་དང་། ད་ལྟ་འདྲེན་པའི་རྣམ་མཁྱེན་རྒྱལ་བ་གཤེན་རབ་དགུང་ལོ་བརྒྱད་པའི་སྐུ་ཚད་དབུའི་གཙུག་ཏོར་ན་རྒྱལ་བ་གཤེན་རབ་ཀྱི་ཤ་རི་རམ་བྱ་ངང་བའི་སྒོ་ང་ཙམ་དང་། ཐུགས་ཀ་ན་རྒྱལ་བོ་ཀུན་དགའ་འོད་ཀྱིས་བཞེས་པའི་ནོར་བུ་དཀར་ལ་འཚེར་བ་བྱིན་རླབས་ཀྱི་དྲོད་ནུས་འབར་བས་སྐར་མ་རྒྱལ་གྱི་ཉ་ལ་ཆུ་འཁྱག་དང་མར་ཞུ་བ། མཐོང་ཐོས་དྲན་རིག་འདྲེན་པ་སྨོན་ལམ་གང་བཏབ་འགྲུབ་པའི་རྟེན་མཆོག་ཁྱད་པར་ཅན་དང་། སླད་འབྱོན་གྱི་སྟོན་པ་ཐང་མ་མེ་སྒྲོན་དགུང་ལོ་བཅུ་བའི་སྐུ་ཚད་བཅས་ཀྱིས་གཙོར་མཛད་པའི་སྐུ་རྟེན་སྟོང་ཁ་ལོང་ཙམ་བཞེངས་བཀོད་མཛད། ལྷག་པར་སྟོན་པ་གསུང་འབྱོན་ལ་ཕྱག་གདུབ་ཞབས་གདུབ་གསོལ་ནས། དབུ་རྒྱན་སྒྲོན་ཁར། ང་འདི་ཁ་རང་ལ་ཞོག་ཅིག་གསུངས་ནས་གསུང་བྱོན་པས། ཤིན་ཏུ་བྱིན་ཆེ་བའི་སྟོན་པ་གསུང་འབྱོན་དུ་གྲགས་སོ། །
འཁྲུངས་རབས་ལས། འཆི་མེད་ཐུགས་སྤྲུལ་བླ་མ་དེས། །དབང་བསྐུར་མིང་དང་གསང་མཚན་གསོལ། །དབང་བཞིན་འགྲོ་དོན་ལུང་སྟོན་སྩལ། །ཅེས་པ་ནི། དྲིན་ཆེན་བླ་མ་རྣམ་གསུམ་གྱི་ནང་ཚན། རང་གྲོལ་བླ་མ་རྒྱལ་མཚན་དང་མཇལ་ནས། དབང་ལུང་ཁྲིད་གསུམ་མང་དུ་གསན་ཅིང་། མཚན་ཐོས་ཐར་བར་འདྲེན་པའི་ལུང་བསྟན། ལུང་རིག་སྨྲ་བའི་དབང་བོ་བྱ་བཏང་གཡུང་དྲུང་ཡེ་ཤེས་ནས་ཀྱང་དབང་ལུང་མང་དུ་གསན་ནོ། །
དེ་ནས་རྒྱལ་རོང་དུ་ཕེབས་པས། དམུ་རྡོ་ལྷ་གཉན་གྱིས་བཀའ་ཉན་ཕྲིན་ལས་བསྒྲུབས། གནས་དེར་གཤེན་སྟོན་ཉིད་ཀྱི་ཞབས་རྗེས་དང་གཟིམ་ཁྱི་མངོན་ཤེས་དང་ལྡན་པའི་རྗེས་བཅས་ཡོད་སྐད། དེ་ནས་རྒྱ་ནག་ཡུལ་གྱི་ཉེ་འདབས་དམ་ཅན་རྡོ་རྗེ་ལེགས་པ་རྒྱུ་བའི་ས་གནས་སུ་ཞག་གཅིག་བཞུགས་པའི་ཚེ། སྲོད་ལ་གནམ་ལྕགས་ལན་གསུམ་བབ་པས། ཏིང་འཛིན་གྱིས་གཟིར་ཏེ་ཐོ་རངས་ཁར། དམ་ཅན་དངོས་སུ་སྡོང་[ལ་བྱོན་]ནས། གསང་བའི་བདག་པོ་ཁྱེད་ཀྱི་བཀའ་བརྒྱུད་འཛིན་པའི་སློབ་བུ་ཐམས་ཅད་ལ་སྡོང་གྲོགས་བྱེད་དོ་ཞེས་དམ་བཅས། དེ་དུས་བསྐུལ་ཆུང་ཞིག་ཀྱང་མཛད་དོ། །གཞན་ཡང་ཁམས་ཕྱོགས་ཀྱི་དད་ལྡན་ཐམས་ཅད་ཐར་བ་བདེ་བའི་ལམ་བཟང་ལ་བཀོད་ནས། ཡར་ལོག་ཕེབས་ཁ་ཞིག་ལ། ལས་ལྡན་གྱི་ཨ་ནེ་རྒན་མོ་ཞིག་གིས། མཛོ་མོ་ཞིག་ཕུལ་ནས། བདག་འཆི་དུས་ཁྱེད་སྐྱབས་འགྲོ་ལ་ཕེབས་རོགས་གནང་ཞུས་པས། དེ་ལྟར་ཡོང་བ་ཞལ་གྱིས་བཞེས། དེ་ལ་ཞབས་ཕྱི་རྣམས་ཀྱི་བསམ་པ་ལ། ངེད་དཔོན་གཡོག་ནི་གཙང་ལ་ལོག་ཕེབས་རན་སོང་། དོ་ནུབ་སང་དགོང་ལ་ནི་ཨ་ནེ་འདི་འཆི་བ་མི་འདུག འདི་འཆི་བའི་སྔས་མགོར་ཇི་ལྟར་བྱས་ནས་ཕེབས། ད་ལམ་ཞལ་རྫུན་ཅིག་གནང་སོང་བསམ་པ་བྱུང་སྐད། དེ་ནས་དར་སྡིངས་སུ་ཕེབས་ནས་ལོ་གཅིག་ཙམ་སོང་བ་དང་། ཨ་ནེ་རྒན་མོ་དེ་ནད་ཀྱིས་ཟིན་ནས་འཆི་ལ་གཏུག་པས། གཤེན་ཉི་མས་མཁྱེན་ཏེ། ཞབས་འགྱུར་བ་རྣམས་ལ་གཟིམ་ཆུང་གི་སྒོ་ཞག་གསུམ་མ་དབྱེ་ཞིག ཞག་གསུམ་ནས་གཤང་ཆུང་ལོགས་ལ་བཏགས་པ་འདི་དཀྲོལ་བྱུང་བ་དང་ཤོག་ཅིག་གསུངས་ནས། ཨ་ནེ་རྒན་མོའི་ཐ་ཚིག་ལ་དགོངས་ནས། འདྲེན་སྟོན་ལ་བྱ་རྒོད་དུ་སྤྲུལ་ནས་ཕེབས་པས། ཨ་ནེ་དེས་ཀྱང་ཡིད་གཉིས་ཐེ་ཚོམ་མེད་པའི་གསོལ་བ་གདབ་ཅིང་། ནང་མི་རྣམས་ལ་ད་ངའི་བླ་མ་ཕེབས་པའི་ཞལ་བཞེས་ཡོད་པས་ལྟོས་ཤིག་ཟེར་བ་ལ། ནང་མི་རྣམས་ཀྱིས་བླ་མ་ནི་ཡབ་ཡུལ་དུ་ཕེབས་ནས་མེད་པ་ལ། ད་འདིར་སུ་འབྱོན་བྱས་པས། ངའི་བླ་མས་མི་བསླུ་ཕེབས་པ་ཁག་ཐེག་ཡིན། མི་མེད་ཀྱང་བྱ་འདྲ་བ་ཡོང་མཁན་མི་འདུག་གམ་ཟེར་བ་ལ། བལྟས་པས་བྱ་རྒོད་ཅིག་འཕུར་ནས་ཡོང་འདུག དེ་མིན་གང་ཡང་མི་འདུག་བྱས་པས། འོ་ན་དེ་ཡིན་པས་ནང་དུ་གདན་དྲོངས་ཤིག་ཟེར་ནས་ཤིའོ། །དེ་ནས་ནང་མི་རྣམས་ཀྱིས་བལྟས་པས། བྱ་རྒོད་ཇེ་དམའ་ཇེ་དམའ་སོང་ནས་ཐང་ལ་བབས་ཏེ། གཤེན་ཉི་མ་སྔར་མཇལ་བ་ནང་ལྟར་དངོས་སུ་ཕེབས་ནས། ཨ་ནེ་རྒན་མོའི་རྣམ་ཤེས་མཁའ་སྤྱོད་ཀྱི་གནས་སུ་སྤར་ནས། མཐོང་མི་མཐོང་གི་བར་དེ་ཁར་གཤེགས། དེ་ནས་བྱ་རྒོད་དུ་སྤྲུལ་ནས་ཕེབས་སོ། །ཞབས་འགྱུར་བ་རྣམས་ཀྱིས་ཞག་གསུམ་སོང་བའི་སྔ་དྲོ་གཟིམ་སྒོ་དབྱེ་ཆོག་འོན་སོང་བྱས་ནས་བསྡད་པ་དང་། གཤེན་ཉི་མ་རྣམ་རྒྱལ་ལྷ་ཁང་གི་རྒྱ་མཐོང་ལ་ཧར་གྱིས་ཕེབས་པས། གཤོག་རྩེ་གཤང་ཆུང་ལ་ཕོག་པས་སྐད་གྲགས་པ་དང་། ཞབས་ཕྱི་རྣམས་ཀྱིས་གཟིམ་སྒོ་ཕྱེ་སྔ་བའི་སྟབས་ཀྱིས། སྐུ་ལུས་བྱ་རྒོད་དུ་སྤྲུལ་པ་ཚང་མ་བཤིག་མ་གྲུབ་པར་སྒྲོ་ཐུལ་ཉིལ་ལེ་བཞུགས་པ་ཀུན་གྱིས་མཐོང་བས། སྐུ་ཚེ་ལ་ཅུང་ཟད་གནོད་པ་ཡིན་སྐད།
རྒྱལ་བོ་བསམ་ཡས་བེ་དཀར་དམ་ལ་བཏགས་པའི་ལོ་རྒྱུས་ནི། དེ་སྔོན་བླ་རབས་གསུམ་བཞིའི་གང་ཙམ་ལ། དངུལ་ཆུ་རྒྱལ་སྲས་རིན་པོ་ཆེའི་མདུན་དུ། བེ་དཀར་གྱིས་ཆོ་འཕྲུལ་ཞིག་བསྟན་པས། རྒྱལ་བའི་སྲས་པོས་ཁྱོད་འདྲེ་ངན་གྱི་ལུས་སུ་སྐྱེས་ཤིང་། སེམས་ཅན་གཞན་ལ་གནོད་སེམས་འབའ་ཞིག་འཆང་བ་སྙིང་རེ་རྗེ་དགོངས་ནས་བཤུམས་པས། བེ་དཀར་སྐྱེངས་ནས་བྲོས་སོང་ངོ་། །དེ་རྗེས་གཤེན་ཉི་མ་བསྙེན་བསྒྲུབ་ཐོག་མར་ཀུན་བཟང་ཨ་སྐོར་ལ་བཞུགས་མ་ཐག རྒྱལ་བོ་བེ་དཀར་གྱིས་ཆོ་འཕྲུལ་བསྟན་ནས། མར་མེའི་ནང་དུ་ཀུན་བཟང་གི་སྐུ་འདྲ་བ་ཞིག་ཏུ་བརྫུས་ནས་བསྡད་པ། མཆོག་སྤྲུལ་ཉི་མས་མཁྱེན་ནས། སྙིང་བོའི་ཚད་གྲངས་མ་སོང་བར། །ཡི་དམ་ལྷ་ཞལ་ལྟས་ངན་ཡིན། །གསུངས་ཏེ་ཞལ་དུ་གསོལ་ནས་ཐུགས་དམ་དུ་བཞུགས་པས། བེ་དཀར་ཤིན་ཏུ་སྐྲག་སྟེ། བདག་གཏོང་བར་ཞུ། ཁྱེད་ཀྱི་ཞིང་འདིར་མི་ཡོང་ཞུས་ནས་དམ་བཅའ་ཕུལ། ཞལ་ནས་བཏོན་ཏེ་གཏོང་བར་མཛད། ཁོས་དམ་བཅའ་ཕུལ་བ་བཞིན་དུ། གཞན་མ་ལྷ་འདྲེ་འཁོར་བཅས་རྣམས་ལའང་འདི་དམོད་པ། དངུལ་ཆུ་ལ་མ་འགྲོ་ཞིག་བཙུན་ཆུང་ངུ་དགའ་བ་ཞིག་འདུག དར་སྡིངས་ལ་མ་འགྲོ་ཞིག བཙུན་ཆུང་ལྟོག་སླ་བ་ཞིག་འདུག ཅེས་ཟེར་ནས་དར་སྡིངས་སུ་བེ་དཀར་གྱིས་གནོད་པ་མི་འབྱུང་བ་ཡང་དེ་ཙུག་ལགས་སོ། །
ཨ་སྐོར་གྱི་ཕྱག་བཞེས་ལས། སྔགས་བླ་བདུད་རྒྱལ་ལོག་ལྟ་ཅན། །ཁ་ཤས་དངོས་སྤྲུལ་དག་གིས་བཏུལ། །ཅེས་གསུངས་པ་ནི། རོང་མཚོ་སྡེ་བ་ཟེར་བའི་བཙན་ཕྱུག་དང་ལྡན་པ་ཞིག་གིས། སྤྱིར་ཡང་གཤེན་ལ་ལོག་ལྟའི་སྐུར་འདེབས་སྣ་ཚོགས་བྱེད་ཅིང་། སྒོས་སུ་དར་སྡིངས་ཀྱི་ཕུ་རུ་ཡོད་པའི་སྐུ་ཐར་རྣམས་རྐུ་འཕྲོག་བྱས་པར་བརྟེན་ནས་ཚར་མ་བཅད་ན། བསྟན་པ་ལ་གནོད་དོགས་ཀྱིས། བོན་སྐྱོང་དམག་དཔོན་མན་ཆད་མངོན་སྤྱོད་དྲག་པོའི་ཕྲིན་ལས་ལ་བསྐུལ་བས། སྲོད་འཁོར་ཞིག་ལ་དམག་དཔོན་སྐུ་གཉེར་གྱི་མདུན་དུ་དངོས་[སུ་]ཕེབས་ནས་སྐུ་གཉེར་འུ་ཅག་ད་འགྲོ་གསུངས་ཏེ། སྐུ་གཉེར་ཆིབས་རྒྱལ་ལ་བསྐྱོན་ནས་ཕེབས། གཙང་འགྲམ་དུ་ཕེབས་པ་དང་མིག་བཙུམས་ཤིག་གསུངས། སྐུ་གཉེར་གྱིས་མིག་བཙུམས་པས། ཆུའི་ཕ་གིར་ཕེབས་པས། རོང་མཚོ་སྡེ་བའི་ཁྱི་རྣམས་སྐད་དི་རི་རི་བྱུང་བ་ལ། དམག་དཔོན་གྱིས་སྐུ་གཉེར་ཁྱོད་ཀྱིས་ཁྱི་སྔགས་ཤེས་སམ་གསུངས་པས། ཁྱི་སྔགས་ཤེས་ཏེ་ཟན་ཞིག་དགོས་ཞུས་པ་ལ། རོང་མཚོ་ནས་མགོན་ཁང་གི་རྒྱབ་སྐར་ཁུང་ལ་ཕྱག་བརྐྱངས་ནས་རྒྱུན་གཏོར་ཞིག་བཞེས་ནས་གནང་། དེ་ལ་སྔགས་བཏབ་ནས་ཁྱི་རྣམས་ལ་སྦྱིན་པས་ཁྱི་སྐད་འཆག དེ་ནས་དམག་དཔོན་གྱིས་རུ་ཏྲའི་སྲོག་སྙིང་དངོས་སུ་དམར་ཙ་[ཛར་]རེ་བསྣམས་ནས་ལོག་ཕེབས་པས། ཁོའི་ལྷ་རྣམས་ཀྱིས་རྗེས་སུ་དེད་པས། གདོང་ནག་མའི་ཆིབས་ཆད་ཚུལ་བསྟན་པས། དམག་དཔོན་གྱིས་མཁར་ཁྲ་བོར་ལྟོས་ལ་སོང་གསུངས་ཏེ་དགེ་སྡིངས་སུ་ཕེབས། གདོང་ནག་ནམ་མཁའ་ལྡིང་དགེ་སྡིངས་སུ་གནས་པ་དེ་ལྟར་ཡིན་སྐད། དེ་ནས་དར་སྡིངས་ཀྱི་ས་མཚམས་བརྒལ་དོགས་ཀྱིས། ཨ་བསྭེ་རྒྱལ་བས་ཞལ་གྱི་མཆེ་བ་གཙིགས་ཤིང་ཕྱག་མདུང་བཙུགས་ནས། འདིའི་ཡན་ལ་ཤོག་དང་སྒྲོལ་བ་ཡིན་ནོ་གསུངས་པས། དེ་ཡན་ལ་རང་ལྷ་རྣམས་ཡོང་མ་ནུས་པར་ཕྱིར་ལོག་ཚོན་འོག་ཏུ་ཤོར་བ་མ་གཏོགས། ལྷོ་སྒོའི་ནང་ཁུགས་སུ་སྲོག་སྙིང་བརྡབས་ཤུལ་ཡང་དངོས་སུ་གསལ་ལོ། །དེ་ཚེ་གཤེན་སྟོན་གྱི་ཐུགས་ལ་འདི་དགོངས་པ། ད་ལྟ་ང་ལ་དགོས་པ་མ་མཆིས་ཀྱང་། བསྟན་པའི་དགྲ་བགེགས་སྦྱོར་སྒྲོལ་མ་སྤྱད་ན། སྤྱོད་པའི་དམ་ཚིག་དག་ལ་འགལ་བར་བཤད། དེ་ཡང་ཡེ་སངས་རྒྱས་རྒྱུད་ལས། དྲག་པོར་བསྒྲུབ་པ་གསང་མཆོག་རྒྱལ་བོ་ཡི། །ཐུགས་རྗེ་རོལ་བའི་སྐུ་བསྟན་དཔལ་མགོན་ཚོགས། །བྱད་ཕུར་ལོག་རྒོལ་ངན་པ་འདུལ་བའི་ཕྱིར། །གདུལ་དཀའི་ལས་ངན་སེམས་ཅན་གྲངས་མང་ཀུན། །ཡེ་ཤེས་དབྱིངས་ན་བཞུགས་པས་ཡོངས་མི་འདུལ། །ངེད་ནི་བདུད་དང་ཉོན་མོངས་བགེགས་ལ་དཔའ། །ལས་ངན་ལོག་པའི་སེམས་ཅན་འཁྲུལ་ཟིན་ལ། །སངས་རྒྱས་བཀའ་བས་རྒྱག་པའི་མཚོན་ཆ་གཉན། །བསྟན་པའི་མ་ཟིན་ལོག་པའི་མཐའ་འཁོབ་ལ། །སྟོན་པའི་བཀའ་བས་བརྡུང་བའི་གྱད་མིར་འཇིགས། །ཉོན་མོངས་འཁོར་བར་འཁྱམས་པའི་ལས་ངན་ལ། །ཀུན་བཟང་ཉིད་བས་ལས་ཀྱི་གཤིན་རྗེ་གཙོ། །སྣང་བ་མ་དག་འགྲོ་བའི་བློ་ཡུལ་དུ། །དོན་དམ་ཉིད་བས་ཀུན་རྫོབ་ཟོབ་རྫུན་རྩི། །དེ་དང་དེ་འདྲ་མ་ལུས་འདུལ་བའི་ཕྱིར། །དགྲ་བགེགས་འདུལ་བའི་ལས་མཁན་དག་ཏུ་བསྐོས། །ཞེས་པ་ལྟར་མ་འོང་ཕྱིར་དུ། ལས་སྦྱོར་སྦྱིན་སྲེག་དཔལ་མགོན་དྲག་བླུག་རྣོ་མྱུར་དང་ལྡན་པ་མཛད་དོ། །
དེ་ནས་སྡེ་སྲིད་གཙང་བ་ཞེས་པའི་མི་རྗེ་ཞིག་གཞིས་རྩེ་རྫོང་དུ་བཞུགས་སྐབས། སྔགས་བོན་འཚོགས་ནས་སངས་རྒྱས་བསྟན་པ་སྤྱིའི་ཞབས་བརྟན་དང་། སེམས་ཅན་བདེ་ཐབས་བཅས་ལ། བར་ཆད་བགེགས་བཟློག་རང་རང་གི་གཞུང་ལུགས་དང་བསྟུན་ནས་མཛད་སྲོལ་ཡོད་པ་གྲུབ་རྗེས། གཤེན་སྟོན་ཉི་མས་གཙོར་མཛད་པའི་བོན་པོ་རྣམས་གཡས་གྲལ་དུ་བཞུགས། མུས་ཆེན་ཝ་མགོས་གཙོས་པའི་སྔགས་པ་རྣམས་གཡོན་གྲལ་དུ་བསྒྲིགས་ནས་ཡོད་པ་ལ། མི་རྗེ་དེས་རྩེད་འཇོའི་ཚུལ་དུ་འདི་སྐད་ཞུས་པ། གཤེན་ཉི་མ་ནི་བླ་མའི་གཙོར་གྱུར་ཐུགས་རྗེ་བྱིན་རླབས་མཐུ་ནུས་དང་ལྡན་པ་ཞིག་ལགས། དེ་བཞིན་མུས་ཆེན་ཝ་མགོ་ཡང་། སྔགས་ལ་ཡོད་ན་མེད་ན་ཞིག་ཡིན་སྟབས། ཁྱེད་གཉིས་ཀྱིས་གྲུབ་རྟགས་རེ་འཇོག་པ་གནང་དགོས་ཞུས་སོ། །དེ་ལ་གཤེན་ཉི་མས་མི་ཡོང་གསུངས་ཀྱང་། མུས་ཆེན་ཝ་མགོས་ཞུས་པ། འོ་ལེགས་སོ། །བདག་ཅག་བླ་མ་ལ་གྲུབ་རྟགས་མེད་ན་དོན་མེད་ཡིན། གྲུབ་རྟགས་བཞག་ཆོག་ཟེར་ནས། རྟ་འདྲ་བའི་དར་ཚོན་ཉིལ་ལེ་བ་ཞིག་བཏོན་བྱུང་བ་ལ། གཤེན་ཉི་མས་དེ་ཡི་ལན་དུ་འབྲོང་འདྲ་བའི་དར་ཚོན་ཉིལ་ལེ་བ་ཞིག་སྟོན་པར་མཛད་དོ། །འབྲོང་གིས་རྟ་བསད་པ་འདྲ་བ་ཞིག་བྱུང་། དེ་ལ་ཁོ་ཅུང་ཟད་ཁྲོས་ནས་ཕུ་དུང་གཉིས་པོ་སྤྲུལ་ལས་བྱུང་བས། སྦྲུལ་ནག་པོ་འཇིགས་སུ་རུང་བ་གཉིས་བཏོན་ཏེ། གཤེན་ཉི་མའི་སྐུ་གཡས་གཡོན་ལ་འཁྲིལ་བྱུང་བ་ལ། འཇིགས་པའི་ཚུལ་གྱིས་སྐུ་གཟན་སྤྲུགས་པས། སྐུ་གཟན་ལས་མེ་འབར་ནས། སྦྲུལ་གཉིས་གཞོབ་ཐུལ་གྱིས་སོང་། དེ་ལ་ཝ་མགོ་ཤིན་ཏུ་ངར་ལངས་ཤིང་ཁྲོས་ནས་འདི་སྐད་ཞུས། ང་ཡིས་གྲུབ་རྟགས་བསྟན་པ་ཁྱོད་ཀྱིས་གསོད་ཤག་བྱས་བྱུང་བས། ཉི་མ་དེ་རིང་ནས་བཟུང་འོ་ཅག་གཉིས་མཐུ་དང་མན་ངག་ཚད་དོ་ཟེར་ཏེ་ཧར་གྱིས་ལངས་ནས་སོང་། ཁོ་རང་ཁྱིམ་དུ་གཞན་སུ་མེད་པར་ཨ་མ་དེས་མཚམས་གཡོག་བྱས་ནས་མཐུ་སྒྲུབ་ཀྱིན་བསྡད། གཤེན་ཉི་མ་དེ་ལམ་དུ་བཞུགས་པ་ལ། ཟླ་གཅིག་ཙམ་སོང་བ་དང་ཁོ་རང་གི་སྒྲུབ་ཁང་ལ་མེ་འབར་བ་ཙམ་གྱི་སྔགས་ནུས་བྱུང་། གཤེན་ཉི་མ་ཡང་བསྒྲུབ་པ་ནི་མཛད་ཤག་རེད་དེ། རྟགས་ནི་གང་ཡང་མི་འདུག་སྙམ་ནས། ཁྱད་གསོད་ཀྱི་ཡི་གེ་འདི་ལྟར་ཕུལ། ཇ་ནག་པོ་བརྒྱབ་པ་ལ་མདོག་དམར་པོ་བབས་འདུག འདི་བཙུན་ཆུང་ཉི་མའི་མཐུ་རྟགས་ཨེ་ཡིན། བ་ནག་མོ་བཞོས་པས་འོ་མ་དཀར་པོ་དོན་འདུག འདི་ཡང་བཙུན་ཆུང་ཉི་མའི་མཐུ་རྟགས་ཡིན་ནམ། དེ་མིན་མཐུ་ནུས་ཀྱི་རྟགས་ནི་གང་ཡང་མི་འདུག་ཟེར་བ་ཕུལ། དེ་ལའང་ལན་དང་མི་མཉེས་པ་གང་ཡང་མེད་པར་བཞུགས་པའི་ཞག་ཁ་ཤས་ཤིག་ནས། ཁོའི་མཐུ་རྟགས་སུ་འབྲོང་ཤིན་ཏུ་ཆེ་བ་ཞིག་ཡོང་ནས། མགོན་ཁང་གི་སྒོ་ར་རྡུང་གིན་འདུག་པ་ལ། གཤེན་ཉི་མས་ཕྱག་སིལ་ཐོད་པར་འཕངས་ནས་མཐུ་འབྲོང་དེ་རུ་བཏུལ། དེ་ནས་གཤེན་ཉི་མའི་དགོངས་པ་ལ། ང་ལ་ཁོའི་མཐུས་ཚུགས་པར་མི་འགྱུར་ཀྱང་། བསྟན་པའི་དགྲ་བགེགས་མ་བསྒྲལ་ན། གཤེན་གྱི་རིགས་བརྒྱུད་ལ་ཕུག་ཆར་གནོད་པ་ཙམ་དུ་མ་ཟད། གསང་སྔགས་ཀྱི་དམ་ཚིག་ལ་འགལ་དོགས་དགོངས་ནས། བཀའ་སྲུང་རྣམས་བསྟན་དགྲ་སྒྲོལ་བའི་ལས་ལ་བསྐུལ་མ་ཐག་ཏུ། ཐོག་མར་དམག་དཔོན་ཕེབས་པས། ཁོའི་སྔགས་ནུས་ཀྱིས་མེ་རི་མེ་དཔུང་གིས་ལུང་པ་བཀང་ནས་ཕེབས་པ་མ་བྱུང་བར་ལོག་ཕེབས་པ་ལ། སྲིད་རྒྱལ་གྱིས་བཀྱོན་ཚུལ་ད་ལྟའང་སྐུ་རྟེན་ལ་གསལ། དེ་ནས་སྲིད་གསུམ་མངའ་དབང་མ་ཅིག་སྲིད་པའི་རྒྱལ་མོ་ཕེབས་པས་མེ་རི་དཔུང་ཡང་རང་ཞི་ལ་སོང་སྟེ། ཝ་མགོ་སྐད་ཅིག་ལ་སྒྲོལ་བར་གྲུབ་ཀྱང་། ཁོ་ལ་མངོན་ཤེས་དང་མཐུ་ནུས་ཇི་ཡོད་ཉམས་སོད་བཞེས་པར་དགོངས་ནས། ཁོའི་མ་[ཡིས་]ཆུ་བཅུ་བ་ལ། ཤ་བ་མ་བུ་བདུན་དར་ཚོན་ཁྲ་དཔུང་ངེ་བས་བརྒྱན་པ་བྲོ་འཁྲབ་ཏུ་བཅུག་ནས། དེ་ལ་ལྟད་མོར་གཡེང་སྐབས། ཁོའི་མ་རུ་སྤྲུལ་ནས་ཚོད་མ་ཞིག་བསྣམས་ནས་ཕེབས་པས། ཁོ་བསྙེན་པ་སྐྱེལ་བཞིན་འདུག་པ་ལ། ཚོད་མ་རྫོགས་པར་གནང་རྗེས་འདི་སྐད་གསུངས། ངའི་བུ་ཁྱོད་གཤེན་ཉི་མའི་མཐུ་བསྒྲུབ་ཀྱིས། ཉམས་ཀྱང་རྒུད། ཤིག་ཀྱང་བརྒྱབ་འདུག་གསུངས་ནས། ཁོའི་སྣང་བར་བྲང་ནས་ཤིག་གཅིག་བླངས་སོང་བསམ་པ་ལ། དོན་དུ་སྲོག་སྙིང་ཞལ་དུ་བཞེས་ནས་སྒོ་ཡོལ་ལ་ཕྱག་ཕྱིས་ནས་ཕེབས་སོང་། དེ་དང་མཉམ་དུ་ཤ་བ་མ་བུ་འདྲོགས་ནས་མི་སྣང་བར། མ་དེས་ཚོད་མ་འགྱངས་སོང་བསམ་སྟེ། ལ་འུར་བསྐོལ་ནས་ཁྱེར་བས། ཁོ་ན་རེ། ཨ་མ་ཅི་ཡིན་ཚོད་མ་འཐུངས་ཚར་ཟེར་བ་ལ། མ་དེས་ང་ཤ་བ་མ་བུ་བདུན་རྩེད་བྲོ་འཁྲབ་པ་ལ་ལྟད་མོར་ཡེངས་ནས་ཚོད་མ་སྐོལ་[རྒྱུ་]འགྱངས་སོང་ཟེར་རོ། །ཝ་མགོས་ཨ་ཁ་ཁ། འོ་ན་སྲིད་རྒྱལ་ཤོར་བ་ཡིན་འདུག ཡོལ་བ་དེ་ལ་ལྟོས་དང་ཟེར། མས་ཡོལ་བར་བལྟས་པ། ཡོལ་བ་ཁྲག་གིས་ཚོས་འདུག་བྱས་པ་ལ། འོ་ན་མ་བྱུང་ད་ངའི་ཕྲེང་བ་འདི་མིད་ཐུབ་ནས། བརྒྱུད་པ་འདི་འདྲ་ལ་སྟོང་འགྲོ་བས་མིད་ཨེ་ཐུབ་བལྟ་དགོས་ཟེར་ཏེ། ཕྲེང་བ་ཁྱུར་ཁྱུར་དུ་མིད་པས་སྲིད་པའི་རྒྱལ་མོས་མདོ་འཛིན་ཕྱག་གིས་བཟུང་ནས་མིད་མ་ཐུབ་པར་ཁོ་ཤིན་ཏུ་ཡིད་མུག་ནས་སྨོན་ཚིག་ངན་པ་འདི་སྐད་སྨྲས། ད་ལམ་ཁོང་ཉིད་ང་ཡིས་མ་ཐུབ་ཀྱང་། །ང་གཟུགས་གསོབ་བཅོས་ཁ་འདི་ཚེར་མས་རྒྱོངས། །དར་སྡིངས་ཕྱོགས་སུ་ཁ་བསྟན་བཞག་པ་ན། །སྙིགས་མའི་དུས་སུ་བསྟན་གནོད་བར་ཆད་སྡང་། །གང་ཞེས་ནོར་སྐྱོང་འཁྱམས་པའི་ངང་ཚུལ་ཅན། །འཇིག་རྟེན་ཕལ་ལ་འགྲོ་བ་འགའ་སྲིད་པའི། །ཟུར་ཉམས་འབྱུང་ངོ་ང་ཡི་དམོད་མཐུར་ངེས། །ཞེས་ཟེར་ནས་དབུགས་ཆད་དོ། །མ་སོགས་ཁོའི་སྡེ་རིགས་རྣམས་ཀྱིས་ཁ་ཆེམ་བཞིན་བྱས་ནས་ཡོད་པ་ལ། དུས་རེ་ཞིག་ཙམ་ནས། ཁམས་པ་གནས་བསྐོར་བ་བོན་ལུགས་ཤིག་གིས། གསོབ་དེས་གཤེན་ཚང་གི་བསྟན་པ་ལ་གནོད་པར་གོ་ནས། དེར་གནས་ཀྱི་མི་རྣམས་ལ་འདི་སྐད་སྨྲས། ང་དོ་ནུབ་གནས་བཞག་ལ་འདིར་སྡོད་ཆུག་བྱས་ནས་བསྡད་དེ། མཚན་གུང་ལངས་ནས་གསོབ་ཀྱི་སྐེ་བཅད་ནས་ཆུ་ལ་བསྐུར། ཡང་དེར་ཡོད་རྣམས་ཀྱིས་ར་གན་ལ་མགོ་བོའི་དབྱིབས་བཅོས་ཏེ། དར་སྡིངས་སུ་ཁ་བསྟན་ནས་དུས་ད་ལྟ་ཡང་ཡོད་སྐད། དེ་ནས་གཤེན་ཉི་མས་ཁོའི་ཁ་གནོན་དུ། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་སྐུ་འབུམ་བཀྲ་ཤིས་དོན་ལྡན། མཐོང་བ་ཙམ་གྱིས་གྲོལ་བའི་བྱིན་ཆེན་དམ་པ་བཞེངས་བཀོད་མཛད། མཐའ་སྐོར་དུ་དབུ་ལོ་གཏོར་བ་ལ་ལྗོན་ཤིང་འཁྲུངས། དེ་ནས་བཟུང་སྟེ་ལོ་ལྟར་གྱི་ཁྲོ་བོ་ངོ་མཚར་རྒྱས་ཟློག་གི་གཏོར་ཟོར་དེའི་ཕྱོགས་སུ་འཕང་སྲོལ་དང་། ལྷག་པར་ཁྲོ་ཕུར་བཙུགས་སྐབས་ཝ་མགོ་སྟོངས་ཤུལ་དུ་ཛྭོ་དམར་མངོན་སུམ་དུ་དམར་ཆི་ལེར་བབས་ནས་གྱང་དུམ་གོག་པ་སོགས་དུས་ཕྱིས་འབྱུང་བ་ཡང་ཡོང་གི་ཡོད་སྐད་དོ། །
འཁྲུངས་རབས་ལས། དེང་སང་གངས་ཅན་ཞིང་ཁྲོད་འདིར། །ཐུགས་རྗེ་སྟོབས་ལྡན་ཁོ་བོ་ཙམ། །ཞེས་གསུངས་པ་ནི། དེའི་དུས་སུ་གཡུང་དྲུང་བོན་གྱི་བླ་མ་མཁས་ཤིང་གྲུབ་པ་བརྙེས་པའི་འགྲོ་དོན་ཇི་སྙེད་བཞུགས་ཀྱང་། དེ་དག་ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་དང་བྲལ་བ་གསང་མཆོག་གི་ཐུགས་སྤྲུལ་དམུ་དབང་གཤེན་སྟོན་ཉི་མ་དང་། སྨན་རི་མཉམ་མེད་ཤེས་རབ་རྒྱལ་མཚན་གཉིས་ལགས་ཤིང་། དེ་གཉིས་ཐོག་མར་མཇལ་སྐབས། རྩལ་འགྲན་གྲུབ་རྟགས་མཛད་པ་གཤེན་ཉི་མ་མདོ་དྲི་མེད་གཟི་བརྗིད་ལས། རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱིས་གཟིགས་ཚད་ལྔ་ལ་དགོངས་པའི་ནང་ཚན། རིགས་ལ་གཟིགས་པ་སྤྱིར་མི་ལ་རིགས་མང་དུ་མཆིས་ཀྱང་། མི་རྒྱུད་ལྷ་ལས་གྲོལ་བའི་ཁྲི་ཤེས་དཀར་བོའི་ཐུགས་ཀྱི་སྲས་མཆོག གསས་ལྔ་མཁའ་འགྱིང་དང་དྲུག་གིས་བྱིན་གྱིས་བརླབས་པའི་གདུང་རྒྱུད་རྒྱལ་བོ་དྲུག་སྟེ། དེའི་ནང་ནས་ཀྱང་ཁྱད་པར་དུ་དཔག་པ་དམུ་རིགས་གཤེན་ལྷའི་གདུང་རྒྱུད་དོ། །ཞེས་པ་ལྟར་རྒྱལ་རིགས་དམུའི་གདུང་རྒྱུད་ལས་གྲོལ་བ་དང་། གསང་མཆོག་ཐུགས་སྤྲུལ་དུ་སོང་བས་ན་ནམ་མཁར་འཕུར་བ། རྟ་བདུན་གྱི་ཉེ་འདབས་རླུང་གི་སྤུ་གྲི་རེག་གཅོད་ཀྱི་བར་གཤེགས་ཐུབ་པ་དང་། དེའི་ཡན་ཆད་ལ་འོད་ཟེར་གྱིས་འཚིག་སྟེ་ཕེབས་ཐབས་མེད་པས། དབུ་ཞྭ་ཡར་འཕངས་པས་འོད་ཟེར་གྱིས་འཚིག་འགྲོ་བ་དང་། ན་བཟའ་ཉི་མའི་ཟེར་ལ་བཀལ་ཀྱང་སྲོང་ངེར་འདུག་པ་སོགས་བྱུང་སྐད། མཉམ་མེད་ཆེན་པོ་དེ་ལས་དམའ་བ་ལས་འཕུར་མ་གྲུབ་ཅིང་། ན་བཟའ་ཉི་ཟེར་ལ་བཀལ་ཀྱང་མི་ཐེག་པའི་ཚུལ་གྱི་ལྡེམ་གུག་བྱས་སྐད། དེ་རྗེས་གཤེན་ཉི་མ་སྟོད་གངས་རི་མན་ཆད་ནས། སྨད་རྒྱ་ནག་ཡན་ཆད་ལ་འགྲོ་དོན་ཁོ་ནར་གཤེགས་ཤིང་། སྤྱན་གཅིག་ཤེས་རབ་རྒྱལ་མཚན་སྨན་རི་རང་དུ་བཞུགས་ནས། ཕྱི་ཚུལ་ནང་ཁྲིམས་བསྙེན་བསྒྲུབ་སོགས་སྒྲིབ་སྦྱོང་ཁོ་ན་མཛད་ཅིང་བཞུགས་སོ། །དུས་ནམ་ཞིག་ཙམ་ནས། གཉིས་པོ་མཇལ་ནས་སྔོན་མ་ལྟར་རྩལ་འགྲན་གནང་བས། མཉམ་མེད་ཆེན་པོ་བྱང་ཆུབ་བསྒྲུབ་ལ་བརྩོན་པའི་སྟོབས་ཀྱིས། གཤེན་ཉི་མའི་གྲུབ་རྟགས་གོང་འཁོད་བཞིན་གྲུབ། གཤེན་ཉི་མ་འགྲོ་དོན་གདུལ་བྱ་ཁོ་ནར་ཕེབས་པའི་དཀོར་སྒྲིབ་བཞེས་ཚུལ་གྱིས་མཉམ་མེད་ཆེན་པོའི་གྲུབ་རྟགས་གོང་གསལ་ཙམ་ལས་མ་གྲུབ་པའི་ཚུལ་བསྟན། དེ་ཡང་དོན་[དུ་]གཤེན་ཉི་མ་དཔལ་གསང་མཆོག་རྒྱལ་བོའི་ཐུགས་སྤྲུལ་འགྲོ་དོན་དུ་ཕེབས་པ་དང་། མཉམ་མེད་ཆེན་པོ་སློབ་དཔོན་གཙུག་གཤེན་རྒྱལ་བའི་སྤྲུལ་པ་འགྲོ་དོན་དུ་ཕེབས་པ་ཡིན་པས་ན། སངས་རྒྱས་འགྲོ་བའི་དོན་དུ་ཕེབས་པ་ལ་དཀོར་སྒྲིབ་ཀྱིས་གོས་པ་སྦྱོང་བ་སོགས་མི་མངའ་ཡང་། དཀོར་བག་ཆགས་ཆེ་ན་སྔོན་མ་བཟང་ཡང་རྗེས་སུ་ཞན་ཚུལ་དང་། སྒྲིབ་སྦྱོང་ཚོགས་གསོག་ལ་འབད་ནུས་ན་ཐོག་མར་ངན་ཡང་རྗེས་སུ་བཟང་བ་ཡོང་ཚུལ་སྐྱེས་ཆེན་དམ་པ་གཉིས་ཀྱིས། ཕྱི་རབས་རྣམས་ལ་རྒྱུ་འབྲས་བསླུ་བ་མེད་པའི་ངེས་འབྱུང་བདེན་པས་དཔེར་བསྟན་པ་ཙམ་མོ། །
དེ་ནས་དུས་མི་རིང་བ་ཞིག་ནས། དམུ་རྒྱལ་ཉི་མའི་དགོངས་པའི་གཟིགས་སྣང་དུ། གནས་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ། དཔའ་བོ་རིག་འཛིན་མཁའ་འགྲོ་ཀུན་འདུས་ནས་ངོ་མཚར་ཤིན་ཏུ་ཆེ་བར་གཟིགས་ཏེ། ཅི་ཡིན་ཐུགས་ལ་འཁྲུངས་ཏེ་སྐུ་དངོས་སུ་གཟིགས་མོིར་ཕེབས་པས། སྔོན་གྱི་ཨ་ནེ་རྒན་མོ་མཁའ་སྤྱོད་ཀྱི་ཞིང་དུ་དྲངས་པ་དེ་སྒོ་སྲུང་མཁའ་འགྲོའི་ཚུལ་དུ་འདུག་པས་ཞལ་མ་ཕྱེས་པར། ཁྱེད་ཤ་ཁྲག་གི་ཕུང་བོ་མ་བཞག་པར་མཁའ་སྤྱོད་དུ་ཕེབས་པ་མི་ཡོང་ཞུས་པས། དེ་ལ་ལན་དུ། ང་ཤ་ཁྲག་གི་ཕུང་བོར་གནས་ཀྱང་། ང་བདག་གཟུང་འཛིན་གྱིས་མ་གོས་པར་སྐྱོན་མེད་གསུངས་ཏེ་ནང་དུ་ཕེབས། རིག་འཛིན་མཁའ་འགྲོ་ཀུན་འདུས་ནས་ཚོགས་ཀྱི་འཁོར་ལོ་བསྐོར་ཅིང་། དབུས་སུ་ཁྲི་མཐོ་དམའ་ཅུང་ཟད་ཡོད་པ་གཉིས་འདུག་པ་ལ། ཁྱེད་རྣམས་ཚོགས་འཁོར་བསྐོར་བས་སུ་འབྱོན་པ་ཡོད་གསུངས་པས། སྨན་རིའི་སྤྱན་གཅིག་པ་ཤེས་རབ་རྒྱལ་མཚན་སྐུ་སྐྱེ་བ་བརྗེས་ནས་ཕེབས་པ་ཡོད་པའི་དེ་ཡིན་གསུངས། ཁྲི་གཉིས་འདུག་པས་གཅིག་ཏུ་སུ་བཞུགས་གསུངས་པས། གཤེན་ཉི་མ་སྐུ་ལུས་ཤ་ཁྲག་གི་ཕུང་བོ་མ་བཞག་པར་ཕེབས་པའི་བཞུགས་པ་ཡིན་གསུངས་ཏེ། རིག་འཛིན་མཁའ་འགྲོ་རྣམས་ཀྱིས་གསོལ་འདེབས་བོན་ཉིད་ཆེན་པོ་གསུང་གིན་འདུག་པ་ལ། གཤེན་ཉི་མས་སྐུ་ལུས་བྱ་རུ་སྤྲུལ་པའི་སྒྲོའི་ནང་དུ་གསོལ་འདེབས་བྲིས་ནས་སྨན་རིར་ཕེབས་པས། མཉམ་མེད་ཞིང་བརྗེས་ཚར་ནས་མ་མཇལ། མི་མཇལ་བའི་རྒྱུ་མཚན་ཡང་། ཁྱོད་ལའང་ང་མི་དགོས་པའི་དཔེ་བཞིན་ལ་དགོངས་པ་ཡིན་སྐད། དེ་ནས་གསོལ་འདེབས་མཁའ་སྤྱོད་ནས་བསྣམས་པ་སྨན་རིར་བསྩལ། རྡོ་གཅལ་ལ་མོས་རྟེན་ཞབས་རྗེས་བཞག་ནས་གདན་སར་ཕེབས་སོ། །
གཞན་ཡང་མཛད་ཕྲིན་བཟང་བོ་བསམ་གྱིས་མི་ཁྱབ་ཅིང་། ཉི་མའི་བཀའ་འབུམ་པོ་ཏི་བཅུ་གཉིས་ཙམ་ཡོད་པར་གྲགས་ཤིང་། ཕྱི་རབས་ཀྱི་མོས་རྟེན་འདྲ་སྐུ་ལ། ཕྱག་གིས་བྱིལ་བྱིལ་གནང་བས་ཕྱག་དྲེག་ནག་པོ་ཐོགས་པ་ལ་རྗེས་སུ་གསེར་ཆབ་ཕུལ་ཀྱང་མི་བཞེས་པར། ང་འདི་ག་རང་ལ་བཞག་ན་བྱིན་ཆེ་ཞེས་པའི་གསུང་བྱོན་པ་དང་། གཤེན་གྱི་བསྟན་དང་དེ་འཛིན་སྐྱེས་བུ་རྣམས་ལ་དགོངས་ཏེ། གསང་འདུས་ངོ་བོ་གཤེན་དམ་པ་རྒྱལ་ཚབ་ཀྱི་གསོལ་འདེབས་ལས། དམུ་རྒྱལ་བརྒྱུད་དང་གཤེན་སྲས་མཆོག་རྣམས་ལ། །དབྱིངས་ནས་ཐུགས་རྗེ་བྱིན་རླབས་ཆར་ཕོབ་ཅིག །བརྒྱུད་པ་སྨིན་གྲོལ་ནུས་པའི་དབང་སྐུར་ཅིག །སྐུ་གསུང་ཐུགས་ཀྱི་རབ་ཏུ་གནས་པར་མཛོད། །ལོག་འདྲེན་ཅིས་མི་ཐུབ་པའི་རྒྱས་གདབ་སྩོལ། །བདག་གཞན་རྒྱུད་ཁྲོལ་ཤེས་པ་འབར་བར་མཛོད། །བསྟན་པ་དར་རྒྱས་ཡུན་དུ་གནས་པར་མཛོད། །དོན་གཉིས་གྲུབ་པ་མཐར་ཕྱིན་ཉིད་དུ་སྩོལ། །ཅེས་པའི་གསོལ་འདེབས་སྨོན་ཚིག་གསུངས་པ་དང་། རྣམ་རྒྱལ་ལྷ་ཁང་དུ། གཤེན་རབ་རྣམ་པར་རྒྱལ་བའི་ཞལ་གཟིགས་ཤིང་། གཤེན་གྱི་བཀའ་སྐྱོང་སྡེ་བཞི་དང་། ལྷ་ཆེན་པོ་གཅེན་ལྷ་མིག་དགུ་ལ་སོགས་དཔལ་མགོན་བརྒྱ་དང་རྩ་བརྒྱད་བཀའ་ཉན་བྲན་དུ་བཀོལ་ཅིང་། ཅི་གསུང་གི་ལས་བསྒྲུབ་པ་དང་། ཕྱག་རྫས་རྐུན་ཤོར་དངོས་རྫས་ཀྱི་རྗེས་སུ། གཅེན་ལྷ་མི་རུ་བརྫུས་ནས་ཕེབས་པ་དང་། འབྲུག་ཁང་དུ་སྔོན་མོ་འབྲུག་མགོས་ཞལ་བསྟན་ཅིང་ཕྲིན་ལས་བསྒྲུབ་པ་ཞལ་གྱིས་བཞེས། ཞལ་གཟིགས་ནང་ལྟར་གྱི་ཞལ་འབག་གཤེན་ཉི་མའི་ཕྱག་བཟོ་འཁྲུལ་མེད་བྱིན་རླབས་དང་ལྡན་པ་བཞུགས་ཤིང་། སྒོ་ཐེམ་ནང་གི་རྡོ་ལ་ཞབས་རྗེས་བཞག་ནས། འདིས་ཡན་ལ་འདྲེ་གདོན་མི་ཡོང་བ་དང་རྣམ་པར་ཤེས་པ་འཛུལ་ཚད་ངན་སོང་དུ་མི་ལྟུང་བ་ཞལ་གྱིས་བཞེས་སོ། །གཞན་ཡང་མ་རྒྱུད་རྒྱལ་བ་རྒྱ་མཚོའི་ཞིང་ཁམས་སུ་ཕེབས་ནས། དབང་བསྐུར་ལུང་བསྟན་ཐོབ་ཚུལ་མཇལ་སྣང་ལུག་གུ་རྒྱུད་ཀྱི་གཏེར་ཕྲེང་དང་། ལྷ་མོ་བཟང་བཟའ་རིང་བཙུན་དང་དྲིས་ལན་མཛད་ཅིང་། གཟུངས་ཐག་ནོར་བུའི་རྟོག་བསྒྲིལ་གྱི་བྱུང་བཤད་སོགས། མ་རྒྱུད་དབང་ལུང་མ་ཐོབ་པར། བལྟ་མི་རུང་བའི་བཀའ་གཉན་སྟབས་ཀྱིས་འདིར་མ་བྲིས་སོ། །
སྐུའི་ཞིང་བཀོད་བརྗེས་དུས་ཀྱང་། དབྱར་གྱི་དྲོ་ཆུ་བོལ་ནུབ་ཙམ་ལ་བརྒལ་བའི་འཚེར་བ་ཙམ་ཡང་མེད་པར། འདའ་དགའ་འཆི་བྲོད་གསུངས་ཤིང་། ནམ་མཁའ་འཇའ་ཚོན་འོད་ཀྱིས་ཁེངས་ཤིང་མེ་ཏོག་གི་ཆར་བབས། དགོངས་དབྱིངས་སྐད་ཅིག་མ་ལ་མཁའ་སྤྱོད་གསང་བའི་གནས་མཆོག་གཡུང་དྲུང་བཀོད་པ་བརྡལ་བའི་ཞིང་ཁམས། མཁའ་འགྲོ་རྒྱ་མཚོའི་དབུས་སུ། མ་རྒྱུད་གསང་བའི་བོན་བསྐོར་དུ་གཤེགས་སོ། །རྗེས་འཇུག་རྣམས་ཀྱི་མོས་རྟེན་དུ། ཞི་ཁྲོའི་ལྷ་རྟེན་ཡིག་འབྲུ་བསམ་འདས་དང་། ལྷག་པར་སྐུའི་རྟེན་དུ་ཀུན་ཏུ་བཟང་བོ། གསུང་རྟེན་རྫོགས་སྐུ་མཁའ་འགྱིང་། ཐུགས་རྟེན་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་། གདུང་ཤ་རི་རམ་གསེར་མདོག་ལ་ཨ་ཡིག་འབུར་དུ་དོད་པ་སོགས་བསམ་གྱི་མི་ཁྱབ་པ་རང་བྱོན་དུ་འཁྲུངས། བསྟན་དང་འགྲོ་བའི་རྩ་ལག་རྒྱལ་བ་གཉིས་པའི་མཆོག་སྤྲུལ། མཚན་ཐོས་པ་ཙམ་གྱིས་ཆོག་པའི། བོད་ཁ་བའི་ལྗོངས་ཀྱི་འདྲེན་སྟོན། གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་། གཤེན་ཉི་མ་རྒྱལ་མཚན་གྱི་རྣམ་ཐར་འབྲིང་བོའི་ཚུལ་འདི་ནི། དམུ་རྒྱལ་གོང་མ་མཚུངས་མེད་ལུང་རྟོགས་ཀྱི་གཤོག་རླབས་མངའ་བའི་ཁྱུང་ཆེན་རིམ་བྱོན་གྱི་རྗེས་འཇུག་པ། བདག་འདྲ་ཐོས་མེད་སྦུང་ཆུང་བྷྲ་མ་ར་ལ་ཅོ་འདྲི་བ་མི་འགྱུར་གཙུག་ཕུད་དབང་རྒྱལ་དུ་འབོད་པས། དད་འདུན་མོས་པའི་སྒོ་ནས་ཡི་གེར་བཀོད་ཀྱང་། སློབ་སྦྱོང་གི་ཡོན་ཏན་ཆ་ཕྲ་བའི་སྐྱོན་གྱིས། ནོར་འཁྲུལ་ར་ཆོད་དུ་གྱུར་པ་ཅི་མཆིས། བླ་མ་ཡི་དམ་མཁའ་འགྲོའི་སྤྱན་སྔར་མཐོལ་ལོ་བཤགས་ཤིང་། འདི་བཞེངས་དགེ་བའི་རྩ་བ་གང་ལགས་པ་དེས། གཡུང་དྲུང་བོན་གྱི་བསྟན་པ་རབ་ཏུ་དར་བ་དང་། དེ་འཛིན་སྐྱེས་བུ་གནས་འདི་དང་ཕྱོགས་གང་དང་གང་དུ་བཞུགས་པ་ཚང་མའི་སྐུ་ཚེ་ཞབས་པད་བརྟན་ཅིང་། འགྲོ་དོན་ཕྲིན་ལས་རྒྱས་པ་དང་། མ་གྱུར་འགྲོ་བ་ཀུན་ཀྱང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཅིང་། རྣམ་པར་དཀར་བའི་དགེ་ཚོགས་གོང་ནས་གོང་དུ་འཕེལ་བ་དང་། མཐར་ཡང་བླ་མེད་གཡུང་དྲུང་སྙིང་བོ་ཐོབ་པའི་རྒྱུ་རུ་བདག་གིས་བསྔོ་ཞིང་། བསྔོས་པ་ཇི་བཞིན་འགྲུབ་པར་གྱུར་ཅིག །
དྲུང་ཆེ་བསོད་ནམས་གཡུང་དྲུང་ལགས་ནས་མཁོ་སྤྲོད་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུའོ། །