ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ག་རྒྱ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ།
ག་རྒྱ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ།
[རྩོམ་གྱི་ཡོང་ཁུངས། ཨ་ཀྲོང་རིན་རྒྱལ་གྱི་ཟིན་བྲིས།] [རྩོམ་པ་པོ། ཨ་ཀྲོང་རིན་རྒྱལ།] [ཟླ་ཚེས། 11-10-05] [ཀློག་གྲངས། ]

      མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་དངུལ་ཟལ་མོའི་སྒང་སྟོད་དུ་ཆགས་པའི་ཧོར་སེ་ཆེན་རྒྱལ་པོའི་མངའ་འབངས་སུ་གཏོགས་པའི་ཧོར་འབྲོག་ཤོག་སྤ་བ་ལུང་ཞེས་པར་ཧོར་སྤྱི་རྒྱལ་པོའི་བློན་ཆེན་ཡབ་ག་རྒྱ་བསོད་ནམས་བསྟན་དར་དང་ཡུམ་ཆུ་ཁའི་དཔོན་ཚང་སྲས་མོ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༼༡༨༩༧ ལོར་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་སྐུ་གཟུགས་མངོན་པར་བཞེད་པའོ།  དགེ་བའི་བཤེས་གཉེན་གཤེན་རྒྱལ་བ་ཚུལ་ཁྲིམས་ཀྱིས་ལྗགས་ཀྱི་དྲེགས་པ་དར་དཀར་གྱིས་ཕྱིས་ཏེ། གུར་གུམ་ཁུ་བས་ཧྲི་ཡིག་བྲིས་ནས་མཚན་དུ་བསོད་ནམས་བསྟན་འཛིན་ཞེས་གསོལ་བས་བོན་སྒོ་ཀུན་སྨྲ་བའི་རྟེན་འབྲེལ་བཟང་པོ་བྱུང་། དགུང་གྲངས་བདུན་དུ་སོན་སྐབས་དགེ་བའི་བཤེས་གཉེན་རྒྱལ་བ་ཚུལ་ཁྲིམས་མདུན་ནས་ཡི་གེ་འབྲི་ཀློག་སོགས་ལན་རེ་བསླབས་པ་ཙམ་གྱིས་མཁྱེན་རྟོགས་བྱུང་བས་ཀུན་གྱིས་ཡ་མཚན་གྱི་གནས་སུ་གྱུར། དགུང་གྲངས་༼༡༡ ཐོག་དགེ་རྒན་དགེ་འདུན་གྲགས་པ་སོགས་བསྟེན་ཏེ་བརྡ་དག་སྙན་ངག་དང་། རྩིས་དཀར་ནག དཀྱིལ་འཁོར་ཐིག་རྩ། གསོ་རིག་སྨན་གྱི་ལག་ལེན། གྱེར་དབྱངས་གདངས་གསུམ་གཏོར་བཟོ་མར་རྒྱན་ལྷ་བྲིས་སོགས་རིག་པའི་གནས་གང་ལ་སྦྱངས་པ་ཕུལ་དུ་ཕྱིན། དམ་པ་ཁོང་ལ་ཡུལ་གྱི་མི་དཔོན་མང་པོས་ཁྱེད་རང་ག་རྒྱ་ཚང་གི་བཞིས་བཟུང་སྟེ་ཕ་ཤུལ་བུ་འཛིན་དང་ཧོར་སྤྱི་ཁྱབ་རྒྱལ་པོའི་གོ་གནས་འཛིན་དགོས་ཚུལ་རིམ་པར་ཞུས་ཀྱང་། ཁོང་གི་འཇིག་རྟེན་འདིའི་ཁེ་གྲགས་དང་མཚན་སྙན་སོགས་འདུ་ལོངས་ཀྱི་བྱ་བར་ཐུགས་དགྱེས་ཟུར་ཙམ་ཡང་མེད་ཚུལ་གསུངས་ནས་ཞལ་བཞེས་མ་མཛད། དགུང་གྲངས༼༡༤ ཐོག་འཁོར་བའི་བྱ་བ་ལ་ངེས་འབྱུང་དྲག་པོ་སྐྱེས་ཏེ་སྒོ་སྟོན་ཉི་མ་རྒྱལ་མཚན་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས་ནས་མཚན་དུ་གཡུང་དྲུང་རྒྱལ་མཚན་ཞེས་གསོལ། དགུང་གྲངས༼༢༣ ཐོག་གཟའ་སྐར་འཕྲོད་སྦྱོར་བཟང་བའི་དུས་ཚེས་དང་བསྟུན་ཏེ་གྲྭ་ས་གོང་མ་བཀྲ་ཤིས་སྨན་རི་དགོན་དུ་ཕེབས་ནས་མཁན་ཆེན་ཉེར་གཉིས་པ་ཕུན་ཚོགས་བློ་གྲོས་མཆོག་གི་སྐུ་མདུན་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཞུས་ནས་མཚན་དུ་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། སྨན་རིའི་སྒྲུབ་ཆེན་སྐབས་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་བུམ་པ་གང་བྱོའི་ཚུལ་དུ་བཞེས། དེ་ནས་རིམ་པར་གྲྭ་ས་བར་མ་མཁར་སྣ་བསམམ་གཏན་གླིང་དུ་ཕེབས་ནས་འགྲོ་མགོན་ཤེས་རབ་གཡུང་དྲུང་གི་ཐུགས་སྲས་ཚབ་ཤི་ཉི་མ་གྲགས་པ་དང་། སྒོ་སྟོན་ཉི་མ་རྒྱལ་མཚན། སྤ་ཉི་མ་འབུམ་གསལ་སོགས་ཀྱི་ཞལ་མངའ་རིམ་པར་བསྟེན་ཏེ་བླ་མེད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་སྔོན་འགྲོ་འབུམ་དགུ་དངོས་གཞི་ཐོད་བརྒལ་ཁྲིག་ཆོད་སོགས་ལན་གཅིག་ཙམ་མ་ཡིན་པར་ཡང་ཡང་སྦྱངས་པར་མཛད། ཆོས་ཕྱོགས་ནས་སྔ་འགྱུར་རྙིང་མའི་གྲུབ་དབང་པདྨ་བདེ་བའི་རྒྱལ་པོ་སོགས་ཀྱི་སྐུ་མདུན་ནས་ཟབ་ཁྲིད་ཞལ་གདམས་མང་དུ་གསན་པས་མཚན་དུ་ཁྱུང་སྤྲུལ་འཇིག་མེད་ནམས་མཁའི་རྡོ་རྗེ་ཞེས་གསོལ། གཞན་ཡང་གངས་རི་མཚོ་གསུམ་དང་། ཀོང་པོ་བོན་རི། ཁྱུང་པོ་རི་རྩེ་དྲུག བལ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་ཕྱི་ནང་གི་གནས་ཆེན་དུ་མ་སྐོར་ཞིང་ཉམས་ལེན་རྒྱ་ཆེར་མཛད་པས་བཀའ་བརྟག་ཞབས་རྗེས་དུ་མ་ཞིག་བཞག་མཛད། སྤྱི་ལོ་༼༡༩༣༡ལོར་ཁུ་ནུ་ཕྱོགས་ལ་ཕེབས་ནས་ཁུ་ནུའི་རྒྱལ་པོ་སྤོ་ཏ་སེང་དང་མཆོད་ཡོན་གྱི་འབྲེལ་བ་ཆགས་རྒྱལ་པོ་ལ་སྲས་མེད་ནས་སྐྱོ་གདུང་མཛད་པས་བྱམས་མ་རིགས་སྐྱོབས་མའི་སྲུང་བ་བྱིན་པས་ཕྱི་ལོར་རྒྱལ་པོ་ལ་སྲས་འཁྲུངས། སྐབས་དེར་ཆོས་དར་ཕུག་དང་། སེང་རིང་ཕང་ཀ་རི་ཁྲོད་སོགས་ལོ་ལྔ་ཉམས་གསོ་བྱས། ཡུལ་ལྷ་བསམ་འགྲུབ་དབང་རྒྱལ་སོགས་དྲེགས་པའི་སྡེ་ཚོགས་བཅུ་དྲུག་དམ་བཏགས་ནས་དམར་མཆོད་དང་སྲོག་གཅོད་ཀྱི་བྱ་བ་སྤོང་བར་ཁས་བླངས་བཅོལ་ནས་གསོལ་མཆོད་ཞིག་མཛད། དགུང་གྲངས༼༣༩ཐོག་གཞུང་ས་དགའ་ལྡན་ཕོ་བྲང་དང་ས་གནས་མདའ་རྫོང་སོགས་ལ་བཀའ་ཁྲོལ་རིམ་པར་ཞུས་པ་བཞིན་སྤྱི་ལོ་༼༡༩༣༦ལོར་ཞང་ཞུང་མངའ་རིས་ཁུལ་དུ་མདོ་སྔགས་གྲགས་རྒྱས་གླིང་དང་བཙུན་དགོན་གཡུ་ལོ་བཀོད་མཛེས་གཉིས་ཕྱག་བཏབས་ཡབ་གཞིས་ག་རྒྱ་ཚང་གི་བཀའ་བརྟེན་འགྱུར་དང་སྐུ་བརྙན་མཆོད་ཆས་སོགས་གཡག་རྒྱབ་སུམ་ཅུ་ལྷག་ཞིག་མདོ་སྔགས་གྲགས་རྒྱས་གླིང་དུ་གདན་དྲངས་མཛད། སྤྱི་ལོ་༼༡༩༤༤ལོར་དགོན་སྡེ་གཉིས་ཀྱི་རྟེན་དང་བརྟེན་པ་སོགས་ཆ་ཚང་ལེགས་གྲུབ་བྱུང་། དམ་པ་ཁོང་གི་རྗེས་བཞག་མཛད་གནང་བའི་བཀའ་རྟེན་སྐོར་ལ། བརྡ་སྤྲོད་ཀུན་གྱི་སྙིང་པོ་སྲིད་པའི་སྒྲོན་མེ། བླ་ཆེན་དྲན་པ་ཡབ་སྲས་ཀྱི་གསོལ་འདེབས་འདོད་འབྱུང་ནོར་བུའི་བང་མཛོད། དཔྱད་གསུམ་འབྲས་རྩིས་རདྞའི་བང་མཛོད། དབྱངས་ཅན་སྒྲ་མདོའི་འགྲེལ་བ་སྲིད་གསུམ་དགའ་བའི་སྙིང་ནོར། ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་འབྲི་ཐབས་རབ་འབྱམས་རིག་པའི་སྒོ་འབྱེད། གསོ་རིག་སྨན་གྱི་ལག་ལེན་བཟོ་ཐབས་པ་ཏྲའི་འཕྲུལ་འཁོར། སྤྱི་སྤུངས་ཞི་ཁྲོ་རྒྱས་པའི་ཚོགས་མཆོད། མར་མེ་བརྒྱ་རྩ་འབུལ་ཐབས་ཀྱི་ལག་ལེན་སྲིད་པའི་སྒྲོན་མེ། མཛད་རྣམས་ཕྱོགས་བསྒྲིགས་ནོར་བུའི་འཕྲེང་བ་སོགས་གཞུང་པོད་ཆེ་ཁག་བཅུ་ལྷག་ཙམ་རང་ཅག་རྣམས་ལ་ལེགས་སྐྱེས་སུ་རྗེས་བཞག་མཛད། མཐར་བསྟན་འགྲོའི་དོན་ཡོངས་སུ་གྲུབ་ནས་དགུང་གྲངས་༼༥༩ཐོག་གཟུགས་སྐུ་བོན་དབྱིངས་སུ་བཀོད་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག