ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ཡོངས་འཛིན་རྣམ་དག་འོད་ཟེར།
ཡོངས་འཛིན་རྣམ་དག་འོད་ཟེར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁས་ཚང་ཤེས་རབ་དབང་རྒྱལ།] [ཟླ་ཚེས། 12-02-11] [ཀློག་གྲངས། ]

   གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ར་ལག་གཡུང་དྲུང་གླིང་གི་ཡོངས་འཛིན་དཔོན་སློབ་ཆེན་མོ།བསྟན་འཛིན་རྣམ་དག་འོད་ཟེར་མཆོག་ནི་གངས་ཅན་ཁ་བའི་ལྗོངས་ཀྱི་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རི་བཞི།སྨད་མདོ་ཁམས་སྒང་དྲུག་གི་ནང་ཚན་དགེ་བཅུའི་མཚན་མ་འབར་བའི་མཛེས་ལྗོངས་ཟིང་ཆུའི་ཁོངས་སུ་གཏོགས་པའི་སྟོད་ཕྱོགས་ཨ་འབལ་སྡེ་བ་དོལ་པོ་ཚང་ཞེས་པའ ི་ཁྱིམ་གཞི་བཟང་པོ་ཞིག་གི་ནང་དུ་༼༡༨༢༨༽ལྟས་དང་རྟེན་འབྲེལ་བཟང་པོ་བཅས་ནས་སྐུ་མཆོག་མཚན་དཔེ་མངོན་པར་བལྟམས།
   སྐྱེས་ཆེན་དེ་ཉིད་སྐུ་ན་ཕྲ་བའི་དུས་སྐབས་ནས་ཐུགས་རིག་རྣོ་བ་དང་བྱིས་པ་གཞན་ལས་ཁྱད་པར་འཕགས་པ་ཞིག་ཡོད། ན་ཚོད་ཅུང་སྨིན་སྐབས་སྔོན་སྦྱང་གི་ལས་བཟང་བསགས་པའི་བག་ཆགས་སད་ནས་དཔལ་གཤེན་བསྟན་གཡུང་དྲུང་དར་རྒྱས་གླིང་གི་ཚོགས་སྒྲིགས་སུ་བཞུགས་ཏེ་ཡི་གེ་ཀློག་ཡ་དང་བརྡ་དག་སྙན་ངག་སོགས་ལ་སྦྱང་བརྩོན་གྱིས་མཁྱེན་རྒྱ་མ་ཆུང་བར་གནང་།
   ཁྱད་པར་དུ་ཞྭ་དཀར་བསྟན་པའི་འདུ་གནས་གྲྭ་ས་འོགམ་དཔལ་ལྡན་གཡུང་དྲུང་གླིང་དུ་ཕེབས་ཏེ་སྤྱི་རིམ་བཞིན་ཚོགས་བསྒྲིགས་སུ་བཞུགས་ཏེ་རབ་བྱུང་དང་གཙང་གཙུག་དྲང་སྲོང་གི་སྲུང་ཁྲིམས་རིམ་ཞུས་མཛད་ཐོབ་པའི་རྩ་བ་དང་ཡན་ལག་གི་སྲུང་བྱ་རྣམས་མིག་གི་འབྲས་བུ་བཞིན་ཚུལ་བཞིན་དུ་སྲུང་བར་མཛད།
   སྙིགས་དུས་འགྲོ་བའི་མགོན་པོ་སྐྱབས་གཅིག་དཔལ་ལྡན་གཡུང་དྲུང་གླིང་གི་མཁན་མཆོག་ཐུ་བོ་༧སྐྱབས་མགོན་ཟླ་བ་རྒྱལ་མཚན་རིན་པོ་ཆེ་དང་ཡོངས་འཛིན་མཁས་པའི་དབང་པོ་བློ་གྲོས་རྒྱལ་མཚན་དང་རིན་ཆེན་ཚུལ་ཁྲིམས་དཔལ་བཟང་པོ་རིན་པོ་ཆེ་རྣམ་གསུམ་གྱི་ཞབས་རྡུལ་སྤྱི་བོར་བླངས་ཤིང་བུམ་པ་གང་བྱོའི་ཚུལ་དུ་ཐོས་བསམ་སྦྱངས་སྟོབས་ཀྱི་བློ་གྲོས་རྟ་བདུན་དབང་པོ་ཞྭ་དཀར ་བསྟན་པའི་མཁའ་དབྱིངས་སུ་རབ་བརྗིད་ཐུགས་རྗེའི་འོད་སྣང་རིས་མེད་སྐལ་བཟང་པད་མའི་ཚལ་གསེབས་སུ་ངོམས་མེད་དུ་འཕྲོས་ཏེ་ཕྱི་ནང་གསང་གསུམ་གྱི་ཤེས་བྱའི་བཀའ་གནད་ཐུགས་ལ་ཆུབ་ནས་མཐར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་སྙན་ཅོ་པན་བཞེས་པའི་བཀྲ་ཤིས་རྟེན་འབྲེལ་ཟབ་རྒྱས་མཛད།
   དེ་མཚམས་གང་ཉིད་ཀྱིས་དཔལ་ལྡན་གཡུང་དྲུང་གླིང་གི་ཡོངས་འཛིན་ཀྱི་ཐུགས་འགན་བཞེས་ཏེ་སློབ་མ་རྣམས་ལ་གང་འདོད་གང་འཚམས་ཀྱི་གདམས་ངག་འཕངས་མེད་སྩལ།
   དེའི་སྐབས་སུ་༧མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་དང་མཁན་ཆེན་གཡུང་དྲུང་བསྟན་དབང་མཆོག་རྣམ་གཉིས་ཀྱིས་ལྷ་རྫས་བཅས་བཀའ་རྟེན་མངོན་རྟོགས་རྒྱན་གྱི་འགྲེལ་བ་མཐར་བྱུང་བར་གྱིས་ཤིག་ཅེས་པའི་བཀའ་བསྐུལ་བྱིན་ཆར་འབབ་པ་དང་།
   རྗེས་སུ་ཡང་མཁན་ཆེན་ཤེས་རབ་གཡུང་དྲུང་མཆོག་ནས་གལ་པོ་ཆེ་ལ་ནན་ཏན་ཚུལ་དུ་བཀའ་ཡི་བསྐུལ་མ་སྩལ་ཞིང་མཁན་ཆེན་སྐལ་བཟང་ཉི་མ་ཏོག་གི་རྒྱལ་མཚན་མཆོག་ནས་ཀྱང་ལྷ་རྫས་བཅས་བཀའ་བསྐུལ་ནན་པོར་གནང་ལ་དམ་པ་དེ་དག་གི་བཀའ་བསྐུལ་གྱེན་ལྡོག་མ་ནུས་པར་བརྟེན།༧ཡོངས་འཛིན་མཆོག་གི་མཁྱེན་དཔྱོད་ཡངས་པོའི་སྒོ་འཕར་ཕྱེས་ནས་སྤྱིར་བསྟན་འགྲོ་དང་སྒོས་སུ་གཡུང་དྲུང་བོན ་གྱི་རྗེས་འཇུག་བུ་སློབ་རྣམས་ལ་ཆེར་དམིགས་ནས་སྐབས་གཉིས་པའི་མངོན་རྟོགས་རྒྱན་གྱི་འགྲེལ་བཤད་མཐོང་ལམ་ནས་སྐབས་བརྒྱད་པའི་མན་ཆད་ཀྱི་ཚིག་དོན་མ་ལུས་པར་གཏན་ལ་ཕབ་ཅིང་མ་བགོས་སྤྱི་ལ་བཞག་པའི་དབྱིག་ཕུལ་རིན་པོ་ཆེ་ལྟར་བུ་མཛད་དོ། །
   གཞན་ཡང་གང་གིས་མཛད་པའི་དགོངས་འགྲེལ་འདི་ཉིད་ཆེས་མཐོའི་༧དཔལ་ལྡན་རྒྱལ་བ་སྨན་རིའི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེ་དང་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དང་མཐོ་སློབ་ཝཱ་ར་ཎ་སཱ་སོགས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སྲོལ་ཡོད་སར་ཕལ་ཆེར་གཞུང་འདི་ཉིད་འཆད་ཁྲིད་མི་དམན་པར་གནང་དང་གནང་བཞིན་ཡོད།
   སྐབས་ཞིག་ན་གདུལ་བྱ་རྟག་འཛིན་ཅན་གྱི་བློ་ངོར་འདུས་བྱས་ཀྱི་རང་བཞིན་མི་རྟག་པའི་ཚུལ་བསྟན་ནས་ཐུགས་ཉིད་ཀ་དག་བོན་སྐུའི་ཀློང་དུ་ཐིམ་པས་མཛད་འཕྲིན་ཉུང་བསྡུས་སུ་བཀོད་པ་འདི་ནས་རྫོགས་པ་དགེའོ།།

སྨྲས་པ།
དཔལ་ལྡན་བླ་མའི་མཛད་འཕྲིན་གང་ག་འདྲ།།
རང་བློ་རྨོངས་པའི་ཡིད་ཡུལ་གྱུར་དཀའ་ཡང་།།
ཡིད་ཆེས་དད་པས་གང་ལྕོགས་སྦྱར་འདི་ལ།།
ནོར་འཁྲུལ་ཤོར་ཚེ་བཟོད་གསོལ་ཡང་ཡང་ཞུ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག