ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ཡང་སྟོན་ཤེས་རབ་རྒྱལ་མཚན།
ཡང་སྟོན་ཤེས་རབ་རྒྱལ་མཚན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩོམ་པ་པོ་སུ་ཡིན་མ་ཤེས།] [ཟླ་ཚེས། 10-08-26] [ཀློག་གྲངས། ]

ཚེ་ལོ་བརྒྱ་པའི་སྟོན་པ་གཤེན་རབ་མཆོག ། བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན། །
ས་ཐོབ་རིག་འཛིན་སེམས་དཔའ་རྒྱ་མཚོ་བཅས། །དཔལ་ལྡན་བླ་མ་སྒོ་གསུམ་གུས་པས་བསྟོད། །

 

            ཡང་སྟོན་བླ་མ་ཤེས་རབ་རྒྱལ་མཚན་མཆོག་གི་རྣམ་ཐར་ལོ་རྒྱུས་རགས་བསྡུས་ལ། ཞང་ཞུང་སྙན་བརྒྱུད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་དུ་འཁོད་པ་ལྟར། ཐོག་མར་དགོངས་བརྒྱུད་སྟོན་པ་རྣམ་དགུ་ནས་སེམས་དཔའ་བརྡ་བརྒྱུད་ཀྱི་བླ་མ་ལྔ། རིག་འཛིན་བརྡ་བརྒྱུད་ཀྱི་བླ་མ་དྲུག གང་ཟག་སྙན་བརྒྱུད་ཀྱི་བླ་མ་དགུ། མཁས་པ་ལོ་པཎ་གྱི་བརྒྱུད་པའི་བླ་མ་བཞི་སྟེ་གྲུབ་ཆེན་ཉི་ཤུ་རྩ་བཞི་དང་དེ་ནས་སྤྲུལ་སྐུ་ཏ་པི་ཧྲི་ཙ་༼ཞང་སྐད་དེ་འོད་ཀྱི་ཁྱེའུ་ཆུང་ཞེས་པའི་དོན་༽ནས་ཞང་ཞུང་གྲུབ་ཐོབ་དྲུག སྙན་བརྒྱུད་སྟོད་ལུགས་སམ་རྟོགས་ལྡན་འཁྲུལ་ཞིག་དྲུག དེ་ནས་སྙན་བརྒྱུད་སྨད་ལུགས་སམ་རྣམ་སྤྲུལ་གྲུབ་ཆེན་ལྔའི་མཚམས་ནས་ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་མཆོག་ལ་བརྒྱུད་པས།།དམ་པ་ཁོང་གི་འཁྲུངས་ཡུལ་ནི་གཙང་སྟོད་སྟག་རྩེ་བྱ་བའི་ས་སྟེ་གདུང་རུས་ཡ་ངལ་ཡིན། ཡབ་ཀྱི་མཚན་ལ་གསུང་རབ་སྐྱབས་དང་ཡུམ་སྙི་མོ་ཆོས་དབྱིངས་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་གོང་གི་མེ་སྦྲུལ་༼༡༠༡༧༽ཏེ་སྤྲུལ་པའི་གཏེར་སྟོན་བླ་མ་གཤེན་ཆེན་ཀླུ་དགས་འབྲིག་མཚམས་མཐའ་དཀར་ནས་བོན་གཏེར་བཞེས་པའི་ལོ་ལ་སྐུ་བལྟམས།༼གྱིམ་ཚ་རྨ་ཆུང་གི་སྤྲུལ་བར་ལུང་གིས་བསྔགས།༽ ཆུང་དུས་ནས་ལ་སྟོད་འཁོན་སྟོན་དབང་ཕྱུག་བླ་མར་བསྟེན་ནས་ཕྱི་ནང་གསང་གསུམ་གྱི་བོན་སྒོ་ཀུན་ལ་གསན་སྦྱོང་ལེགས་པར་བྱས་ནས་ཤེས་རྒྱུད་སྦྱངས། དགུང་ལོ་ཉི་ཤུའི་ཐོག་༼རབ་བྱུང་དང་པོའི་མེ་བྱི༡༠༣༦ལོར་༽བུ་སྟོན་རྒྱལ་ལེར་བཤད་རྒྱུད་གསན། དེ་ནས་གཡས་རུ་གཙང་དུ་བྱོན་ཏེ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་རྨེའུ་སྟོན་ལྷ་རི་གཉེན་པོ་ཟུང་གི་ མདུན་ནས་མདོ་སྔགས་སེམས་གསུམ་གྱི་བོན་ལ་ཐོས་བསམ་སྦྱངས་ནས་མཁས་པའི་སྙན་གྲགས་ཀུན་ལ་ཁྱབ།།
     དགུང་ལོ་ཉེར་བདུན་༼ཆུ་ལུག༡༠༤༣ལོར་༽སྟེང་དུ་ལྕམ་བཞེས་ཤིང་སྲས་ཀྱང་འཁྲུངས་སྐད། བ་རི་ལོ་ཙཱ་བ་ལས་ཚད་མ་གསན་པས་སྒྲ་དང་ཚད་མར་མཁས་པའི་ཕུལ་དུ་ཕྱིན། གཏེར་ཁ་བཅུ་གསུམ་གྱི་བོན་ལ་ཐུགས་འབྱོངས་ཤིང་སེ་བོན་ཁྲོ་རྒྱལ་དང་བོན་གྱི་གཏམ་བྱས་པ་རྐྱེན་བྱས་ནས་བླ་མ་འོར་སྒོམ་ཀུན་འདུལ་མཆོག་གི་ཞལ་མཇལ་ནས་ཞང་ཞུང་སྙན་བརྒྱུད་ཚར་བཞི་ལ་གསན་ཅིང་སྒོམ་སྒྲུབ་མཛད་ཅིང་རྟོགས་པ་མངོན་དུ་གྱུར། ཀུན་མཁྱེན་ཤར་རྫ་བ་ཆེན་པོའི་བཀའ་ལུང་རྒྱ་མཚོ་〔སི་ཁྲོན་དཔར་མ། ཤ ༤༨〕ལས། དེ་ཡང་བླ་མ་ཡང་སྟོན་དེ་བཤད་རྒྱུད་ཀྱི་བོན་རྣམས་ལ་ཤིན་ཏུ་མཁས་པ་ཞིག་ཡོད་པ་ལ། རེ་ཞིག་བུད་མེད་གཅིག་བྱུང་ནས། ཁྱེད་ཡོན་ཏན་ཅི་ཙམ་མཁས་ཟེར། ང་ཤིན་ཏུ་མཁས་བྱས་པས། བུད་མེད་དེ་ངུ་ཞིང་མི་དགའ་བའི་ཚུལ་གྱིས་སོང༌། དེ་བླ་མའི་ཐུགས་ལ་ང་མཁས་བྱས་པས་ཁོང་མི་དགའ་བར་འདུག སང་ཉིན་བྱུང་ན་ཅི་ཡང་མི་ཤེས་ཟེར་དགོས་དགོངས་ནས་བཞུགས་པས། སང་ཉིན་ཡང་བུད་མེད་དེ་བྱུང་ནས་སྔར་བཞིན་ཟེར། ངས་ཅི་ཡང་མི་ཤེས་ཡོན་ཏན་འདྲ་བསླབ་རྒྱུ་འདུག་གམ་བྱས་པས། བུད་མེད་དེ་དགའ་ནས་བགད་དེ། ཁྱོད་ཀྱིས་ཡོན་ཏན་བསླབ་དགོས་ན་ཀླུ་སྲིན་གཉིས་ཀྱི་བྲག་ལ། ཉི་ཟླ་མིག་གིས་མ་མཐོང་བར། རོང་སྒོམ་རྟོག་མེད་ཞིག་པོ་བཞུགས་ནས་སྣང༌། དེར་སོང་དང་ཁྱོད་ལ་ཡོན་ཏན་ཆེན་པོ་ཞིག་བསླབ་རྒྱུ་འདུག་ཟེར་ནས་སོང༌། ཡང་སྟོན་ཆེན་པོས་དེ་ཐོས་པ་ཙམ་གྱིས་ཐུགས་རྒྱུད་ལ་དགའ་སྤྲོ་ཆེན་པོ་གཅིག་བྱུང་སྟེ་བླ་མ་གང་ན་ཡོད་དྲི་རྒྱུ་མ་དྲན། སང་ཡང་བུད་མེད་དེ་འོང་སྙམ་ནས་བཞུགས་པས་མོ་མ་བྱུང༌། ཞག་བདུན་ལོན་པ་དང༌། ད་བླ་མ་འཚོལ་དུ་འགྲོ་ན་དགའ་སྙམ་ནས་སྨད་མདོ་གམ་དུ་བྱོན་ཏེ་ལོ་གསུམ་བཙལ་བས་མ་རྙེད། དེ་ནས་ཡར་བྱོན་ནས་བར་དབུས་གཙང་དུ་ལོ་གསུམ་བཙལ་བས་མ་རྙེད། དེ་ནས་སྟོད་མངའ་རིས་སུ་ལོ་གསུམ་བཙལ་བས་ཀྱང་མ་རྙེད། དེར་ཡང་སྟོན་ཆེན་པོ་ཤིན་ཏུ་ཐུགས་ཆད་ནས་ཕྱིར་ལོག་ནས་བྱོན་པས། གློ་མོན་འདམས་རྒྱལ་སར་ཕྱིན་པ་དང། ཆོ་ལོ་མཁན་མི་གཉིས་དང་འཕྲད་པས། ཆོ་ལོ་སྔགས་ལ་ཉི་ཟླ་མིག་གིས་མ་མཐོང་བའི་རོང་སྒོམ་རྟོག་མེད་ཞིག་པོ་མཁྱེན་ཟེར་གྱིན་འདུག་པ་ལ། ཡང་སྟོན་ཆེན་པོས་དེ་ཐོས་པ་ཙམ་གྱིས་ལུས་སྐྱི་བུང་གིས་སོང༌། ད་བླ་མ་དང་མཇལ་དུ་ཡོད་སྲིད་སྙམ་ནས་དགའ་ནས་བཤུམ་སྟེ། རོང་སྒོམ་རྟོག་མེད་ཞིག་པོ་བྱ་བའི་བླ་མ་དེ་གང་ན་བཞུགས་གསུངས་པས། མི་གཉིས་ན་རེ། འདི་ནས་མར་བཞུད་དང་གློ་མོན་ཕྱོགས་སུ་ཀླུ་བྲག་གི་ལུང་པའི་ཕུ་ཀླུ་སྲིན་གཉིས་ཀྱི་བྲག་ལ། ཉི་ཟླ་མིག་གིས་མ་མཐོང་བར་བཞུགས་ཡོད་ཟེར། དེར་བྱོན་པས་བླ་མ་དང་ མཇལ་ནས་སྔར་གྱི་ལོ་རྒྱུས་རྣམས་ཞུས་ནས་གདམས་ངག་ཞུ་བྱས་པས། བླ་མའི་ཞལ་ནས། ང་ནི་གཞོན། ཁྱོད་ནི་རྒས། སྙན་བརྒྱུད་ཀྱི་བོན་ནི་གཅིག་བརྒྱུད་མིན་པར་སྤེལ་མི་རུང་བས། ད་ཁྱོད་ལ་སྔ་བར་གྲོང་འཇུག་གི་གདམས་པ་གཅིག་བསླབ་དགོས་གསུངས་ནས་གྲོང་འཇུག་སྦྱང་དུ་བཅུག་སྟེ། ཁོང་རྣམ་གཉིས་སྐུ་ལུས་བརྗེས་ནས་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང༌། དེ་ཡང་སྟོན་ཆེན་པོས་ཉམས་སུ་བླངས་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡིན། དེ་ལྟར་ཐུན་མོང་གི་རིག་གནས་སྒྲ་ཚད་ཀུན་ལ་མཁས་ཤིང་ཐུན་མིན་གསང་སྔགས་ཀྱི་དོན་དང་ལྡན་ནས། བསྙེན་སྒྲུབ་མཐར་ཕྱིན་ཏེ་ཡི་དམ་ལྷ་དང་དབྱེར་མེད་པ། གཞན་སྣང་ཟིལ་གྱིས་གནོན་ཞིང་ལྷ་སྲིན་བྲན་དུ་ཁོལ་བ། བླ་མེད་རྫོགས་པ་ཆེན་པོར་ཉམས་ལེན་མཛད་ནས། མཆོག་གི་དངོས་གྲུབ་བསྙེམས་པས་འཕོ་ཆེན་གྲོང་འཇུག་གི་གདམས་པ་ཟབ་མོར་དབང་འབྱོར་ཞིང༌། མཐུ་སྟོབས་ནུས་པས་གཞན་དོན་མཛད་པའི་རིག་འཛིན་སེམས་དཔའ་ཆེན་པོར་གྱུར་པ་སྟེ་གྱིམ་ཚ་རྨ་ཆུང་དངོས་སུ་བྱོན་པར་གྲགས་སོ།།
     གསུང་སྐྱེས་ཞལ་སློབ་ལ། སྟོད་སྨད་བར་གསུམ་ན་གྱེར་གཤེན་ཆེན་པོ་བཅུ་གསུམ་ཡོད་པ་ནི། སྐལ་བཟང་མགྲིན་རྒྱན་〔སྨད་ཆ། ཤ ༢༧༠〕ལས། སྟོད་ན་སྙེལ་༼འཁྲུལ་མེད་ཞིག་པོ་༽ཁྱུང་ཏྲེ་གསུམ་དགེ་ཞིང་བཞི། །བར་ན་ལུང་སྒོམ་༼རྟོག་མེད་༽ར་སྟོན་ཉི་མ་དང༌། །འུ་སངས་སྒོམ་པ་གཉག་སྟན་གཉིས་དང་ལྔ། །སྨད་དུ་ཡ་ངལ་ལག་དང་གཡུང་པོ་རྗེ། །བྲག་གསུམ་སྒོམ་རིན་བྲུ་སྟོན་ཉི་རྒྱལ་བཞི། །མཐར་ནི་དགུང་ལོ་རེ་ལྔར་དབྱིངས་གཤེགས་སོ།། ཞེས་གསུངས་པ་ལྟར་རབ་བྱུང་དང་པོའི་ལྕགས་མོ་བྱ་༼༡༠༨༡༽གི་ལོ་ལ་དགོངས་པ་བོན་དབྱིངས་སུ་བསྡུས་པ་ལགས་སོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག