ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ཀ་ལེགས་ཉི་མ་བསྟན་རྒྱལ།
ཀ་ལེགས་ཉི་མ་བསྟན་རྒྱལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བློ་གྲོས་རབ་གསལ།] [ཟླ་ཚེས། 10-08-22] [ཀློག་གྲངས། ]

                               __ རྣམ་ཐར་ངག་བཏུས།


ཡིན་ཚུལ་གཤིས་ཀྱི་བདེ་ཆེན་བདལ།
སྣང་རོལ་མཚན་དཔེའི་སྒྱུ་གཟུགས་བཞེངས།
ཤར་ལུགས་གང་འདོད་སྤྲུལ་གར་བསྒྱུར།
གདོད་མའི་གསུམ་སྐུས་བྱིན་ཆེན་སྩོལ།

རྟེན་གཡོའི་དཔལ་སྟེར་རྒྱན་གཅིག་པུ།
དཀར་གསལ་ཞལ་གཅིག་འཇོ་སྒེག་རྫོགས།
རིག་པའི་སྒོ་འབྱེད་ཕྱྭ་སྲས་ལྷས།
བདག་མགྲིན་རྩ་མདུད་སྦུབ་རྒྱ་ཧྲོལ།

བདག་འདྲ་བློ་ཆུང་ཁོང་དགེ་རྣམས།
བྱང་ཆུབ་སྒྲུབ་ལམ་ཞུགས་དུས་སུ།
བསྟན་སྲུང་སྡེ་དྲུག་ཚོགས་རྣམས་ཀྱིས།
འབྲལ་མེད་དུས་ཀུན་སྐྱོངས་བར་མཛོད།

       གངས་རི་ར་བས་སྐོར་བའི་ཡུལ་ལྗོངས་སམ་འཛམ་བུ་གླིང་གི་དབུ་རྩེར་གྲགས་པའི་མཐོ་སྒང་ཞང་བོད་ཀྱི་ཡུལ་སྟེ། ཞང་ཞུང་ལ་སྒོ་ཕུག་བར་གསུམ་གྱི་ནང་ནས་སྒོ་པ་གྱིམ་ཤོད་ཀྱི་ཡུལ་དང༌། བོད་མདོ་དབུས་ཁམས་གསུམ་ཞེས་དབུས་གཙང་ཆོས་ཀྱི་ཆོལ་ཁ་དང༌། མདོ་སྟོད་མི་ཡི་ཆོལ་ཁ། མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་ཆོལ་ཁ་གསུམ་གྱི་བར་མ་མདོ་སྟོད་མི་ཡི་ཆོལ་ཁའམ་ཆུ་བཞི་སྒང་དྲུག་གི་ནང་ནས་རྔུལ་ཆུ་དང༌། རྫ་ཆུ་གཉིས་ཀྱི་བར་དང༌། སྒང་དྲུག་ནས་རྔུལ་རྫ་ཟལ་མོའི་སྒང་རྒྱུད་དུ་མི་མིང་ས་ལ་ཐོགས་པའི་ཁྱུང་ཡུལ་གསེར་གཞོང་འཁྱིལ་བའི་ཡུལ་ལམ་ཁྱུང་ཡུལ་གྲུབ་ཐོབ་འབྱུང་བའི་ཕ་ས་ཞེས་ཀུན་གྱིས་བསྟོད་བསྔགས་ཀྱི་རོལ་མོ་འཁྲོལ་བའི་གནས་དེའོ། ཁྱུང་ཡུལ་གྲུབ་ཐོབ་འབྱུང་གནས་ལ་ཁྱུང་དཀར་ནག་སེར་གསུམ་གྱི་ལྷ་སྡེ་ཡོད་པའི་ནང་ནས་མི་རྗེ་ཁྱུང་དཀར་རྒྱལ་པོའི་མངའ་རིས་སུ་གཏོགས་པའི་གསེར་རུ་གཞུང་ཞེས་པའི་ས་ཆ་སྟེ། ཁྱུང་དཀར་དཔོན་གྱི་མངའ་རིས་སུ་གཏོགས་པའི་སྟོད་མ་རྫོགས་མདའ་ཁ་ཞེས་ཤེལ་ཞིག་བླ་རབས་མང་དུ་བྱོན་པའི་ས་ཆ་དེར་བོད་ས་བྱི་ལོའི་སྤྱི་ལོ་༡༨༨༨ལོར་ཤེལ་ཞིག་གི་གདུང་ལས་སྐུ་འཁྲུངས་ཅིང་ཚེ་དབང་རིག་འཛིན་གྱི་རྣམ་རོལ་དུ་ངོས་འཛིན། དགུང་ལོ་བརྒྱད་སོན་སྐབས་རྡོ་ལ་བཞག་པའི་ཞབས་རྗེས་དུས་ཕྱིས་རྟེན་གྲལ་དུ་བཞུགས་པ་མ་ཟད་ད་ལྟ་མངོན་སུམ་དུ་མཇལ་རྒྱུ་ཡོད། རམ་ཆེན་ཉ་ལ་མོ་འདྲེ་དམ་ལ་བཏགས་ནས་གྲུབ་རྟགས་རྡོ་བཅང་ཕྱག་རྗེས་བཅས་བཞུགས་ཡོད།

       སྐུ་ན་ཆེར་སོན་ནས་འབྲི་ཀློག་ལ་སོགས་དཀའ་ཚེགས་མེད་པར་མཁྱེན། གྲུབ་དབང་སྨོན་ལམ་རྒྱལ་མཚན་གྱི་མདུན་ནས་ཡབ་སྲས་སྔོན་འགྲོ་དང་དངོས་གཞི་སེམས་ཁྲིད་ཞུས་ནས་གཉུག་མའི་གཤིས་ལུགས་ལ་བསྐྱེད་རྫོགས་གཉིས་ཀྱི་གྲོགས་སྦྲན་ནས་ཉམས་རྟོགས་ལྷང་དུ་བརྡོལ། མི་དམངས་ཀྱི་ཤོད་སྲོལ་ལྟར་ན་ཀ་ལེགས་ཉི་མའི་ཕྱག་མདུད་ཀྱིས་སྤྱང་འགག་ལ་ཕན་ཐོག་ཆེར་པོ་ཡོད་པ་མ་ཟད། ཧོར་དང་སོག་སྡེར་བྱོན་སྐབས་རོ་ལངས་དམ་ལ་བཏགས་རྗེས་ཡུལ་དེ་གའི་མི་དམངས་ཀྱིས་དད་གུས་ཆེན་པོ་བྱས་པར་གྲགས། ཀ་ལེགས་དགོན་གྱི་བླ་རབས་བཅུ་བཞི་པའི་ཐུགས་འགན་བཞེས་ནས་བཟུང༌། བླ་མ་ཉི་མ་བསྟན་རྒྱལ་མཆོག་གི་སྐུ་དུས་སུ་ཆེད་མཁས་ཡོན་ཏན་ཅན་ཁྱུང་ཡུལ་སོགས་ས་ཕྱོགས་གང་དུ་བཞུགས་ཀྱང་ཀ་དགོན་དུ་གདན་འདྲེན་ཞུས་ནས་ཀ་དགོན་གྱི་བླ་གྲྭ་རྣམས་ལ་ཡོན་ཏན་སྦྱོང་བཅུག་པས། ཀ་ལེགས་དགོན་ནི་བཅུ་ཕྲག་རིག་གནས་ཀྱི་ཕ་སའམ་ཁྱུང་པོའི་གྲྭ་ས་བར་མ་ཞེས་མཚན་སྙན་རླུང་ལྟར་གྲགས། དགོན་འདི་ནས་འཚར་ལོངས་བྱུང་བའི་བོན་གཤེན་འདུལ་བ་འཛིན་པའི་སྐྱེས་བུ་རྣམས་ནི་ལུང་རྟོགས་ཡོན་ཏན་གྱིས་བྱུར་བུར་གཏམས་པའི་མཁས་པའི་དབང་པོ་ཤ་སྟག་ཡིན་ཞེས་བརྗོད་ན་མི་འགྲིག་པ་མེད། དེ་སྐབས་དགེ་འདུན་པ་བདུན་ཅུ་ལྷག་ཙམ་ཡོད་པ་དང༌། བླ་མའི་ཐུགས་རྗེ་ལ་བརྟེན་ནས་དགོན་འདི་སྐལ་ལྡན་དྭངས་བ་འདྲེན་པའི་དམིགས་རྐྱེན། འབྱོར་ལྡན་བསོད་ནམས་བསག་པའི་ཞིང་ས་ཡང་དག་པ་ཞིག་ཏུ་བསྐྲུན་གནང་མཛད། མ་ཟད་བླ་མ་ཉི་མ་བསྟན་རྒྱལ་མཆོག་ནས་བོན་རྙིང་མ་དང་གསེར་ཞུན་མ་ལྟ་བུ་བོན་དཔེ་མང་དག་ཞིག་ཆེད་མཁས་ཀྱི་བྲིས་པ་དུ་མ་ཞིག་ལ་དག་བཞེངས་མཛད་བཅུག་པ་རྣམས་ད་ཆ་བོན་གྱི་བཀའ་བརྟེན་འགྱུར་གྱི་ཁྲོད་ནས་དག་གཙང་སྙོམ་གསུམ་འབུར་དུ་ཐོན་པ་སྐར་ཚོགས་དབུས་ནས་ཉ་ཟླ་ལྟ་བུའི་འོད་ཆེན་རབ་ཏུ་འཕྲོས་བཞིན་ཡོད།

       སྐབས་དེར་ཀ་དགོན་དུ་འབྱོར་བའི་མི་སྐྱ་ཕོ་མོ་གང་ཞིག་ཡིན་ཀྱང་བླ་མས་དེར་དམིགས་བསལ་གྱི་ཕྱག་ལས་གང་ཤེས་མིན་གཟིགས་རྗེས་དགོན་དུ་ཉར་ནས་ལས་བྱ་སྣ་རེ་ལ་ཁུངས་དང་ལྡན་པ་སྤུས་དག་པོ་ཐོག་ནས་ཕྱི་མའི་དཔེ་སྲོལ་འགྲོ་བའི་དག་བཞེངས་གནང་སྲོལ་ཡོད་སྐད། རྗེས་སོར་ག་ཐ་རུ་སྡེ་ཡུལ་ལུང་ལ་ཕྱི་ནད་ཤུག་དྲག་ཅན་ཞིག་ཕོག་ནས་ག་ཤེལ་ཁྲི་ཆེན་ཞིང་ལ་ཕེབས་ཟིན་པ་དང་འཛམ་གླིང་རིན་པོ་ཆེ་སྙུང་བཞིན་ཡོད་ཚུལ་སྐོར་བང་ཆེན་གཉིས་མངགས་ནས་ཀ་ལེགས་དགོན་དུ་འབྱོར་མཚམས། ཉི་མ་བསྟན་རྒྱལ་མཆོག་ལ་གནས་འཕྲིན་ཕུལ། དེ་མ་ཐག་ག་གཟི་རྣམ་དག་མཚམས་ནས་གྲོལ་དགོས་ཚུལ་གསུངས་ནས་སྟག་ལ་སྐལ་བཟང་དབང་དྲག་བཅས་སྐུ་འཁོར་རྣམས་ག་ཐར་བྱོན། ག་ཤེལ་བཙུན་མ་ལྷ་བུ་ནས་ཀ་ལེགས་ཉི་མ་མཆོག་ལ་ག་ཐའི་འཕྲང་དམར་ཡན་དུ་བྱོན་མ་ཡོང་ཞུས་ཀྱང་བླ་མས་དེ་བཞིན་མ་གསན་པར་ག་ཤེལ་དགོན་དུ་ང་མ་སོང་ཐབས་མེད་ཡིན་གསུངས། ག་ཐར་འབྱོར་མཚམས་ཕྱི་ནད་ཀྱིས་མནར་ཟིན་པའི་མི་འགའ་ལ་དབང་ལུང་བཀའ་སྒོ་མཛད་པས་ནད་ལས་ཐར་བ་དུ་མ་ཡོད། དེ་མཚམས་བླ་མས་ག་གཟི་རྣམ་དག་ཁྱོད་ཀྱིས་རྟེན་གསུམ་འདི་དག་ཉར་ཚགས་ཡག་པོ་མཛོད་ཁྱེད་ཚོ་སྐྱོན་མི་ཡོང་གསུངས། བླ་མས་རང་བས་གཞན་གཅེས་ཀྱི་བཅོས་མིན་སྙིང་རྗེས་ཀུན་ནས་སླངས་ཏེ་ཕྱི་ནད་ཁོང་གིས་བཞེས།

       དེ་ནས་སྤྱི་ལོ་༡༩༥༤ལོར་གདུལ་བྱ་རྟག་འཛིན་ཅན་གྱི་སྣང་ངོར་མི་རྟག་སྒྱུ་མའི་དཔེར་སྟོན་ཕྱིར་གཟུགས་སྐུ་བོན་དབྱིངས་སུ་བསྡུས། དེ་ནས་བཟུང་ཡུལ་ལུང་དེ་ལ་ཕྱི་ནད་མཚམས་ཆད་པ་གྲགས། དེ་ནས་དབྱར་ཚེ་གཅིག་ཙམ་བླ་མའི་སྐུ་ཕུང་ག་ཐར་ཉར་ཚགས་བྱས། ཀ་དགོན་ནས་གྲྭ་པ་དང་མི་དྲག་ཉི་ཤུ་ཙམ་བླ་མའི་སྐུ་གདུང་མར་ཀ་དགོན་དུ་གདན་འདྲེན་བྱེད་དུ་ག་ཐར་འབྱོར། སྐབས་དེར་མཁན་ཆེན་ཉི་མ་དབང་རྒྱལ་ག་ཐར་བྱོན་པ་དང་སྟབས་ཁེལ་ནས་ཀ་དགོན་གྲྭ་ག་གཟི་རྣམ་དག་དང༌། བཟོད་པ་མཐར་ཕྱིན། ཚུལ་ཁྲིམས་དབང་ལྡན། ཡེ་ཤེས་དབང་ལྡན་སོགས་ཀྱིས་སྐྱབས་ཞུ་གང་ཟབ་ཞུས་མཐར་བླ་མའི་སྐུ་གདུང་མར་གདན་འདྲེན་མ་བྱེད་གསུངས། རྗེས་སུ་མཁན་ཆེན་ཉི་མ་དབང་རྒྱལ་མཆོག་ནས་སྐུ་གདུང་མར་གདན་དྲངས་ན་མི་སྐྱོན་གསུང་རྗེས། སྐུ་གདུང་སྒུལ་སྐབས་སྐུ་གདུང་ཞབས་ཀྱི་ས་རྣམས་ཚ་པོ་རེད་སྐད། མར་གདན་འདྲེན་སྐབས་ཀ་དགོན་གྲྭ་བཙུན་རྣམས་ཀྱིས་ཉིན་རེའི་ཞགས་ཚུགས་རེ་ལ་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རེ་རང་ཡུལ་ཀ་དགོན་དུ་མ་འབྱོར་པར་ཆག་མེད་བྱས། དེ་ནས་སྐུ་གདུང་ཞུགས་ལ་བཞུ་སྐབས་ཀུན་རིག་ལས་བཞི་རྒྱུན་ལྔ་ཆ་བཅོ་བརྒྱད་ཀ་ལེགས་དགོན་དང་ཉིན་སྲིབ་ཤོག་གསུམ་མའི་ལྷ་སྡེ་རྣམས་ནས་གོ་སྒྲིག་བྱས། དེའི་ནང་ནས་ཆ་གཅིག་གསེར་རྐྱང་པས་བཞེངས་པ་ཡིན་སྐད། སྐབས་དེར་ཁྱུང་ཡུལ་གྱི་བླ་མ་དུ་མ་ཞིག་གདན་འདྲེན་ཞུས་ཡོད་ཀྱང་དེའི་ནང་ནས་༧མཁན་ཆེན་ཉི་མ་དབང་རྒྱལ་མཆོག་གིས་གཙོ་བླ་མཛད་ཅིང༌། མེ་སྟོན་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས་མེ་སྤར་མཛད་ནས་རིང་བསྲེལ་གང་མང་འཁྲུངས་པ་རྣམས་སྐུ་གདུང་ནང་བཞེངས་ཡོད་པ་གསལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག