ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> དགེ་སློང་བསྟན་འཛིན་དབང་གྲགས།
དགེ་སློང་བསྟན་འཛིན་དབང་གྲགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་སློང་རིན་པོ་ཆེ།] [ཟླ་ཚེས། 11-10-10] [ཀློག་གྲངས། ]

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བསྟེན་ནས་ལྷག་བསམ་རྣམ་དག་གིས་
བསྟན་འགྲོའི་དོན་ལ་འབད་བརྩོན་ལྷོད་མེད་བགྱིས་པའི་ལས་དོན་གྱི་
རྩིས་ཁྲ་དྲན་གསོའི་ལོ་རྒྱུས་སུ་བཞག་པ།

      རང་ཉིད་སྐྱེ་ཡུལ་བོད་ལྗོངས་ནག་ཆུ་ཀྲོན་ཆུས། སྦྲ་ཆེན་རྫོང༌། ལུང་བཟང་གྲོང་ཚོ། ༡༩༢༢.༡༠.༢༥བོད་ཆུ་ཁྱི་ལོ་ཐོབ་ཡོད། རང་ལོ་ལྔ་ལ་ཡི་གེ་བསླབས། གྲྭ་མིང་བསྟན་འཛིན་དབང་གྲགས་རང་ལོ་བརྒྱད་ནས་རང་དགོན་དུ་དགེ་རྒན་ཆེན་མོ་ལ་བསྟེན་ནས་མཚན་ཉིད་རིག་གཞུང་རྣམས་ལ་སློབ་སྦྱོང་བྱས་ཏེ། རང་ལོ་༡༦ལ་དགེ་བཤེས་བཞེངས། དེ་ནས་སྒྲ་རིག་དང་རྩིས་རིག་གསོ་རིག་སོགས་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་ལ་སློབ་སྦྱོང་མང་ཙམ་བྱས་པ་དང་ཆབས་ཅིག་ཆོས་ལུགས་ཀྱི་བྱེད་སྒོ་སྔོན་འགྲོ་དང་དངོས་གཞི། བསྙེན་སྒྲུབ་ལས་གསུམ་སོགས་སྒོམ་བཟླས་ཟུང་འབྲེལ་ལ་འབད་བརྩོན་བགྱིས། དེ་ནས་རང་ལུགས་ཀྱི་གྲྭ་བསྐོར་དང་གནས་བསྐོར་བྱས་ཏེ་ཁྱུང་ལུང་དངུལ་མཁར་ཁྱུང་སྤྲུལ་རིན་པོ་ཆེའི་བརྒྱུད་འཛིན་བྱས། དེ་དག་དང་འབྲེལ་བའི་དྲན་རྟེན་དེབ་ཆུང་ཁ་ཤས་བྲིས་ཀྱང་རིག་གསར་དུས་སུ་བརླགས། ༼༡མདོ་སྔགས་སེམས་གསུམ་བཤད་སྒྲུབ་སྒོམ་པའི་ལག་ལེན་ལོ་བཅུ་གསུམ་གྱི་ཁོངས་སུ་བསྡུས་པ་ཟིན་བྲིས་གསལ་བའི་མེ་ལོང༌། ༢བྱང་སེམས་ཀྱི་བསླབ་བཏུས་གཡུང་དྲུང་སེམས་དཔའ་སྤྱོད་པ་ཟབ་མོ་ཙན་དན་དཀར་པོའི་དྲི་གསུང༌། ༣ཐེག་པ་རིམ་དགུའི་བརྗོད་དོན་གསལ་བར་བྱེད་པའི་རྣམ་བཤད་ཐར་ལམ་བསྒྲོད་པའི་ཐེམ་སྐས། ༤སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་འབྲེལ་བ་བློ་གྲོས་གསར་བུའི་དགྱེས་བསྐྱེད་བཅས་ལ་ཡིག་འབྲུ་ཁྲི་ཉི་ཤུ་ལས་བརྒལ་བ་རང་གཞན་གྱི་དོན་དུ་བྲིས་ཀྱང་འགྲོ་དོན་མ་འཕེལ་བར་ལུས་སོ། །༽

ཏང་གི་སྲིད་ཇུས་དོན་འཁྱོལ་བྱུང་ཕྱིན།

      ༡༽ མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་ལས་དོན་གསར་བརྗེའི་འཐབ་ཕྱོགས་གཅིག་གྱུར་རྒྱུན་མཐུད། སྲིད་གྲོས། སྲིད་ཞུགས། སྲིད་གཞུང་ལ་གུས་བཀུར་གྱིས་སྟོད་མངའ་རིས་ཀྱི་ལོ་རྒྱུས་ཞེས་ཉེ་རབས་ཀྱི་ཆབ་སྲིད་ལམ་ལུགས། དགོན་སྡེ་བསྐྱར་བཞེངས། གསར་དར་གྱི་སྟོབས་ཤུགས་སོགས་ཡིག་འབྲུ་ཁྲི་༢༥པར་བསྐྲུན་བྱས་ཏེ་ལོ་རྒྱུས་ཀྱི་སྟོང་ཆ་ཁ་བཀང༌།
      ༢༽ རང་ཁུལ་ཆོས་ཚོགས་ཀྱི་ཚོགས་གཙོའི་ལས་འགན་བླངས་ནས་རིག་གསར་སྐབས་འཐོར་ཞིག་སོང་བའི་དགོན་སྡེ་ཆེ་ཆུང་གྲངས་༧༥དངོས་སུ་བསྐྱར་བཞེངས་ཐུབ་པས། དེ་ནི་མང་ཚོགས་ཀྱི་ཆོས་དད་རེ་བ་དང་སྤྱི་ཚོགས་ཀྱི་བདེ་འཇགས། ཏང་གི་མཚན་སྙན་གོང་མཐོར་སོང་ཡོད། དེ་བཞིན་ལོ་རྒྱུས་ཀྱི་ཡིག་ཆ་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། ཁ་གསབ་གསལ་བཤད། སྔ་ཕྱིའི་དག་ཞུས་བྱས་ཏེ་དེབ་གཉིས་ཡིག་འབྲུ་ཁྲི་ཚོ་༢༥དཔར་དུ་བསྐྲུན།
      ༣༽ འབྲེལ་ཡོད་མང་ཚོགས་ཀྱི་རེ་བ་བཞིན། རང་དགོན་བསྐྱར་བཞེངས་རྟེན་དང་བརྟེན་པའི་སྐུ་གསུང་ཐུགས་རྟེན་མ་སྡུག་ཙམ་གྲུབ་སྟེ་དཀར་ཆག་བཞིན་དང་རང་གི་ལས་དོན་གྱི་ལོ་རྒྱུས། ཉིན་ཐོའི་རྩིས་ཁྲ། རང་གཞན་གྱི་དོན་མཐུན་བསླབ་བྱའི་དྲན་རྟེན་སོགས་ཡིག་འབྲུ་ཁྲི་བཅོ་ལྔ་བྲིས་ཏེ་ལོ་རྒྱུས་བཞག
      ༤༽ སྨན་རྩིས་ཁང་གི་ལས་དོན། དཀའ་ངལ་བརྒྱ་ཕྲག་དུ་མ་ལས་བརྒལ་ཏེ་བོད་ཀྱི་གསོ་རིག་བརྒྱུད་འཛིན་དང་དར་སྤེལ། མི་དམངས་ཀྱི་དགོས་མཁོའི་ཆེད་དུ་སྨན་རྩིས་ཁང་ཡན་ལག་བརྒྱད་ཀྱི་རྩ་འཛུགས་བོད་ཕྱི་ཟུང་འབྲེལ་དང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང༌། བོད་སྨན་བཟོ་གྲྭ་ཆུང་ཆུང་བཅས་གསར་བསྐྲུན་བྱས་ནས་དེ་ཡི་ལོ་རྒྱུས། གསོ་རིག་རྨང་གཞིའི་ཤེས་ཡོན་སྐོར་ལྔ། དེ་བཞིན་གཟུགས་རིག་པ། ནད་ཐོག་རིག་པ། བརྟག་ཐབས་རིག་པ། གསོ་ཐབས་ཀྱི་རིག་པ་སོགས་ལག་ལེན་འཁྱེར་བདེའི་སློབ་དེབ་ཡིག་འབྲུ་ཁྲི་༢༠སྐོར་བསྐྲུན་ཏེ་བཤད་ཁྲིད་བྱས་ནས། གསོ་རིག་གཙོ་བོར་གྱུར་པའི་རྩིས་རིག ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་སོགས་སློབ་ཕྲུག་ཉིས་བརྒྱ་ལྷག་གསོ་སྐྱོང་གིས་ལས་ཡུལ་ཁག་ལ་དངོས་སུ་ལས་ཀ་བྱེད་བཞིན་དང་གོང་འཕེལ་ཡང་འགྲོ་གི་ཡོད། དེ་དག་གྲུབ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཏང་སྲིད་རིམ་པ་གོང་འོག་བར་གསུམ་ཐུགས་འཁུར་གྱི་རྒྱབ་སྐྱོར་དང་ཆབས་ཅིག་དུས་སྐབས་བོད་ཀྱི་སྨན་རྩིས་རིག་པ་ཡར་རྒྱས་གོང་འཕེལ་གྱི་བགོ་སྐལ་ཐོབ་པ། རང་ལྗོངས་སྨན་རྩིས་ཁང་གི་མཁས་ཆེན་བྱམས་པ་ཡོན་ཀྲང་མཆོག་གིས་འབྲེལ་ཡོད་ས་གནས་ཁག་ལ་སློབ་སྟོན་བྱེད་ཕྱོགས་རོགས་སྐྱོར་མ་ཁྱབ་པ་མེད་པའི་འཕྲིན་ལས་ལྟར་རང་རེའི་ས་ཁུལ་གྱི་སྨན་རྩིས་ཁང་ཡང་ལས་དོན་ཕྲ་རགས་ཡོངས་རྫོགས་འགྲུབ་ཐུབ་པ་བྱུང་བས་དུས་ནམ་ཡང་མ་བརྗེད་པར་དྲན་གསོ་དང་བཀའ་དྲིན་ཆེ་ཞེས་ཞུ་འོས་པ་གོར་མ་ཆག
      ༥༽ སྲིད་ཇུས་ལྟར་སྒོ་དབྱེ་བའི་མཚོན་བྱེད་གངས་དཀར་ཏི་སེ་བོད་ཀྱི་སྨན་རྩིས་སློབ་གྲྭ་དང་དེའི་སྒོ་བསྟེན་སྨན་ཁང་གི་རྟེན་དང་བརྟེན་པ་འཛུགས་སྐྲུན་འགྲོ་གྲོན་ཕྱི་དངུལ་ནང་འདྲེན་བྱས་ཏེ་སློབ་ཕྲུག་༤༠དང་ལས་མི་ཡོངས་རྫོགས་བསྡོམས་མི་གྲངས་༥༠སྒོ་བསྟེན་སྨན་ཁང་འཛུགས་ཐད་ལས་མི་སྡོད་ཁང་༧སྒོ་བསྟེན་སྨན་ཁང་ཕྱི་ནང་མཁོ་ཆས་༩༧.༠༨.༢༢ལ་གྲུབ། དེ་དག་གི་ལས་དོན་བྱེད་བཞིན་ཡིན་པ་དང་སླད་ཕྱིན་རྒྱུན་མ་ཆད་པའི་ཐབས་ཤེས་འབད་བརྩོན་བཙལ་འཚོལ་དགོས་གལ་ཆེ།
      ༦༽ མི་དམངས་ལ་སྟབས་བདེ་དང་ཕན་བདེའི་བསམ་པ་ཀུན་ནས་སློང་སྟེ་རང་དགོན་གྱི་ཉེ་འདབས་སུ་སྒོ་བསྟེན་སྨན་ཁང་རགས་བསྡུས་ཙམ་ཞིག་བསྐྲུན་ཏེ༡༩༩༦ལོ་ནས་ལག་ལེན་བྱེད་བཞིན་ཡོད། 
      ༧༽ རྒྱལ་ཁབ་དང་མི་དམངས་ཀྱིས་རང་ལ་གནང་བའི་དངོས་པོ་གྲོན་ཆུང་བྱས་ནས་འཕྲོ་བརླག་མ་སོང་བར་དགོན་པ། འཕྲོད་བསྟེན། རིག་སློབ། རྒུད་སྐྱོབ་བཅས་ལ་ཞལ་འདེབས་སུ་ཕུལ་བ༼༡༩༨༤ནས་༡༩༩༨.༩.༡༥༽བསྡོམས་ཀྲུང་སྒོར་༡༡༦༡༨༢༥ཟིན་ཡོད། ༼དེ་དག་གི་རྩིས་ཁྲ་དང་སྐུ་གསུང་ཐུགས་རྟེན་གྱི་རྣམ་གྲངས་སྤྲོད་དེབ་ཟུར་དུ་ཡོད། ༽
      ༨༽ ཏང་དང་རྒྱལ་ཁབ་མི་དམངས་ཀྱིས་གུས་པར་ཡིད་ཆེས་གནང་སྟེ་གསར་བརྗེའི་ལས་ཁུངས་སྲིད་གཞུང་གོང་འོག་བར་གསུམ་ནས་གོ་གནས་མ་ཉུང་བ་ཞིག་བསྩལ་གནང་མཛད་ཡོད་པ། སྨན་དོན་ལག་རྩལ་ཀྲུའུ་རིན་སྨན་པ། ས་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ནང་བསྟན་མཐུན་ཚོགས་ཚོགས་གཙོ། སྨན་རྩིས་ཁང་གི་ཡོན་ཀྲང༌། གངས་རིའི་སློབ་གྲྭའི་ཞོ་ཀྲང༌། གུར་གྱམ་དགོན་གྱི་དམངས་བདག་ཁྲིམས་འཛིན། དེ་སྔོན་བོད་ལྗོངས་མི་དམངས་འཐུས་མི་སྐབས་༤དང་༥གཉིས། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སྐབས་བརྒྱད་པ། ༡༩༨༣.༡༢རྒྱལ་ཡོངས་ཆོས་ཚོགས་ལས་འཛིན་ཤིན་ཅང་སྲིད་གྲོས་ཨུ་ཡོན། བོད་ལྗོངས་ཚན་རྩལ་ཚོགས་པའི་ཨུ་ཡོན། བོད་ལྗོངས་གསོ་རིག་ཀུན་འདུས་དག་ཞུས་ཀྱི་ཚོགས་མི། བོད་ལྗོངས་རྩིས་རིག་ཀུན་འདུས་ཀྱི་ཚོགས་གཙོ་གཞོན་པ། ས་ཁུལ་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་གཞོན་པ། ས་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ། ས་ཁུལ་སྤུན་ཟླ་སྣེ་ལེན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་ལས་འགན་དང་གོ་གནས་མ་ཉུང་བ་ཞིག་གནང་ཡོད།
      ༩༽ ལས་དོན་དེ་དག་གི་ནང་ལ་གྲུབ་འབྲས་ཅུང་ཟད་ཐོབ་པས་རིམ་པ་གོང་འོག་བར་གསུམ་གྱིས་གཟེངས་བསྟོད་སྣ་ཚོགས་ཐོབ་པ། དཔེར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང༌། རྒྱལ་ཁབ་མི་རིགས་ཨུ་ལྷན། ངལ་རྩོལ་མི་དོན་པུའུ། ཀྲུང་གོ་ཚན་རིག་ལག་རྩལ་ཨུ་ལྷན། རྒྱལ་ཡོངས་འཕྲོད་བསྟེན་པུའུ། རང་སྐྱོང་ལྗོངས་ཏང་སྲིད་ལས་ཁུངས། རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང༌། ལྗོངས་སྨན་རྩིས་ཁང༌། ས་ཁུལ་ཏང་སྲིད་ལས་ཁུངས། ས་ཁུལ་གཉིས་བཀུར་ལས་དོན་ཚོགས་ཆུང༌། མི་དམངས་སྨན་ཁང༌། སྨན་རྩིས་ཁང༌། སྔོན་འགོག་བབ་ཚུགས་བཅས་ཀྱི་དཔེ་བཟང་ཐེངས་གཅིག་གཉིས་ནས་ཐེངས་མང་བར་ཅི་རིགས་བསྩལ། དེ་དག་གི་སྙིང་དོན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་པ། གྲངས་ཉུང་མི་རིགས་ཁུལ་གྱི་སྨན་དོན་ལག་རྩལ་སྔོན་ཐོན་པ། གྲངས་ཉུང་མི་རིགས་ས་ཁུལ་ཚན་རིག་ལག་རྩལ་སྔོན་ཐོན་པ། དགོན་སྡེ་བདག་གཉེར་བྱེད་པའི་ཕུལ་བྱུང་གི་མི་སྒེར། ཏང་དང་རྒྱལ་ཁབ་མི་དམངས་ཀྱི་ཆེད་དུ་བྱས་རྗེས་བཞག་ཡོད་པས་གཟི་བརྗིད་ཀྱི་ལག་འཁྱེར། གཉིས་བཀུར་ལས་དོན་ནང་བྱས་རྗེས་གཟེངས་སུ་ཐོན་པས་གཟི་བརྗིད་ཀྱི་ལག་འཁྱེར། དམངས་གཙོ་གསར་བརྗེ་དང་སྤྱི་ཚོགས་གསར་བརྗེའི་ནང་བྱས་རྗེས་བཞག་ཡོད་པས་གཟི་བརྗིད་ཀྱི་ལག་འཁྱེར་སོགས་སྙིང་དོན་དེ་དག་དང་མཐུན་པའི་ལག་འཁྱེར་མང་ཙམ་བསྩལ་གནང་བྱུང་ཡོད་པ་མ་ཟད། རིམ་གོང་གིས་གུས་ལ་ཟླ་རེར་ཐོགས་གསབ་སྒོར་༡༠༠རེ་ལག་འཁྱེར་དང་སྦྲགས་ཏེ་བསྩལ།
      ༡༠༽ ཏང་སྲིད་རིམ་པ་གོང་གི་ཐུགས་འཁུར་འོག་གསར་བརྗེའི་མཛའ་གྲོགས་ཁག་དང་མི་དམངས་མང་ཚོགས་བཅས་ཀྱིས་གུས་ལ་མཛའ་བརྩེའི་གནང་སྐྱེལ་དང་འཚམས་འདྲིའི་ཡི་གེ་རྒྱུན་ཆད་མེད་པ་ཐུགས་འཁུར་བྱེད་བཞིན་མཆིས། ཏང་དང་རྒྱལ་ཁབ་མི་དམངས་ཀྱིས་གུས་པར་བཀའ་དྲིན་རོགས་སྐྱོར་དཔག་མེད་ཐོབ་ཀྱང་རང་ཉིད་ནུས་སྟོབས་ཞན་པས་དོན་དངོས་ཐོག་ཏང་དང་རྒྱལ་ཁབ་མི་དམངས་ལ་དྲིན་ལན་འཁོར་ཐུབ་མེད་པས་དགོངས་འགལ་མི་བཞེས་པ་མཁྱེན།

སྨན་རྩིས་ཁང་གསར་དབུ་མཛད་སྐབས།

      དབུ་ཁྲིད་རྣམ་པ། བློ་མཐུན་རྣམ་པ་བཅས་ལ་དེ་རིང་བཀྲ་ཤིས་པའི་དུས་བཟང་འདི་ལ། གོང་རིམ་རྣམ་པ་ཕྱག་ལས་རྒྱ་ཆེའི་བར་གསེང་དུ་ཐེངས་འདིའི་རྟེན་འབྲེལ་གྱི་མཛད་སྒོར་ཆེད་ཕེབས་གནང་བ་ནི་ལས་དོན་འདི་ལ་ཐུགས་འཁུར་དང་མཐོང་ཆེན་གནང་བ་ཞིག་ཡིན་པས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་བཀྲ་ཤིས་བདེ་ལེགས་ཞུ། ང་ཚོ་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག རྒྱལ་ཁབ་གཅིག་གྱུར། མི་རིགས་མཐུན་སྒྲིལ། མི་དམངས་ལ་བསྲུང་སྐྱོབ། གོང་འཕེལ། དར་རྒྱས་ཀྱི་ཆེད་དང་འབྲེལ་ཡོད་མི་དམངས་ཡོངས་རྫོགས་སྐུ་གཟུགས་བདེ་ཐང་ཐད་ལེགས་སྐྱེས་ཞུ་བའི་ཆེད་དུ་འབྱོར་བ་ལྡན་ལ་གཏོང་ཕོད་ཆེ་བའི་རང་རྒྱལ་གྱི་ཧྭ་པེ་ཞིང་ཆེན་ནས་ཀྲུང་སྒོར་ཁྲི་བཞི་བརྒྱ་དང་རང་སྐྱོང་ལྗོངས་ནས་སྒོར་ཁྲི་བརྒྱ་དང་ལྔ་བཅུ་གནང་བསྩལ་ལ་གཞིར་བཞག་སྨན་རྩིས་ཁང་གསར་དེའང་སྨན་དོན་ལ་དགོས་མཁོའི་གྲངས་ཚད། རྒྱུ་དངོས་ཀྱི་སྤུས་ཚད། ལུགས་མཐུན་གྱི་རུང་ཚད། རྒྱུ་རྩལ་གྱི་མཛེས་ཚད་བཅས་ལ་འགན་བབ་སོ་སོས་དོ་སྣང་གིས་ཞིབ་རྩིས་ལེགས་གྲུབ་བྱས་ཏེ་གྲུབ་འབྲས་སྟོན་རྒྱུ་ཡོད་པ། མཐོང་རྒྱུ་ཡོད་པ་བྱེད་པའི་སེམས་ཤུགས་བཅས་རིམ་གོང་དང་འབྲེལ་ཡོད་ལས་ཁུངས་ཁག དོ་བདག་སྨན་རྩིས་ཁང༌། འཛུགས་སྐྲུན་བྱེད་མཁན་ལས་བཟོ་བ་བཅས་ཚང་མར་དགའ་སྤྲོའི་དཔལ་ལ་རོལ་ཏེ་འབད་བརྩོན་ཆེན་པོ་བྱེད་བཞིན་པ་འདི་ནི་སྨན་རྩིས་ཁང་གསར་གྱི་རྨང་གཞི་བཏིངས་པ་དང་ལས་འགོ་ཚུགས་པའི་མཛད་སྒོའི་རྟེན་འབྲེལ་དང་པོ་ལེགས་གྲུབ་བྱུང༌། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ།

མེས་རྒྱལ་ས་གཞི་ཆེན་པོའི་ཁྱོན་ཡོངས་སུ། །
རྒྱལ་ཁབ་གཅིག་གྱུར་ཏང་གི་དབུ་ཁྲིད་འོག །
མི་རིགས་མཐུན་སྒྲོལ་དར་ཆ་ལྷབ་ལྷུབ་དབུས། །
གནའ་རབས་བོད་ཀྱི་རིག་གནས་དར་རྒྱས་གླིང་། །
རྨང་གཞི་རབ་བརྟན་མཛད་སྒོའི་འབད་བརྩོན་བྲེལ། །
དགའ་སྤྲོའི་དཔལ་རོལ་རྟེན་འབྲེལ་དང་པོ་གྲུབ། །

      ༡༩༩༨。༡༠。༡༥འཛམ་གླིང་གནས་ཀྱི་གཙོ་བོ་གངས་རྒྱལ་ཏི་སེའི་གཏེར་ཆུ་འཛམ་གླིང་ཡོངས་ལ་སྤེལ་ཆེད་དང་ཡོངས་འབབ་བྱུང་ཚད་སྤྱི་ཚོགས་ཀྱི་དགོས་མཁོ་གལ་ཆེ་སར་གཏོང་རྒྱུར་དམིགས་ནས་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་ཚོགས་གཙོའི་ཚབ་བཞེས་རྒན་བློ་བཟང་བསམ་བརྟན་གྱིས་གོང་རིམ་ཁག་ལ་འབྲེལ་བ་བྱས་ཏེ་ཁོང་གིས་ལས་དོན་གལ་ཆེ་བ་མང་པོ་ཞིག་བསྒྲུབས་དང་བསྒྲུབ་རྒྱུའི་མཐུན་རྐྱེན་དུ་སྒོར་ཁྲི་གཅིག་ཞལ་འདེབས་ཕུལ། རང་དགོན་དེ་སྔོན་བརྟན་འཇགས་སྒོར་ཁྲི་༡༠དང་ལོ་ཤས་ཡོང་འབབ་བསགས་པ་ཁྲི་༣ཁར་ཁྲི་༧བསྣན་ཏེ་སྔ་ཕྱི་བསྡོམས་སྒོར་ཁྲི་༢༠བསྟན་འཇགས་ཞུས། གཞུང་པ་ཤང་སྨན་ཁང་ཆ་རྐྱེན་ལ་སྒོར་༡༠༠༠དང་ཁྱུང་ལུང་ཤང་ཆུ་ལོག་ཉེན་འཚེ་ལ་སེམས་གསོ་སྒོར་༡༠༠༠དགེ་རྒྱས་ཤར་མ་ཚུན་སྨན་ཁང་ཆ་རྐྱེན་སྒོར་༡༠༠༠རུ་ཐོག་སྨན་ཁང་ཆ་རྐྱེན་སྒོར་༡༠༠༠བཅས་ཕུལ། ས་ཁུལ་སློབ་འབྲིང་ལ་༡༢༠༠རང་དགོན་སྒོ་བསྟེན་༡༢༠༠༠
      ༡༩༩༩.༥འདི་ལོར་ལྷ་སར་ནས་སྦྱིན་བདག་གྲགས་པ་ལགས་སྐུ་འཁོར་གདན་ཞུས་༣༠༠༠བྱས་ཏེ་སློང་ཁང་གསར་པ་གཉིས་དང་དཔེ་མཛོད་ཁང་གསར་བཞེངས། དེ་སྔོན་ལས་མིའི་སྡོད་ཁང་དང་སྒོ་བསྟེན་སྨན་ཁང་གི་སྒོ་རྭ་ཤར་ནུབ་ཀྱི་རྒྱལ་སྒོ་སོགས་དགོས་མཁོའི་འཛུགས་སྐྲུན་ལ་སྔ་རྗེས་བསྡོམས་སྒོར་ཁྲི་བརྒྱད་ཅུ་ལྷག་གི་འགྲོ་སོང་ཚོགས་སྦྱོར་མཛད། ༠༩.༡༢ལ་གྲུབ་སྟོན་སྐབས་རང་གི་གྲུམ་གདན་ཆ༡ ༡༦༠༠དང་ལས་མི་ཡོངས་རྫོགས་སློབ་གྲྭ་བཅས་ལ་སྒོར་༡༠རེ་དང་ཁ་གཏགས་རེ་རེ་ཕུལ། 
      ༡༩༩༩.༡༠.༡༠ས་ཁུལ་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་༡༥འཁོར་བ། འདི་ལོར་སྨན་རྩིས་ཁང་གསར་ཆ་ཚང་འགྲུབ་པ། རིག་གསར་སྐབས་གཏོར་སྐྱོན་གྱི་དགོན་པ་ཁག་རྩ་བའི་ཆ་ནས་བསྐྱར་བཞེངས་གྲུབ་པ། གངས་ཏི་སེའི་སྨན་རྩིས་སློབ་གྲྭའི་དཔེ་མཛོད་ཁང་དང་སློབ་ཁང་བཞེངས་གྲུབ་པ་བཅས་ཀྱི་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་གྱི་ཆེད་དུ་རང་སྒེར་ནས་སྨན་རྩིས་ཁང་ལ་སུད་སིའི་དངུལ་ཞུན་རྒྱ་མ་དོ། སུད་སིའི་གསེར་ཞུན་ཁེ་བརྒྱ་ཀྲུང་སྒོར་༡༢༢༢༨དཔེ་དེབ་ཀྱི་རིན་སྒོར་༢༥༨༨༨༨ལྷག་ཕོགས་ཐོག་ནས་སྒོར་ཁྲི་གཅིག་སྐུ་མགྲོན་དང་ལས་བཟོ་མང་ཚོགས་མི་༡༣༠རེ་རེར་སྒོར་༡༠༠རེ་དང་རབ་དཀར་ལྷ་རྫས་བཅས་གྲ་སྒྲིག་བྱས་ཏེ་ཁོ་བོ་མི་ཡུལ་དུ་འཚོ་བ་བསྐྱལ་ནས་ལོ་ངོ་༧༨ལས་ཀའི་མཇུག་གེགས་མེད་ལྷུན་གྱིས་གྲུབ་ཟིན་ཏོ། །
      ཡང་༢༠༠༠ལོར་རང་དགོན་དུ་སཱཚ་ཁང་ལྕམ་གང་མ་རིང་ཚད་རྒྱུག་པ་སུམ་ཅུ་སྐོར་སོགས་ཀྱི་ཕྱི་མཐར་འཐེན་འཁོར་༡༠༨རྟེན་དང་བརྟེན་པ་གསར་བཞེངས། ༤༨༩༢༨ རང་དགོན་གྱི་བརྟན་འཇགས་སྒོར་ཁྲི་བཅུ་གསབ་ཏེ་བསྡོམས་ཁྲི་༣༠གྲུབ། སྒོ་བསྟེན་སྨན་ཁང་གི་སྨན་རིན་དང་ཆ་རྐྱེན་སྒོར་༡༨༠༠༠དང་ཞོར་དུ་བཀྲ་ཤིས་སྒང་ཡིག་རྨོངས་སེལ་བའི་སློབ་གྲྭར་སྒོར་༢༠༠ཕུལ། སྨན་རྩིས་ཁང་གི་ལས་དོན་རྒྱུན་སྤྱོད་ཀྱི་བོད་སྨན་བཟོས་པ་དང་བལ་ཡུལ་ཁྲོག་སྨན་ཉོ་རྒྱུ། རང་ས་ནས་སྔོ་སྨན་འཐུ་རྒྱུའི་འཆར་གཞི་བཟོས། སྨན་རྩིས་ཁང་གསར་གྱི་ནང་གི་ཅ་ལག་ཁག་གཅིག་དང་སྨན་བཟོའི་འཕྲུལ་འཁོར་ཁག་གཅིག་གི་རིན་འབབ་སྒོར་༢༥འབྲེལ་ཡོད་རེ་ཞུས་ཀྱིས་བསྒྲུབས། འདི་ལོར་ཕོགས་ཐོག་ནས་སྒོར་༡༠༠༠༠ཞིང་འབྲོག་མང་ཚོགས་ནད་པ་དབུལ་པོའི་སྨན་རིན་ཐེབས་རྩར་ཕུལ། གངས་རིའི་སྨན་རྩིས་སློབ་གྲྭའི་དཔེ་མཛོད་ཁང་སོགས་སྔ་ལོའི་བཟོ་སྐྲུན་གྱི་འཕྲོ་དང་འདི་ལོར་སྨན་མཛོད། སྨན་བཟོ་སོགས་ཁང་ཤར་སྤུས་དག་གཅིག་བསྐྲུན་འགྲོ་སོང་ཡོངས་རྫོགས་༨༥༠༠༠༠སྦྱིན་བདག་གིས་བཏང༌། སློབ་གྲྭ་སྔོན་ཐོན་མི་༡༡དངོས་སུ་མི་དམངས་ཀྱི་ཁྲོད་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་སྨན་རྫས་ཀྱི་ཆ་རྐྱེན་སྦྱིན་བདག་དང་སྲིད་གཞུང་ནས་བརྒྱ་ཆའི་བབ་ཐོབ་བཏོན། རང་སྒེར་གྱིས་སྒོར་༡༠༠༠༠ཕུལ། སྤྱི་ཟླ་༩པའི་ཚེས་༡༡ལ་རྟེན་འབྲེལ་གྱི་མཛད་སྒོ་གཏན་འཁེལ་བཅས།
      ༢༠༠༡ལོ་རིན་ཆེན་སྨན་བཟོའི་ཆ་རྐྱེན་ཁ་གུར་རྒྱ་མ་བཞི་ལ་སྒོར་༡༨༠༠༠སྨན་རྩིས་ཁང་ལ་སྒོར་ཆིག་ཁྲི། གངས་སློབ་ལ་སྒོར་ཆིག་ཁྲི། རང་དགོན་སྒོ་བསྟེན་ལ་སྒོར་ཁྲི་གཉིས། འཁོར་ཆེན་གཉིས་དང་འཐེན་འཁོར་༡༧༠རྟེན་དང་བརྟེན་པ་གསར་བཟོ་ལ་སྒོར་ཁྲི་བརྒྱད་བཅས་བསྡོམས་སྒོར་ཁྲི་༡༣༨༠༠༠། གངས་ཏི་སེའི་སྨན་རྩིས་སློབ་གྲྭ་དེ་སྔོན་ལོ་དྲུག་གི་ལས་དོན་འཆར་གཞི་ལེགས་གྲུབ་དང་སླར་ཡང་ལོ་དྲུག་གི་འཆར་གཞི་སློབ་ཕྲུག་གསར་པ་ལྔ་བཅུ་བསྡུས་ཏེ་ལས་དོན་སྔར་བཞིན་ལག་བསྟར་བྱ་རྒྱུའི་གྲོས་ཆོད་ཟིན། ཐེངས་དང་པོའི་གྲུབ་སྟོན་དུས་ཆེན་༢༠༠༡ ༧ ༡༥ལ་གཏན་འཁེལ་བཟོས། དེ་སྔོན་མཇུག་བསྡོམས་བྱས་ནས་ལོ་གསུམ་རིང་གི་ཁ་གསབ་གྲུབ་པའོ། །

རྟེན་འདིར་བཟང་འབྲེལ་རོགས་སྐྱོར་ཐོབ་པ་དང༌། །
ངན་འབྲེལ་སྐྱོན་གྱིས་གནོད་འཚེ་སྦྱོར་བ་སོགས། །
བཟང་ངན་ལས་ཀྱི་འབྲེལ་བའི་མ་རྒན་རྣམས། །
ཕན་བདེའི་སྣང་བ་དཀར་པོས་ཁྱབ་གྱུར་ཅིག །
གཞན་ཡང་ཐོག་མེད་ལས་བསགས་སྡུག་བསྔལ་རྒྱུ། །
མཐའ་ཡས་སེམས་ཅན་སྡིག་སྒྲིབ་དང་བཅས་པ། །
མ་ལུས་བདག་གི་ལུས་ཐོག་སྨིན་གྱུར་ཏེ། །
འཁོར་བའི་སྡུག་བསྔལ་རྒྱ་མཚོ་སྐེམས་པར་ཤོག །
སྟོབས་ནུས་ཡོད་ཚད་བསྟན་འགྲོའི་ཞབས་གཏོགས་བརྩོན། །
དངོས་པོ་ཡོད་ཚད་མཆོད་སྦྱིན་ཞིང་སར་བཏབ། །
ལས་ཀ་བྱས་ཚད་མི་དམངས་ཕན་བདེར་གཉེར། །
འབྲེལ་བ་ཐོགས་ཚད་དོན་དང་ལྡན་པར་གྱུར། །
ཞེས་རང་གི་ལོ་རྒྱུས་ཀྱི་ཆ་ཤས་རེ་ཞིག་དེ་ཙམ་ཡིན། །

                                 ཐ་ཚན་མུ་ཙུག་སྨར་རོ། །

དགེ་སློང་རིན་པོ་ཆེའི་རང་ཉིད་ངོ་སྤྲོད་འདི་ཁོང་གི་དངོས་སློབ་བསྟན་ཆོས་ལགས་ནས་མཁོ་སྤྲོད་གནང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག