ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ༢༽མཉམ་མེད་ཤེས་རབ་རྒྱལ་མཚན།
༢༽མཉམ་མེད་ཤེས་རབ་རྒྱལ་མཚན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བཙུན་པ་གྲགས་པ་རྒྱལ་མཚན།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

    ༢༽རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སློབ་དཔོན་སྤྱན་གཅིག་པ་ཆེན་པོའི་རྣམ་ཐར།

 བཞི་བ་བསྟན་པའི་བྱ་བ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་སྒྲུབ་པའི་ཚུལ་ནི། སྟོད་དབུས་གཙང་རུ་བཞི་མན་ཆད། སྨད་རྒྱལ་མོ་དར་རྩེ་ཡན་ཆད་ཀྱི་བོན་གནས་རྣམས་སུ་ཐུགས་དམ་ཆུ་བོའི་རྒྱུན་བཞིན་དུ་མཛད་ནས། ལྷག་པའི་ལྷ་དང་བསྟན་སྲུང་མང་པོའི་ལུང་བསྟན་མང་དུ་བྱུང་། དེ་ནས་མཐའ་ཡས་པའི་སེམས་ཅན་གྱི་དོན་དུ། ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་པའི་ཐུགས་བསྐྱེད་ཁྱད་པར་ཅན་འཁྲུངས་ཏེ། མེ་ཕོ་སྟག་གི་ལོ་དགུང་ལོ་སུམ་ཅུ་སོ་གཅིག་གི་སྟེང་དུ། ཡུལ་དབུས་གཙང་དག་པའི་ཞིང་དུ་ཕྱག་ཕེབས་སོ། །དེ་ནས་མཁས་ཤིང་གྲུབ་པ་ཐོབ་པ་རྣམས་ཀྱི་དྲུང་དུ། ཕྱི་ནང་གསང་གསུམ་གྱི་བོན་སྡེ་མཐའ་དག་ལ་མཁས་པ་ཆེན་པོ་མཛད་དོ། །དེ་ནས་བཟུངས་ཏེ། སློབ་མ་ཤེས་རབ་ཅན་མང་པོ་ལ་བཤད་ཉན་གྱི་དབུ་བཙུགས་ནས། ཐམས་ཅད་མཁྱེན་པའི་སློབ་དཔོན་སྤྱན་གཅིག་པ་ཆེན་པོ་ཞེས་སྙན་པའི་གྲགས་པས་ས་སྟེང་མ་ལུས་པ་ཁྱབ་པར་མཛད་དོ། །དེ་ནས་མཁན་སློབ་གོང་མ་རྣམས་ཀྱི་རྗེས་སུ་བཟུངས་ཤིང་། བསྟན་པ་རིན་པོ་ཆེ་དར་རྒྱས་སུ་མཛད་པར་དགོངས་ནས། ལྷོ་སྟོད་ནས་གཡུང་དྲུང་ཡེ་ཤེས་ཀྱི་མཁན་བུ། དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་དངོས་ཀྱི་དྲུང་དུ། མཁན་སློབ་དཔང་པོ་ལོ་ཙཱ་བ་དང་། གཞན་ཡང་བཤེས་གཉེན་དམ་པ་དྲང་སྲོང་རྨ་མེད་བཅུ་ཕྲག་ཙམ་གྱི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ལེགས་པར་མནོས་སོ། །དེ་ཕན་ཆད་ཕྱིའི་ཚུལ་བཅུ་གསུམ། ནང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ། རྩ་བ་དང་ཡན་ལག་ཕྱོགས་མཐུན་དང་བཅས་པ་རྣམས་ཁོག་པའི་སྙིང་དང་། དཔྲལ་བའི་མིག་བཞིན་དུ་གཅེས་སྤྲས་ཆེན་པོ་མཛད་ཅིང་། སླར་ཡང་བཤེས་གཉེན་དམ་པ་འབུམ་ཕྲག་ཙམ་ལ་སྡོམ་པ་འབོགས་ཤིང་མཁན་སློབ་མཛད་དོ། །རྗེ་ཉིད་ཀྱི་གསུང་ལས་ཀྱང་། གཞན་ཡང་བཤེས་གཉེན་དམ་པ་ལ་ལའི་འདུལ་བརྒྱུད་ནི། སེམས་ཅན་ལས་ཟད་པའི་དབང་ངམ། རྒྱུད་འཛིན་གྱི་གོ་མ་ཆོད་པའམ། རྨོངས་པ་རྣམས་ཀྱི་དམན་པ་ལ་མཆོག་ཏུ་འཛིན་པའི་དབང་གིས་ཆད་པར་མངོན་ནོ། །དེས་ན་མཁས་པ་དང་འདུལ་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་འཇིག་རྟེན་གྱི་སྣང་བ་དོར་ནས། བསྟན་པ་དང་སེམས་ཅན་ལ་ཕན་པའི་ཕྱིར་དུ། དཀའ་བ་དང་དུ་ལོངས་ཤིག་ཅེས་གསུངས་སོ། །འདི་སྐད་ཅེས། འགྲོ་ཀུན་བདེ་ལེགས་ས་ལ་དགོད་པ་དང་། །བསྟན་པ་རིན་ཆེན་རྒྱས་པར་བྱ་བའི་ཕྱིར། །ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་རབ་གནས་ཤིང་། །རྨད་བྱུང་སྤྱོད་པའི་ཁུར་ཆེན་མི་ངལ་ཞིང་། །བསྟན་པའི་མངའ་བདག་ཁྱེད་ལ་གུས་པས་བསྟོད། །དེ་ཡང་འདི་ལྟར་སྤྱིར་ཡང་དབུས་གཙང་ཁམས་གསུམ་ཀུན་ནས་སྡེ་པ་མང་པོས་དགོན་སྡེ་རྣམས་སུ་བཞུགས་པར་ཞུས་བ་དང་། སའི་དམིགས་རེ་ཕུལ་ནས་དགོན་པ་འདེབས་པའི་ཞུ་བ་མང་དུ་ཕུལ་ཡང་ཐུགས་མ་བཞེད། བཤད་ཉན་གྱི་བཀའ་བབས་རྒྱལ་རིགས་བྲུ་ཚང་ཡིན་པས། ཁོང་རྣམས་ཀྱི་བསྟན་པའི་རོགས་ལྡན་མཛད་པར་དགོངས་ཏེ། གཡས་རུ་དབེན་ས་ཁ་རུ་ཕེབས་ནས་བྲུ་ཤའི་གདུང་འཛིན་ཆེན་པོ་ཡེ་རྒྱལ་བ་དང་། གཞོན་རྒྱལ་བ་རྣམ་གཉིས་ཀྱིས་རྒྱལ་ཐེབས་མཛད་པའི་ཞུ་བ་ཡང་ཡང་ཕུལ་ནས་དབུས་རྩེ་དཀར་དམར་དང་མཁར་སྣ་རྣམས་སུ་བཞུགས་ནས། ཉ་མཆོད་རྒྱུན་གཏོར་དང་། དཀར་ངོ་ཐམས་ཅད་ལ་བཤད་ཉན། མར་ངོ་རྣམས་ལ་སྒྲུབ་པ་དང་བཅའ་ཁྲིམས་ལ་སོགས་ཅི་རིགས་པ་མཛད། ད་ནི་ལུང་བསྟན་ཅི་ལྟ་བ་བཞིན་དུ་ཐོག་ཏུ་ཕེབས་པ་དང་། བླ་མའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། དགུང་ལོ་ལྔ་བཅུ་ཤིང་མོ་བྱའི་ལོ་ལ་སྨན་རིའི་ཞོལ། གཡག་ཆེན་ཕུག་ཏུ་དགོན་པ་འདེབས་པའི་གྲབས་མཛད་དེ། དཔོན་སློབ་རྣམས་ས་ཆར་གཟིགས་རྟོག་ལ་ཕེབས་ནས། དབྱར་ཐོག་གཅིག་ཏུ་ཆར་ཐེར་ཕུབ་ནས་བཞུགས་སོ། །ལུང་པ་དེའི་ནང་དུ་གཏན་དུ་བཞུགས་པའི་མཐའ་བཞི་བསོད་ནམས་རྒྱལ་མཚན་ཞེས་བྱ་བ་ཞིག་གི་རྨི་ལམ་དུ་ཁྱེད་འདི་རུ་མ་འདུག་ཁྱེད་ལས་ལྷག་པའི་སྔོན་གྱི་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག་འདི་རུ་བྱོན་ནས་བཞུགས་པ་ཡིན་ཟེར་བས་འབོད་སྙམ་པ་བྱུང་ངོ་། །ཕྱི་ནས་རྟོགས་ལྡན་དེས་རིན་པོ་ཆེ་དང་མཇལ་བའི་ཚེ་ན། ང་ལ་གཟིམ་ལམ་འདི་ལྟ་བུ་བྱུང་བ་དེ་ཁྱེད་དཔོན་སློབ་འབྱོན་པའི་ལྟས་སུ་འདུག་གསུངས། ཨ་ལ་ལ་ངོ་མཚར་ཆེ། རྟེན་འབྲེལ་བཟང་གསུངས་སོ། །རྗེ་ཉིད་ཀྱི་རྨི་ལམ་ལ་ཡང་། ལུང་པ་དེའི་ནང་དུ་དར་གྱི་ཅོད་པཎ་ཁྲ་ལྟེམ་མེར་གང་བྱུང་པ་དང་། གཞན་ཡང་ལས་ལྡན་གྱི་སློབ་མ་འགའ་ལ་ཡང་། བླ་བྲང་གི་ས་དེ་ཉིད་དུ་དཔག་བསམ་ལྗོན་ཤིང་ཡལ་ག་ལོ་འབྲས་རྒྱས་པར་བྱུང་བ་རྨིས་པ་དང་། དགོན་པ་མ་འདེབས་པའི་སྔ་ལོ་ལ་རྫིའུ་འགས་གནས་དེ་ཉིད་དུ་ཕྱུགས་རྣམས་འཚོ་ན། དུང་དང་གྷན་དྷེའི་སྒྲ་ཡིས་ཕྱུགས་རྣམས་བསྐྲོགས་པ་ལ་སོགས་ཐམས་ཅད་ནས་རྟེན་འབྲེལ་ཤིན་ཏུ་བཟང་པོ་བྱུང་ངོ་ཞེས་ཡིད་ཆེས་པའི་སློབ་མ་འགའི་གསུང་ལས་ཐོས་སོ། །དེ་ནས་སྟོད་སྨད་བར་གསུམ་ཀུན་ནས་སྡེ་པ་མང་པོའི་འབུལ་བ་མང་དུ་བྱུང་བ་དང་། བྲུ་ཚང་རྣམས་ཀྱིས་མཐུན་རྐྱེན་མཛད་པ་དང་། རྟེན་འབྲེལ་ཐམས་ཅད་རང་འགྲིགས་སུ་སོང་། བླ་བྲང་ལ་སོགས་དགོན་པ་ཤག་དྲུག་ཅུ་ཙམ་རིང་པོར་མ་ཐོགས་པར་སྐད་ཅིག་ཉིད་ལ་གྲུབ་པའོ། །དགོན་པའི་མིང་ནི་བཀྲ་ཤིས་སྨན་རི་ཞེས་བྱ་བར་འདོགས་པར་མཛད་དོ། །སྟོད་མངའ་རིས་མན་ཆད་སྨད་རྒྱ་ཡི་མཆོད་རྟེན་ཡན་ཆད། བུ་སློབ་ཐམས་ཅད་མེ་ཏོག་གི་བཅུད་ལ་སྦྲང་བུ་འདུས་པ་བཞིན་དུ། ཕྱོགས་ཐམས་ཅད་ནས་སྤྲིན་དཔུང་བཞིན་དུ་རང་གི་ངང་གིས་འདུས་སོ། །དེ་ནས་སངས་རྒྱས་སེམས་དཔའ་རྣམས་ཀྱི་བཅའ་གཞི་བཞིན་དུ། གླིང་གི་བཅའ་ཁྲིམས་ལེགས་པར་མཛད་དེ། ཕྱོགས་བཞིར་ཐོ་བཞི་བརྩེགས་ཏེ་དེ་ཚུན་ཆད་མི་ནག་པ་དང་སྐྱེས་དམན་འོང་དབང་མེད་པ་དང་། ཚོགས་སུ་སྡོམ་པ་མ་བླང་བར་གྲལ་ལ་འདུག་ས་མེད་པ་དང་། བླངས་ཀྱང་བླ་གོས་དང་གདིང་ལྷུང་མེད་པར་གྲལ་ལ་འདུག་དབང་མེད་པ་ལ་སོགས་ཁྲིམས་ཡིག་མི་འདྲ་བ་གསུམ་གྱི་བཀོད་པ་མཛད། དགོན་པ་རྣམས་ལ་ཀ་བར་གཉིས་པའི་ས་དང་། གཉིས་ཐོག་མཛད་པར་ཞུས་ཀྱང་མ་བཞེད། ང་རང་སྡེ་པ་ལུགས་སུ་མི་བྱེད། བདེ་བདེ་སྐྱིད་སྐྱིད་འདྲ་བ་ཁོ་ན་མི་འོང་། བྱ་བྲལ་གྱི་འཆད་ཉན་ཡིན་པས། སློབ་གཉེར་བ་ཁོ་ན་གཅིག་ལ་གཉིས་པ་ཙམ་གྱི་ཁང་ཆུང་ཙམ་གྱིས་ཆོག་གསུངས། གཞིས་ཀ་རིན་སྤུངས་བ་ལྟ་བུ་ཡོན་བདག་བྱེད་པར་འདུག་ཀྱང་མི་དགོས་གསུངས་སོ། །དེས་ན་བསྟན་པའི་དོན་ཁོ་ན་མ་གཏོགས་འཇིག་རྟེན་འདིའི་ལུགས་ཁེ་གྲགས་སྙན་པ་ཟོག་པོ་ལ་སོགས་མི་མཛད་དོ། །དེ་ལྟར་མོད་ཀྱི་གདུལ་བྱ་ལས་དག་མ་དག་གི་ཁྱད་པར་མཐོང་ཚུལ་མི་འདྲ་བ་ཡོད་པ་དང་། དུས་རྟག་ཏུ་གདུལ་བྱ་རྒྱ་མཚོའི་དབུས་ནས་ཕུན་སུམ་ཚོགས་པའི་ཡོན་ཏན་དང་། བྱིན་རླབས་གཟི་བརྗིད་ལྟ་བས་མི་ངོམས་པར་བཞུགས་པ་ལགས་སོ། །དེ་ནས་བསྟན་པ་ཡུན་དུ་གནས་པའི་ཕྱིར་དུ། ཉ་མཆོད། རྒྱུན་དགུ་གཏོར། གསོ་སྦྱང་ལ་སོགས་དཀར་ངོ་ཐམས་ཅད་ལ་བཤད་ཉན། མར་ངོ་ཐམས་ཅད་ལ་སྒྲུབ་པ་ལ་ཞུགས་པར་མཛད། དེ་ཡང་ཞི་ཁྲོ་དང་། ཕུར་པ། གེ་ཁོད། ཚེ་དབང་། དྲན་པ་རྣམ་རྒྱལ། རྣམ་དག་མུན་སེལ་ཀེང་ཙེ་བོན་སྐྱོང་གཉིས། གཉན་དང་པོམ་ར་ལ་སོགས་སྒྲུབ་པ་མང་དུ་མཛད་དོ། །མཛད་པའི་དུས་སུ་རང་རང་གི་གཞུང་དང་། ཕྱག་བཞེས་རྣམས་ལས་ཅི་ལྟར་གསུངས་པ་ལྟར། ལོ་དང་ཟླ་བ་སྐར་མ་གཟའ་ཕྱོགས་ལ་ལེགས་པར་བརྟགས་ནས་སྒྲུབ་པ་མཛད། བཤེས་གཉེས་དམ་པ་ལ་ལའི་ཕྱག་ལེན་ལྟར། བུམ་པ་ཙམ་ལ་བརྟེན་པ་དང་། གཏོར་མ་དང་རྡུལ་ཚོན་ཙམ་ཁོ་ན་ལ་བརྟེན་པར་མི་མཛད་ཅིང་། སོ་སོ་རང་རང་གི་གཞུང་ལས་བྱུང་བ་ཅི་ལྟ་བ་བཞིན་དུ། རྟེན་རྫས་དང་སྒྲུབ་རྫས་རྣམས་ལོ་དང་ཟླ་བའི་གོང་ནས་ཚགས་སུ་གཞུག་གསུངས་པ་ལྟར་དུ་མཛད། སྒྲུབ་པ་ལ་ཞུགས་ནས་ཕྱི་རྟགས་ནང་རྟགས་གསང་རྟགས་ལ་སོགས་ངེས་པར་ཐོབ་པར་མཛད་ཅིང་། ཞི་རྒྱས་དབང་དྲག་གི་ལྷ་ཚོགས་རྣམས་ཀྱི་ཞལ་མངོན་སུམ་དུ་གཟིགས་ཤིང་། དེར་བརྟེན་དུས་ཆེན་ཁྲོ་ཕུར་བཀའ་སྐྱོང་སོགས་ཀྱི་གྱེར་ཆེན་གདངས་དབྱངས་མང་པོ་གསུངས་པས། ཞི་རྒྱས་དབང་དྲག་གི་ལྷ་ཚོགས་བསྟན་པ་སྲུང་བའི་བོན་སྐྱོང་རྣམས་བྲན་བཞིན་དུ་འཁོལ་ཞིང་། ལས་རྣམས་ཐོགས་པ་མེད་པར་སྒྲུབ་པའོ། །ལྷ་ཞལ་གཟིགས་སམ་ཞུས་པའི་ཚེ་ན། གནས་ལུགས་ཀྱི་དོན་རྟོགས་ན་ལྷ་ཞལ་གཟིགས་པ་ཡིན། གསུངས་པ་ཙམ་མ་གཏོགས་པ་འདི་མཐོང་འདི་ཚོར་ཞལ་ནས་གསུངས་པ་མེད་ཅིང་། འོན་ཀྱང་སྒྲུབ་པ་མཛད་པའི་དུས་སུ། ཕྱོགས་ཐམས་ཅད་སྨན་གྱི་ངད་པ་ཅི་ལིར་བྲོ་བ་དང་། རྗེ་ཉིད་ཀྱི་སྐུ་ལ་འོད་ཁ་དོག་སྣ་ལྔས་གཡོགས་ནས། སྐུ་མི་མངོན་པར་བདག་གི་བླ་མ་དང་། ལས་ལྡན་གྱི་སློབ་མ་འགའ་ཡིས་གཟིགས་སོ། །དེ་ནི་ལྷ་ཚོགས་མང་པོའི་ཞལ་གཟིགས་པའི་རྟགས་ངེས་པ་ཅན་དུ་འདུག་གོ །བུམ་ཆུ་ལ་སོགས་ཀྱིས་གདོན་དང་ནད་ཀྱི་རིགས་ཐ་དག་ལ་སྐྱོབས་ནུས་པ་ཡིན་ནོ། །དེ་ཡང་རྗེ་ཉིད་ལ་ལྷ་ཞལ་གཟིགས་པ་དང་མ་གཟིགས་པ་ཁྱད་པར་མེད་ཅིང་། དེ་བཞིན་བསྒྲུབ་བྱ་སྒྲུབ་བྱེད་ཐམས་ཅད་དང་བྲལ་མོད་ཀྱང་། གདུལ་བྱའི་སྣང་ངོ་ཙམ་གྱི་ཁོ་ནར་ཟད་དོ། །དེ་ཡང་འདི་ལྟར། སྔོན་ཚེ་གོང་ནས་ལྷ་དང་དཔོན་གསས་དང་། །གཞལ་ལས་མཆེད་ལྕམ་བདག་གིས་ལྷ་སྒྲུབ་པ། །དུས་འདིར་སྒྲིབ་པ་བྱང་ནས་ལྷ་ཞལ་ཁུམས། །ཞལ་མཐོང་གྲུབ་པ་ཡེ་ཤེས་ལྷ་རུ་གསལ། །བདག་དང་གཉིས་མེད་ཀུན་བཟང་ངང་ལ་བདེ། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་བོན་སྐྱོང་རྣམས་ཀྱི་སྒྲུབ་པ་མཛད་པའི་ཚེ་ན། སྒྲུབ་ཁང་སྟེང་འོག་བར་ཀུན་ཏུ་འུར་སྒྲ་ཐུག་ཆོམ་དང་། འོད་མུན་ནག་འཐིབས་པ་དང་དེ་སོགས་ལས་རྣམས་གྲུབ་པའི་རྟགས་དུ་མ་ཡོད་པ་ཡིན་ནོ། །ཞེས་སྒྲུབ་པ་ལ་འཁོད་པའི་སློབ་མ་དག་གིས་གསུངས་སོ། །སྤྱིར་ཡང་བསྟན་པའི་དགྲ་བོ་དག་ལ་དམིགས་ནས་སྒྲུབ་པ་མཛད་ན། གྱི་གྲན་གཏིང་བརླག་ལ་འགྲོ་བ་ཐེ་ཚོམ་མེད་ཀྱང་། ཞལ་ནས་སྨོད་པ་ཅུང་ཟད་ཙམ་གསུངས་པ་ཡང་། ཕ་རོལ་པ་དེ་ལ་མི་འདོད་པ་སྣ་ཚོགས་འབྱུང་ཞིང་། ཆོ་འཕྲུལ་འཇིགས་ཤིང་སྐྲག་པའི་ལྟས་མང་པོ་འོང་ངོ་། །དེའི་རྣམ་ཐར་ལ་བརྟེན་ནས་རྗེ་དེ་ཉིད་ཀྱི་སློབ་མར་གྱུར་ཚད་དབུས་གཙང་ཁམས་གསུམ་ཀུན་ཏུ་འགྲོ་ཡང་། མི་ཡི་གནོད་པ་ལྟ་ཅི་སྨོས། མི་མ་ཡིན་དང་འབྱུང་པོའི་གནོད་པས་ཀྱང་མི་ཚུགས་སོ། །དེ་ནི་རྗེ་ཉིད་ཀྱི་ཐུགས་རྗེ་བྱིན་རླབས་དང་། ལྷག་པའི་སེམས་པ་གཞལ་དུ་མེད་པའི་རྟགས་སོ། །དེ་དག་ལ་འདི་སྐད་ཅེས། ཞི་རྒྱས་དབང་དྲག་ལྷ་ཚོགས་ལེགས་གྲུབ་ཅིང་། །དེའི་མཐུ་སྟོབས་བསམ་གྱིས་མི་ཁྱབ་ཅིང་། །བསྟན་སྲུང་རྣམས་ཀྱིས་དགོངས་པའི་དོན་རྣམས་སྒྲུབ། །ལོག་ཕྱོགས་བདུད་རིགས་རྣམས་ཀྱིས་གེགས་མི་ནུས། །དེ་འདྲའི་སྐྱེས་བུ་བསོད་ནམས་ངོ་མཚར་ཆེ། །རིང་པོར་མི་ཐོགས་སྐུ་གསུམ་ཐོབ་བམ་སྙམ། །བདག་སོགས་གདུལ་བྱ་འགྲོ་བ་ཅི་སྙེད་པ། །དུས་རྣམ་ཀུན་ཏུ་ཐུགས་རྗེས་བསྐྱབ་ཏུ་གསོལ། །དེ་ཡང་འདི་ལྟར་མཁས་པ་ལ་ལ་ནི། ཐོས་བསམ་གྱི་བྱ་བ་ཁོ་ནས་དུས་འདས་ནས། རྩེ་གཅིག་ཏུ་སྒྲུབ་པ་མི་མཛད། ལ་ལ་ནི་ཐོས་བསམ་གྱི་བྱ་བ་བཤོལ་ནས། དབེན་པའི་གནས་སུ་སྒྲུབ་པ་ཁོ་ན་མཛད། ལ་ལ་ནི་འཆད་པ་དང་རྩོད་པ་ལྷུར་བླངས་ནས། རྩོམ་པ་མི་མཛད་ན་འཆད་པ་གཙོ་བོར་མཛད། མདོར་ན་བོད་གངས་ཅན་ཁྲོད་འདིར། འཆད་རྩོད་རྩོམ་གསུམ་ཆ་མཉམ་པར་མཛད་པ་དང་། བཤད་སྒྲུབ་གཉིས་ཀ་སྤེལ་བར་མཛད་པ་ནི། རྗེ་རིན་པོ་ཆེ་ཉིད་ལས་ལྷག་པའི་གཞན་ནས་བྱོན་པ་མེད་དོ། །འཕྲལ་དུ་སྒོ་གསུམ་གྱི་བྱ་བ་ཐམས་ཅད་སྙོམ་ལས་ཀྱི་དབང་དུ་མི་བཏང་ཞིང་། དེའི་ཡོན་ཏན་གྱིས་སློབ་མ་རྣམས་ཀྱང་རིང་པོར་མ་ཐོགས་པར། ཕྱི་དང་ནང་དང་གསང་བའི་ཡོན་ཏན་དུ་མ་ཞིག་གིས་བརྒྱན་ནས། བསྟན་པ་ལ་ལྷག་པར་ཕན་པར་འདུག་གོ །གཞན་ཡང་རྗེ་ཉིད་གང་ན་བཞུགས་པའི་ས་ཕྱོགས་དེར། ནད་ཡམས་མུ་གེ་དུས་ཀྱི་འཁྲུགས་པ་ལ་སོགས་མི་འབྱུང་ཞིང་། ཡོན་བདག་རྣམས་ལ་ལོ་ལེགས་པ་དང་། འབྱོར་པ་ཆེ་བ་དང་། བཀྲ་ཤིས་པ་ཁོ་ན་འབྱུང་ངོ་། །ཡང་དུས་རེ་ཞིག་གི་ཚེ། རྗེ་ཉིད་བདེ་བ་སྒང་དུ། བློ་གྲོས་རིན་པོ་ཆེ་བའི་བཤད་ཁྲིད་ལ་མཇལ་དུ་བྱོན་པའི་ཚེ་ན། བཤད་ཁྲིད་དེའི་སྟེང་ན་རྗེ་ཉིད་ཀྱིས་བོན་གསུང་མྱོང་བ་དང་། སློབ་མ་རྣམས་གྲལ་ལ་འཁོད་པའི་ས་ཆའི་རིམ་པ་རྣམས་ཐུགས་ལ་གསལ་བར་ཤར་པའི་ཚེ། འོ་ལེགས་སོ་ངོ་མཚར་ཆེ་གསུངས་ནས་ཤིན་ཏུ་ཐུགས་དགྱེས་སོ། །ཞེས་བདག་གི་བླ་མ་དྲིན་ཅན་རྒྱལ་ཚབ་པས་གསུངས་སོ། །དེས་ནས་འ་ཞ་བློ་གྲོས་རིན་པོ་ཆེ་སྐྱེ་བའི་སྤྲུལ་པ་ཡིན་པ་ཐེ་ཚོམ་མེད། སྤྱིར་ཡང་འ་ཞ་བློ་གྲོས་ཀྱི་གྲུབ་མཐའ་དེ་ཉིད་སྐྱོང་བར་མཛད་དོ། །དེའི་རྒྱུ་མཚན་གྱིས་འགྲོ་མགོན་བློ་གྲོས་ཀྱིས་བརྩམས་པའི་གསུང་རབ་མཐའ་ཡས་པ། སྟོད་སྨད་བར་གསུམ་ཀུན་ལ་ཡོད་པ་རྣམས་ཀྱང་། རང་ཤུགས་ཀྱིས་ཕྱག་ཏུ་ཕེབས་སོ། །ཡང་རེ་ཞིག་གསེར་སྒོའི་ཉེ་འདབས་ན་དམུ་རྒྱལ་ཉི་མའི་དབང་པོ་དང་རྗེ་གཉིས་ཀྱིས་བསྟན་པའི་ལ་རྒྱར་དམིགས་ནས་ཉི་འོད་རྟར་ཞོན་ན་བཟའ་སྲབ་མདར་བཀལ་བ་དང་། མཁའ་ལ་འཕུར་ནས་ཉི་མར་ཉེ་བས་དབུ་ཞྭ་ཉི་འོད་ཀྱིས་འཚིགས་པ་སོགས་གྲུབ་རྟགས་ཁྱད་འཕགས་བསྟན་པར་མཛད། ཡང་རེ་ཞིག་གི་ཚེ་ན། རྗེ་ཉིད་དཔོན་སློབ་རྣམས་ཕྱུག་མོ་རི་ལ་བྱོན་པའི་ཚེ་ན། ལམ་དུ་སྡེ་པ་ཞིག་གིས་རྫོང་ལ་ཕྱག་ནས་འདེབས་པའི་ཞུ་པ་ཕུལ་ནས། རྫོང་ལ་སྤྱན་དྲངས། འབུལ་བ་མང་དུ་བྱས་ནས་ཕྱག་ནས་འཐོར་བར་མཛད་དོ། །ཕྱི་ནས་སྡེ་པ་དེ་ལ་དམག་མི་འབུམ་ཕྲག་ཙམ་གྱིས་བསྐོར་ཀྱང་རྫོང་ལ་གནོད་པ་སྨོས་ཀྱང་ཅི་དགོས། ཕྱག་ནས་ཕོག་ཚད་ལ་གནོད་པས་མ་ཚུགས་སོ། །དེ་ནས་ཡུལ་ཕྱོགས་དེའི་སྡེ་བ་འཁོར་དང་དམག་མི་དང་བཅས་པ་རྣམས་དད་པ་སྐྱེས། ཕྱི་ནས་སྡེ་བ་དེ་ཉིད་ཀྱིས་རྗེ་རིན་པོ་ཆེ་བའི་སློབ་མར་གྱུར་ཚད་ལ། བཀུར་སྟི་ཡང་དག་པ་བྱེད་དོ། །དེས་ན་མཐུ་སྟོབས་ཡང་དག་པ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་སོ། །དེ་ལ་འཕྲལ་དུ་ངོ་མཚར་ཆེ་བའི་རྣམ་པར་ཐར་པ་མང་དུ་ཐོས་ཏེ། རེ་ཞིག་མ་བྲིས་སོ། །སྐབས་སུ་བོན་འཆད་པའི་ཚེ་ན་རྗེ་ཉིད་ཀྱི་ཞལ་ནས་འོ་ལགས་ཁོ་རེ་ཚོ་བོན་གང་དགོས་ཉན་ཤོག ང་ལྟ་བུའི་སྐྱེས་མཆོག་དང་འཕྲད་པ་བསོད་ནམས་ཆེ་བ་ཡིན། ཁྱེད་རང་རྣམས་ཕར་རྒྱུགས་ཚུར་རྒྱུགས་བྱ་ནི་མི་དགོས། གང་དགོས་ང་ལ་ཞུས་པས་ཆོག བོན་རྒན་ང་ཡིས་སྲོག་ལ་མ་བལྟས། ཕྱི་ནང་གསང་གསུམ་གྱི་ལུང་གི་བྱུང་ཁུང་རྣམས་ལེགས་པར་བརྩམས་ནས་དཀའ་བ་མང་དུ་བྱེད་དགོས་པ་བྱུང་གསུངས་སོ། །དེ་ནི་ལུང་རྣམས་ལ་བདེ་སླ་མི་ཆོག་པའི་བརྡ་རུ་ངེས་པར་གོ་དགོས། འཕྲལ་དུ་སྐུ་ཅུང་ཟད་བགྲེས་པ་དང་། དགོང་ཇ་ཞལ་རེ་ཙམ་གསོལ་ན་ཞུས་པ་ཡང་། ཉི་མ་ཕྱེད་ཕན་ཆད་དུད་བ་མི་གཏོང་བ་ཁྲིམས་ཡིག་ལ་བལྟས་པས་ཆོག་མོད། ལར་རབ་ཏུ་བྱུང་བ་རྣམས་འདོད་པ་ཆུང་ཞིང་ཆོག་ཤེས་དགོས་པ་ཡིན། གྲུབ་ཆེན་གོང་མ་རྣམས་ཀྱིས་དམན་པའི་ས་འཛིན། ཧྲུལ་པོའི་གོས་གོན། ཕ་ཚན་གྱི་ཁེ་གྲགས་སྤངས། གཉེན་འདུན་གྱི་ཐག་པ་རྦད་ཀྱིས་བཅད་གསུངས་པ་ལྟར་དུ་དགོས་མོད། དེང་སང་གི་ཁྱེད་སློབ་གཉེར་བ་འགའ་ཞིག་གི་ཇ་ཡུན་རེ་ཙམ་ལ་ཐུན་བཅགས་པ་ལ་ཚེགས་མེད་གསུངས་སོ། །ཡང་དུས་རེ་ཞིག་གི་ཚེ་ན། དཔོན་སློབ་འགའ་དང་ཆས་ཏེ། ཕྱུག་མོ་དཔལ་རི་ལ་རིག་འཛིན་སྒྲུབ་པ་མཛད་དུ་བྱོན་ནས། སྔ་སོར་གང་ཟག་མོས་གུས་དང་ལྡན་པ་མང་པོས་གསང་ཕུག་བཙལ་དུ་ཕྱིན་ཀྱང་ངེས་པ་མ་ཪྙེད་པས། རྗེ་ཉིད་ནི་ཚེ་དབང་གི་སྤྲུལ་པའམ། བྱིན་གྱིས་བརླབས་པའི་སྐྱེས་བུ་ཡིན་པས། ངོ་མཚར་ཆེ་བའི་རྟགས་དུ་མ་ཞིག་དང་ལྡན་པ། ཉམས་དགའ་བའི་གནས་ངེས་པ་ཅན་ཞིག་ཪྙེད་དོ། །སྒྲུབ་པ་ལ་ཞུགས་ནས་རྗེ་ཉིད་ཀྱིས་ཚེ་དབང་གི་ཞལ་གཟིགས་ཤིང་གནས་ཆེན་བརྒྱད་ཀྱི་སྒོ་ནས་བསྟོད་པ་མཛད་དོ། །ཡང་པོམ་རའི་སྒྲུབ་པ་མཛད་པའི་ཚེ་ན། སྔར་བསོད་བློ་རིན་པོ་ཆེས་སྒྲུབ་པ་བཞིན་དུ། ཀུན་བཟང་གི་སྒྲུབ་པ་མཛད་དུས། པོམ་རའི་ཞལ་གཟིགས་པ། པོམ་རའི་སྒྲུབ་པ་མཛད་དུས་ཀུན་བཟང་གི་ཞལ་གཟིགས་རྣམས་ནི། རྗེ་ཉིད་ལ་ཅི་ལྟ་བ་བཞིན་དུ། གཟིགས་སྣང་གི་བཀོད་པ་གཅིག་ཏུ་འདུག་གོ །ཡང་རིན་པོ་ཆེ་ཉིད་ནི་ལ་མོ་རྩེའི་མཚོའི་གོང་ན་བཞུགས་པའི་དུས་སུ། སྨྲ་བའི་སེང་གེ་དང་། ཀེང་ཙེ་ལན་མེད་སྒྲུབ་པ་མཛད་པའི་དུས་སུ། བསྟན་པའི་བདག་པོར་འོང་པའི་རྟགས་སུ། ཉི་ཟླ་ཁོང་དུ་སོང་བ་རྨིས་པ་དང་། མཁའ་ལ་བྱ་བཞིན་འཕུར་བ་དང་། ས་ལ་མེ་ཏོག་འཐུ་པ་དང་། དེ་སོགས་ཡ་མཚན་ཆེ་བའི་རྨི་ལམ་མང་དུ་བྱུང་ངོ་། །སྲིད་རྒྱལ་དྲེལ་ནག་གི་ཞལ་གཟིགས་ཀྱང་དེའི་དུས་སུ་བྱུང་བ་ཡིན་ནོ། །ཞེས་སོགས་ཡིད་ཆེས་པའི་སློབ་མ་དག་གིས་གསུངས་སོ། །ཁྱད་པར་མི་བདུད་ནི་སྐྱེ་བ་སྔ་མ་རྣམས་སུ་ཡང་བསྟེན་ཅིང་བསྒྲུབས་ནས་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པ་དང་། སྐྱེ་བ་འདི་ལ་ལུས་དང་གྲིབ་མ་བཞིན་དུ་འཁོར་ཞིང་། མི་དང་མི་གཏམ་པ་བཞིན་དུ་ཕྲིན་ལས་གང་བཅོལ་ཐམས་ཅད་རྗེ་ཉིད་ཀྱིས་ཅི་ལྟར་གསུངས་པ་མྱུར་བར་སྒྲུབ་པར་བྱེད་དོ། །དེ་ནས་རྗེ་ཉིད་དགུང་ལོ་ལྔ་བཅུ་ཤིང་བྱ་ལོའི་སྟེང་དུ། སྨན་རི་བཏབས་ནས་ལོ་སྐོར་བཅུ་གཅིག་ཙམ་བར་དུ། གནས་དེ་ཉིད་ལ་ཞབས་བརྟན་པར་བཞུགས་སོ། །དེ་ནས་རྗེ་ཉིད་ཀྱི་སློབ་མ་མཁས་པ་ཆེན་པོ་མང་དུ་ཡོད་ཀྱང་། རྒྱལ་ཐེབས་སུ་བསྐོས་པ་ལ་རེ་ཞིག་རྒྱལ་ཚབ་ཆེན་པོ་རོང་པོ་རིན་ཆེན་རྒྱལ་མཚན་དང་། ཆབ་ལ་མཁས་པ་མེ་ཉག་བསོད་ནམས་རྒྱལ་མཚན་གཉིས་སོ། །དེ་ལས་རྒྱལ་ཚབ་དམ་པ་དེ་ཉིད་ཀྱིས་བཤད་སྒྲུབ་གཉིས་ལ་རྗེ་ཉིད་ཀྱིས་ཅི་ལྟར་མཛད་པ་ལྟར། སྲོལ་ལེགས་པར་བཙུགས་སོ། །དེ་དག་འདི་སྐད་དེ། བརྒྱ་བའི་མགོན་པོ་གཉིས་པ་བསྟན་འགྲོའི་མགོན། །བརྡ་དང་དངོས་ཀྱི་ལུང་བསྟན་ཐ་དག་ལྟར། །བསྟན་པ་འཛིན་སྐྱོང་སྤེལ་བའི་ཁུར་ཆེན་བཞེས། །མཉམ་མེད་ཤེས་རབ་རྒྱལ་མཚན་བརྗོད་དཀའ་བ། །འཛམ་གླིང་ས་སྟེང་དབྱར་རྔ་ལྡིར་བའི་ཚེ། །བསྟན་འཛིན་མདོངས་མཐའི་ཚོགས་རྣམས་དགྱེས་དགུས་བྲེལ། །ཞེས་པ་ལྟར་རྒྱལ་བ་དངོས་དང་མཚུངས་པའོ། །
      ལྔ་པ་འགྲོ་དོན་མཐར་ཕྱིན་པའི་ཚུལ་ལ་གཉིས་ཏེ། འགྲོ་དོན་རྫོགས་པའི་དུས་དང་རྗེས་བཞག་གི་རིམ་པའོ། །དང་པོ་ནི། རྗེ་རིན་པོ་ཆེ་མེ་ཕོ་སྤྲེལ་ལོ་ཡིན་པས། དགུང་ལོ་དྲུག་ཅུའི་སྟེང་དུ། ཤིང་མོ་ལུག་གི་ལོ་དབྱར་ཟླ་འབྲིང་པོ་ཡི་མར་ངོ་ལ་བླ་བྲང་དུ་སྒྲུབ་པ་མཛད། ཐ་ཆུང་གི་དཀར་ངོའི་ཚེས་གཅིག་ནས། རྗེ་ཉིད་ཀྱིས་འོ་ཅག་ཆུ་འགོ་ཕུག་ཏུ་འགྲོ་དགོས་གསུངས་ནས། སློབ་མ་འགའ་ལ་སྙན་བརྒྱུད་ཀྱི་འཆད་ཐུན་བཙུགས་ནས་གཟིམ་ཐེར་ཕུབ་ནས་བཞུགས་སོ། །སྨད་ནས་རྒྱལ་ཚབ་དམ་པས་བཤད་ཉན་མཛད་དོ། །དེ་ནས་ཞག་གྲངས་ཅི་རིགས་ནས། ས་གཡོ་བ་དང་། ཕན་ཚུན་རི་རྣམས་ངུར་བ་དང་། མཚན་མོར་འཇའ་ཟུག་པ་ལ་སོགས་མང་དུ་བྱུང་ངོ་། །ཅི་ཞིག་ནས་རིན་པོ་ཆེ་ཡི་སྐུ་ལ་བསྙུང་གཞི་ཅུང་ཟད་ཙམ་བྱུང་བ་འདྲ་བས། སྐབས་སུ་བོན་འཆད་པའི་ཚེ་ན། བསྟན་པ་ལ་ཨེ་ཕན་བསམ་ན་འཆད་ཉན་དགོས་པ་ཡིན། ཕྱོགས་ཕྱོགས་ཀུན་ནས་འཆད་ཉན་ལ་འབད་དགོས་གསུངས་སོ། །ཉིན་ལ་སློབ་མ་རྣམས་ལ་བོན་བཤད། མཚན་ལ་མི་མ་ཡིན་དང་ཀླུ་རྣམས་ལ་བོན་བསྟན་ཅིང་། སྨོན་ལམ་བཏབ་པར་མཛད་དོ། །སྦས་པའི་ཚུལ་གྱིས་རྒྱལ་ཚབ་དམ་པ་ལ་ལུང་བསྟན་ཅི་རིགས་པར་མཛད་དེ། འདི་ལྟར་ཁྱེད་ལ་དང་པོ་བསྟན་པ་ཚུགས་པ་དཀའ་བ་ལྟ་བུ་འོང་ཞིང་། ཕྱི་ནས་བསྟན་པ་དར་རྒྱས་སུ་འགྲོ་བ་ཡིན། སྐབས་སུ་ན་ཚ་ལན་ཅི་རིགས་པར་འོང་སྟེ། ཕུར་པའི་སྒྲུབ་པ་རེ་གྱིས་དང་མི་སྐྱོན། ནམ་ཞིག་ལོ་དྲུག་ཅུ་ཁ་རལ་ཙམ་ལ་བབས་པའི་ཚེ་ན་ངེས་པ་མེད་གསུངས་སོ། །ཕྱི་ནས་རྒྱལ་ཚབ་དམ་པ་ཆེན་པོས། ལུང་བསྟན་ཅི་ལྟ་བ་བཞིན་དུ་ཐོག་ཏུ་ཕེབ་པར་བྱུང་གསུངས་སོ། །དེ་ནས་སྐུ་རིམ་ལ་སོགས་མང་དུ་མཛད་ནས། བསྟན་སྲུང་མགོན་པོ་དང་། གདུལ་བྱ་རྣམས་ཀྱིས་མྱ་ངན་ལས་མི་འདའ་བར་བཞུགས་པའི་གསོལ་བ་བཏབ་བོ། །དེ་ལྟར་ཡང་ཚེས་པ་བདུན་ནས། དགུང་མོར་ཐུགས་དམ་ལ་བཞུགས་པའི་ཚེ་ན། ཉེ་གནས་ལ་འཁར་སིལ་དང་། རྣམ་སྦྱར་དང་། ལྷུང་བཟེད་རྣམས། སྐུ་དྲུང་དུ་ཞོག་གསུངས། ཚེས་བརྒྱད་ཀྱི་ཐོ་རངས་སྐྱ་རེངས་ཤར་ནས། ཐུན་མཛད་དེ་པད་ཞུ་དང་སྣམ་སྦྱར་ན་བཟའ་རྣམས་མི་འཁྲུགས་པར་གསོལ་ཅིང་། རྗེ་ཉིད་ཀྱི་ཞལ་ནས། ཡར་མེ་བ་ཆེན་པོ་ཡང་བོན་འཆད་པའི་ངང་ལ་གཤེགས་པ་ཡིན་པས། བདག་ཀྱང་དེ་ལྟ་བུ་བྱེད་པ་ཡིན། གསུངས་ནས། བོན་སྤྱོད་དགུ་རིམ་རྣམས་ངེས་པར་ཚར་ནས། གཞི་ངོ་སྤྲད་པ་ཅེར་མཐོང་ལྟ་བའི་ཁྲིད་ཀྱི་སྐབས་དེར། སྤྱན་དར་ཙམ་ནམ་མཁའ་ལ་གཟིགས་སོ། །དེ་ནས་རིང་པོར་མ་ལོན་པར་བདེ་བར་གཤེགས་སོ། །འདི་དག་ནི་རྒྱལ་ཚབ་དམ་པ་ཉིད་ཀྱིས་གསུངས་པ་རྣམས་བཀོད་པའོ། །འདི་དག་ལ་འདི་སྐད་ཅེས། བསྟན་པ་མཐར་ཕྱིན་འགྲོ་བའི་མགོན་པོ་ཉིད། །རྟག་པ་ཐེར་ཟུག་ལོག་ལྟ་སུན་འབྱིན་དང་། །གདུལ་བྱ་ཞིང་ཁམས་གཞན་དུ་དགོངས་པ་ཡིས། །རེ་ཞིག་མྱ་ངན་འདའ་དགོངས་སྙུང་ཚུལ་བསྟན། །བླ་མ་ཡི་དམ་མཁའ་འགྲོ་མང་པོ་ཡིས། །གཞའ་འོད་ལམ་མཚོན་རོལ་མོས་སྣ་དྲངས་ནས། །ནུབ་ཕྱོགས་སྟག་གཟིག་ཡུལ་གྱི་ཞིང་ཁམས་སུ། །གཤེན་གྱི་རྒྱལ་ཚབ་ཉིད་དུ་སྤྱན་དྲངས་སོ། །ད་ལྟ་མོད་ཀྱི་བསྟན་པའི་གཙོ་བོ་ཡང་། །བརྒྱ་བའི་དུས་ན་རང་གནས་དམ་པར་གཤེགས། །གཉིས་པ་རྗེས་བཞག་གི་རིམ་པ་ནི། དེ་ནས་ཞག་ཅི་རིགས་སྐུ་ཁམས་བསྙེལ་བའི་ལུགས་སུ་བྱས། དེ་ནས་གདུང་བླ་བྲང་དུ་གདན་དྲངས་ནས། རྗེས་མཇུག་བུ་སློབ་རྣམས་ཀྱི་དད་པའི་རྟེན་དུ། གཡུང་དྲུང་བཀོད་ལེགས་ཀྱི་གསེར་བུམ་བཞེངས་པའི་ནང་དུ་བཞུགས་སོ། །དེའི་ཚེ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་པ་དང་། ཀླད་ན་རྒོད་ལྡིང་བ་དང་། གཞའ་ཚོན་གྱི་གུར་ཕུབ་པ་ལས་སོགས་བྱུང་ངོ་། །དེ་ནས་དགུང་ཞག་བཞི་བཅུའི་བར་དུ་ཉིན་རེ་བཞིན་དུ་མང་ཇ་གསུམ་རེ་ཙམ་དང་། མཆོད་པའི་བྱེ་བྲག་མང་དུ་ཕུལ་ལོ། །ཕྱིས་བྱ་ལོ་ལ་སྤུར་དང་པོའི་ཚེས་ལྔ་ལ་བཞུས་ཏེ་རྟེན་རིང་བསྲེལ་མང་དུ་བྱུང་ངོ་། །དེ་ནས་ཕྱི་རབས་རྣམས་འདྲེན་པའི་སླད་དུ། སྐུའི་རྟེན་དུ་རྗེ་ཉིད་ཀྱི་གསེར་སྐུ་མདངས་ལྡན་བདུན། གསུང་གི་རྟེན་དུ་མདོ་གཟེར་མིག་ལ་སོགས་གསུང་རབ་མཐའ་ཡས་པ་དང་། ཐུགས་ཀྱི་རྟེན་དུ་རྣམ་པར་རྒྱལ་བའི་མཆོད་རྟེན། གཞལ་དུ་མེད་པའི་བྱིན་རླབས་དང་ལྡན་པ་རྣམས། རྒྱལ་ཚབ་དམ་པ་དེ་ཉིད་ཀྱིས་ལེགས་པར་གྲུབ་པར་མཛད་དོ། རྟེན་དེ་རྣམས་ཀྱི་དྲུང་དུ་ངོ་སྐལ་གྱི་མར་མེ་ཕུལ་བའི་ཚེ། འཛིན་ཅིང་སྣང་བ་མངོན་སུམ་གྱིས་གྲུབ་བོ། །འདི་སྐད་ཅེས། རྗེ་ཉིད་གང་དུ་འཁྲུངས་པའི་ས་དག་ལ། །གདུལ་བྱ་སློབ་མའི་ཚོགས་རྣམས་ཐམས་ཅད་ཀྱང་། །ཁྱེད་ཀྱི་ཐུགས་རྗེས་ནམ་ཡང་མི་གཏོང་བར། །འཕྲིན་ལས་བཟང་པོས་རྟག་ཏུ་སྐྱོང་བར་མཛད། །གཉིས་པ་ཐུན་མོང་མ་ཡིན་པའི་རྣམ་ཐར་ནི། དེ་ཡང་འདི་ལྟར་སྐྱེས་བུ་དམ་པ་འདི་ཉིད་རྒྱལ་བའི་རྣམ་སྤྲུལ་ཡིན་པར་ངེས་ཏེ། ཁ་བྱང་ལས། སྟོང་རྒྱུང་ང་ཡི་སྤྲུལ་པ་ལ། །སྤྱན་ལ་ཐོགས་མེད་བྱ་བ་འབྱུང་། །འཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན། །ཞེས་དང་། དྲན་པ་ང་ཡིས་བྱིན་བརླབས་པའི། །ཤེས་རབ་མིང་ཅན་བདུན་བརྒྱུད་འབྱུང་། །ཚད་གསུམ་ཟུང་འབྲེལ་འགྲོ་བ་འདྲེན། །ཞེས་དང་། རྗེ་ཉིད་ཀྱི་ཞལ་ནས་ཀྱང་། འདུལ་འཛིན་གྱི་སྐྱེས་བུ་རྣམས་ནི། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྲུལ་པ་དང་། བྱིན་རླབས་དང་འོད་ཟེར་དུ་ལུང་བསྟན་པ་ཡིན། གསུངས་པ་དང་། གཞན་ཡང་གྲུབ་ཐོབ་འགའི་ལུང་བསྟན་ཡོད་པར་སྣང་ངོ་། །ཞེས་སོགས་ལུང་བསྟན་གྱིས་ཡོངས་སུ་ཟིན་ཅིང་། རིག་པ་འཛིན་པའི་ས་ལ་བཞུགས་སོ། །དོན་དུ་ཕྱི་ལྟར་དྲང་སྲོང་རྒྱལ་བ། ནང་ལྟར་གསང་བ་འདུས་པ། གསང་བ་ལྟར་ཀུན་ཏུ་བཟང་པོའི་དགོངས་པ་རྩེར་ཆིབས་པའོ། །དེ་ལྟར་རྣམ་པར་ཐར་པ་འདི་ཡང་། བདག་གིས་བློ་བཟོ་དང་ཚོད་ཡོད་མ་ཡིན་པར་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི། ཞབས་ཟུང་ཡུན་རིང་དུ་བསྟེན་པར་བྱས་པས། ཐུགས་ཀྱི་བུམ་པ་གང་བྱོའི་ཚུལ་དུ་གྲུབ་པ་རྒྱལ་ཚབ་དམ་པ་རིན་ཆེན་རྒྱལ་མཚན་གྱིས་གསུངས་པ་ལས་ཐོས་པ་དང་། མཁས་གྲུབ་ཤེས་རབ་རིན་ཆེན་གྱིས་མཛད་པའི། ཨ་ཁྲིད་ཀྱི་རྣམ་ཐར་ཟུར་ཙམ་བསྟན་པ་དང་། བཤེས་གཉེན་དམ་པ་མངའ་རིས་བསོད་ནམས་རྒྱལ་མཚན་གྱིས་གསུངས་པ་རྣམས་དང་། གཞན་ཡང་རྗེ་རིན་པོ་ཆེ་ཉིད་ཀྱི་ཉེ་གནས། སློབ་མ་འགའ་ལ་གསུངས་པ་རྣམས་ཀྱང་། ཕྱོགས་གཅིག་བསྡུས་ཏེ་བཀོད་པའོ། །སངས་རྒྱས་སེམས་དཔའ་རྣམས་ཀྱི་མཛད་ཚུལ་ཤེས་དགོས་མོད། ད་རུང་སྒྲུབ་པར་མི་ནུས་ནམ་ཞིག་ནུས་ཙམ་ན། འབད་པར་བྱ་སྙམ་དེའི་རྒྱུ་མཐུན་འབྲས་བུ་ཡིས། སྐྱེ་བ་གཞན་རྣམས་དག་ཏུ་དེ་ལྟར་འགྱུར་བ་ན། གཡེལ་བ་མེད་པར་སྒོ་གསུམ་དགེ་ལ་འབད་པར་བྱ། མཁས་གྲུབ་ཁྱེད་ཀྱི་ཡོན་ཏན་དཔག་པར་དཀའ། །ཅུང་ཟད་འདི་བཀོད་བདག་གི་དཔེར་བརྗོད་ན། །ཟད་མེད་རྒྱ་མཚོའི་ངོགས་ལས་ཆུ་ཐིགས་ཙམ། །ཅི་བཞིན་བརྗོད་པར་མ་ནུས་ཉེས་པ་གང་། །མཁྱེན་ལྡན་མཁས་པའི་ཚོགས་ལ་བཟོད་པར་གསོལ། །དགེ་བས་འགྲོ་ཀུན་བྱང་ཆུབ་འཐོབ་ཕྱིར་བསྔོ། །འདི་ནས་རྣམ་མཁྱེན་མངོན་དུ་མ་བྱས་བར། །འཕྲོ་བཟང་བསྟན་པ་འདི་དང་མཇལ་བའི་དོན། །བདག་ཀྱང་ཁྱེད་ཀྱི་རྗེས་སུ་རབ་འབྲིང་སྟེ། །བོན་གྱི་སྙིང་ཁུ་བདུད་རྩི་ལེན་པ་དང་། །རང་གཞན་གཉིས་དོན་སྐུ་གསུམ་ཐོབ་གྱུར་ཅིག །སྐྱབས་གནས་ལྷ་དང་བཀའ་སྲུང་མཐུ་བྱིན་གྱིས། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་ན། །རྣམ་ཐར་ཕྲིན་ལས་ནམ་མཁའི་ཆར་བཞིན་དུ། །ཀུན་ཁྱབ་བཀྲ་ཤིས་ཡོངས་སུ་དར་རྒྱས་ཤོག །
      ཅེས་པའི་ཚུལ་འདི་ནི། རྒྱལ་བའི་སྲས་པོ་མཉམ་མེད་དམུ་ལ་འདུལ་བ་རིན་པོ་ཆེ་དང་། རྒྱལ་ཚབ་དམ་པ་རིན་ཆེན་རྒྱལ་མཚན་གཉིས་ཀྱི། ཞབས་རྡུལ་སྤྱི་བོར་ལེན་པའི་མང་དུ་ཐོས་པའི་བཙུན་པ་གྲགས་པ་རྒྱལ་མཚན་ལ། རྗེ་ཉིད་ལ་དད་པ་ཐོབ་པའི་སློབ་མ་མང་ཞིག་གིས་བསྐུལ་ནས། བོད་ཀྱི་འབུམ་འགྱུར་དུས་ཁྱད་པར་ཅན་ལ། བཀྲ་ཤིས་ཁང་གསར་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ། བཀྲ་ཤིས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག