ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> གྱེར་སྤུངས་སྣང་བཞེར་ལོད་པོ།
གྱེར་སྤུངས་སྣང་བཞེར་ལོད་པོ།
[རྩོམ་གྱི་ཡོང་ཁུངས། ཁྲི་གཡུང་དྲུང་མར་ནང་ཚང་གི་ཟིན་བྲིས།] [རྩོམ་པ་པོ། རྩོམ་པ་པོ་སུ་ཡིན་མ་ཤེས།] [ཟླ་ཚེས། 12-02-01] [ཀློག་གྲངས། ]

  

   དང་པོ་གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི། གདུང་རུས་གུ་རིབ་ཡིན། ཡབ་གུ་རིབ་འབུམ་མེ་དང་། ཡུམ་མང་འོར་ཟ་སྒྲོན་ནེ་བྱ་བ་ཡིན། གཉིས་པ་ལས་འཕྲོ་དང་སྐལ་པ་ལྡན་པས། བཀའ་དྲིན་ཅན་གྱི་བླ་མ་དང་ཇི་ལྟར་མཇལ་ཞེ་ན། དགུང་ལོ་བཅུ་གསུམ་ལོན་པ་དང་བོན་སྒོར་ཞུགས། བཞི་བཅུ་ཞེ་བདུན་པ་ལ་སྤྲོས་མཐའ་བཅད་པའི་དུས་ན། ཚེ་སྤུངས་ཟླ་བ་རྒྱལ་མཚན་ལ་ཟང་ཟིང་གི་ལོངས་སྤྱོད་མང་པོ་ཕུལ། མ་མིག་ནུབ་ཕྱོགས་བྲག་རོང་དཀར་པོའི་གསེབ་ཏུ་ངོ་སྤྲོད་ལྔའི་གདམས་པ་བཏབ་ནས། གྱེར་སྤུངས་ཆེན་པོས་འདི་སུ་ལ་ཡང་མི་སྟོན་ལགས་ཞུས་པས། བླ་མའི་ཞལ་ནས། སྣོད་ལྡན་བྱུང་ན་བརྒྱ་ལ་ཡང་སྟོན་ཅིག་གསུངས་སོ། །གསུམ་པ་ས་གནས་ཁྱད་པར་གང་དུ་བརྟེན་པའི་ཚེ་དུ་བཞུགས་པ་ནི། ཡུལ་ད་རོག་ཡིན། མཚོ་སྨན་ལས་སོགས་མི་དང་མི་མིན་འདུ། ས་དེར་དཀའ་བ་སྤྱད་ཚུལ་ནི། ལོ་གཅིག་མཚོ་གླིང་གི་དོ་ལ་དཔོན་སློབ་གཉིས་ཀྱིས་སྐུ་རྒྱགས་ཆ་རྐྱེན་དང་བཅས་ནས་བཞུགས་སོ། །གྱེར་སྤུངས་ཀྱིས་གསོལ་གྱིན་གཞུག་ཏུ་ཟན་ཏིང་རེ་བཞག དེ་ནས་མཚོ་རུལ་ཏེ། ཡང་ཟན་ཏིང་གི་གཞུག་ལ་འཇམ་རེ་མཛད་ནས་དཔོན་སློབ་གཉིས་པོས་གསོལ། འཇམ་གྱི་གཞུག་གི་རྩིག་མ་རེ་དབུ་བསྔས་ཀྱི་བྲག་ལ་ཕོ་ཡིན་བཞག ཡང་མཚོ་རུལ། བྲག་ངོས་ཀྱི་འཇམ་རྩིག་བྲད་ནས་དེ་ཆུ་ལ་བཏབ་ཀྱིན་གསོལ་ནས་ལོ་གསུམ་སོང་བ་དང་། ཕྱག་ཕྱི་བས་བསམ་པར་ངེད་དཔོན་སློབ་གཉིས་ཀར་ནི་ནམ་ཡང་འགྲོངས་ནི་འགྲོངས་པར་འདུག དང་ལ་ཁོ་རང་མཆོངས་ནས་རོ་ཞིག་བྱེད་བསམ་སྟེ། གྱེར་སྤུངས་ལགས། མི་ཡི་རོ་བསམ་པ་ཞིག་གདའ་སྟེ་ཞུས་པས། ཁྱོད་དེ་ལ་ཐུག་གམ་གསུངས། ཐུག་ལགས་སོ། ཞུས་པས། འོ་ན་དོ་འདི་ལ་བསྐོར་ལ་ཅི་འདུག་ལྟོས་གསུངས། ཁོས་ཕྱིན་པས་རྐྱང་གཅིག་ནི་རོ་ཞིག་གདའ་ཞུས་པས། དེའུ་བུ་གཙང་རིགས་བརྟེན་པས་ཟ་མི་ཉན་གསུངས། དེ་ནས་ཞག་འགའ་ནས་ཕྱིན་པས། བུད་མེད་ལྦ་བ་ལོག་པའི་རོ་ཞིག་གདའ་ཞུ་བ་ཕུལ་བས། བཤུལ་ཆགས་ཀྱི་ཤ་ཟ་མི་ཉན། ཆ་ཆོ་ཚོ་བསྡེགས་གསུངས། གྱེར་སྤུངས་ཅི་མཛད་པ་ཡིན་བསམ་སྟེ། སྔ་དྲོ་ཞིག་འགྲོ་ས་ནི་མེད་བསམ་སྟེ་སྐྲག་གོ། གྱེར་སྤུངས་ལ་འཇུས་ལ་མིག་ཚུམ་ཞིག་གསུངས། ཡུན་རིང་ཞིག་ཕྱིན་ནས། ཁོས་མེ་ལྕགས་ལུས་བསམ་སྟེ། མིག་ཕྱེ་ནས་ཕྱི་ལ་བལྟས་པས། བུད་མེད་རྒྱན་གོས་ཅན་གཅིག་སྣམ་བུ་དཀར་པོ་གཅིག་འགྲིལ་གྱིན་འོང་གིན་འདུག སྔ་སོར་བལྟས་པས། སྔར་གྱི་བུད་མེད་འདྲ་བ་གཅིག་གིས་སྣམ་བུ་དཀར་པོ་གཅིག་བརྐྱང་པའི་སྟེང་ན། ཁོང་དཔོན་སློབ་འབྱོན་གྱིན་འདུག ཁོས་མིག་བལྟས་མ་ཐག་སྣམ་བུ་འཐེན་ནས་གར་སོང་ཆ་མེད། ཆུ་འཐོན་ཁ་རུ་ཆུ་ལ་སུབས་སོ། །དེ་ནས་བྱང་རེ་ཁྱིམ་པ་མང་པོས་མཐའ་བསྐོར་ཏེ་འདུག་ནས། རུ་ཁྲོད་ན་ངེད་གྱེར་སྤུངས་ཡིན་བྱས་པས། ཤ་ཡང་ཟད། སྤུ་ཡང་སྐྱེས། ངོ་མི་ཤེས་པར་སོང་བས། ཁོང་པ་ན་རེ། གྱེར་སྤུངས་གྲོངས་ནས་ལོ་མང་། ཁྱེད་མིན་ཟེར་རོ། །སྔར་གྱི་ལོ་རྒྱུས་རྣམས་བཤད་པས། ཡིད་ཆེས་ནས་དང་ལ་ཐལ་ཆུ་དྲངས། དེ་ནས་ར་དཀར་འབྲི་དཀར་གྱི་འོ་མ་དྲངས། དེ་རྗེས་ཞག་འགའ་ནས། གསོལ་ཟས་ཚད་ལ་ཞུས་པས། སྐུ་ཚད་ལ་སོས་སོ། །བརྟེན་པའི་ཚེ་ནི་ནི་ལྔ་བརྒྱ་བདུན་ཅུ་རྩ་གསུམ་བཞུགས་སོ། །བཞི་པ་ ཐུན་མོང་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི། བསམ་ལས་འདས་པ་མངའ་ནའང་། སྤུ་བྱ་བ་གསེར་སྲང་གང་ལ་ལོ་གསུམ་སྔགས་ན་བོད་ཁམས་འཕུང་། ཁྱུང་བྱ་བ་སྲང་ཕྱེད་ལ་ཟླ་བ་གསུམ་སྔགས་ན་རྒྱལ་པོ་འཁོར་བཅས་འཕུང་། ཁྱུང་ཟ་མཚོ་རྒྱལ་གྱིས་ཞུ་ནན་ཕུལ་ནས་བསྟན་པ་ལ་དགོངས་ནས། རྔུབ་བྱ་བ་གསེར་ཞོ་གང་ལ་སྔགས་ཏེ་ཞག་བདུན་བསྒྲུབས། སུམ་ཆ་སྲོད་ལ་འཕང་། ཡར་ལུང་མཚོ་སྐམས། ཀླུ་བྲོས། སུམ་ཆ་ནམ་ཕྱེད་ལ་འཕང་། ཡར་ལུང་སྤུངས་པོ་རིའི་ཤ་བ་གཉིས་བསད། ལྔ་རིང་ཀྱི་རི་ཡོད། སུམ་ཆ་ཐོ་རང་ལ་འཕང་པས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བསྙུང་གི་ཟིན། ཞབས་སྤྱི་ཐོག་བླངས་པས་དབང་དུ་འདུས། བཀའ་བཞིན་བསྒྲུབས་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད། གེ་ཁོད། མེ་རི་ལས་སོགས་སྐོར་རྣམས་དང་། རྒྱལ་པོའི་སྟོང་ཚད་ལ་ཕུལ་རྟིང་། རྒྱལ་པོ་ལིག་མིན་རྐྱའི་སྐུ་ཚབ། བླ་རི་གངས་ཏི་སེའི་མགུལ་དུ་གསེར་གྱི་མཆོད་རྟེན་ལིག་མིན་རྐྱའི་སྐུ་ཚད་ཅིག་ བཞེངས་པ། བོན་རྣམས་སོ་སོ་ལ་བཞུགས་སུ་འཇུག་པ། གུ་རིབ་ཀྱི་མི་སྡེ་ལ་གཡས་གྲལ་དང་ཁྲལ་མི་བསྐོད་པ། རྒྱལ་པོ་ཁྲི་སྲོང་གིས་ཁས་བླངས་དམ་དུ་བཅས་པས། ད་ལྟ་ཡང་བོན་ཞང་ཞུང་སྙན་རྒྱུད་གཏེར་དུ་མ་ནུབ་ཅིང་། བྱིན་རླབས་ཆེ་བ་ཡང་དེ་ཙུག་ལགས་སོ། །རྒྱས་པ་ཟུར་ན་ཡོད། བོན་ཟབ་མོ་འདི་ཡི་བཀའ་སྲུང་ཞིག་བཙལ་དགོངས་ནས། ཤངས་ཀྱི་གད་པ་འགྲོད་ཤོལ་དུ་བཙོའི་སྒྲུབ་པ་མཛད་དེ། སྲིད་པའི་ཕོ་རིགས་ཐམས་ཅད་དབང་དུ་བསྡུས། དེ་དུས་དབང་ཆེན་གྱི་རྒྱལ་པོ་ཉི་པང་སད་ཀྱིས་སྲོག་སྙིང་ཕུལ་ཏེ། གྱེར་སྤུངས་རྣམས་ཀྱིས་མ་བསྒྲུབས་པར་ལས་བྱེད་ཅིང་། བསྟན་པ་སྲུང་བར་ཁས་བླངས། སྲིད་པའི་མོ་རིགས་ཐམས་ཅད་དབང་དུ་བསྡུས། སྨན་ཀུ་མ་ར་ཙས་སྲོག་སྙིང་ཕུལ། མ་བསྒྲུབས་པར་ལས་བྱེད། བསྟན་པ་སྲུང་ངོ་། །སྐུ་མ་ངེས་པ་ཤེལ་གྱི་རྣ་རུ་འོད་འཕྲོ་བ་ལས་སོགས་ཅིར་ཡང་སྤྲུལ་ལོ། །ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོང་མ་ཡིན་པ་ནི། ཚེ་སྤུངས་ཟླ་བ་རྒྱལ་མཚན་ལས་སོགས་མཁས་གྲུབ་མང་པོ་ལ་སྒྲོས་འདོགས་བཅད། ཐེག་དགུ་ཐུགས་སུ་ཆུད། མཁས་པར་བློ་སྦྱངས། བཙུན་པོར་ཁྲིམས་བསྲུངས། མེ་རི་ཐིས་ལས་སོགས་པ་བསྒྲུབས་པས། མཐུ་དང་རྫུ་འཕྲུལ་དང་ལྡན། དཀའ་བ་མང་པོ་སྤྱད། རྒྱལ་པོ་ལིག་མིན་རྐྱའི་བླའི་མཆོད་གནས་སུ་བཞུགས། དེ་དུས་མཆོག་གི་དངོས་གྲུབ་མ་ཐོབ་པས། ང་རང་ཡིན་བསམ། ང་ཆེ་བའི་ང་རྒྱལ་ཡོད་པ་ལ། རྗེ་སྤྲུལ་པའི་སྐུ་ཏ་པི་ར་ཙ་དེ། ཧྲི་ཙར་སྤྲུལ་ཏེ་བྱོན་ནས། སྐལ་ལྡན་གྱི་ཡོན་མཆོད་གཉིས་པོའི་དྲེགས་པའི་ང་རྒྱལ་བཅོམས། རིག་པའི་གནས་ལུགས་བསྟན། བཅིང་ཚད་ཀྱི་སྒྲོག་ལས་བཀྲོལ་ནས། མཉམ་པའི་ཐང་ལ་ཕྱུང་སྟེ། རིག་པ་རང་ས་ཟིན་པར་བྱས་སོ། །དེ་ནས་བཀའ་རྒྱུད་ལུང་རིམ་བཞིན་གཞུང་ན་ཡོད་པ་ལྟར་གནང་ངོ་། །རྟོགས་ཐོབ་དུས་མཉམ་སྐྱེས་ནས། སྤྲུལ་པའི་སྐུ་དང་མཚུངས་པར་འགྲོ་དོན་མཛད་དོ། །རྣམ་མཁྱེན་གྱི་སངས་རྒྱས་སུ་གྱུར་པ་ལགས་སོ།། 

རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར་ལས་དྲངས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག