ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ཞུ་བསོད་ནམས་བསྟན་རྒྱལ།
ཞུ་བསོད་ནམས་བསྟན་རྒྱལ།
[རྩོམ་གྱི་ཡོང་ཁུངས། དལ་མཚོའི་རླབས་ཕྲེང་།] [རྩོམ་པ་པོ། དགེ་བཤེས་བསྟན་རྣམ།] [ཟླ་ཚེས། 12-09-23] [ཀློག་གྲངས། ]
    ༧ ཅི་པར་རདྞ་པཎ་ཏྲི་ཏ་ཤེ་ཙུ་ཤེལ་ཝེར་གུ་དུན་ཧྲུན།།  རྣམ་དག་བོན་སྐུ་ལྷ་ཡི་ལམ་ཡངས་པོར།།  རྣམ་འགྱུར་རྫོགས་སྐུའི་བཀོད་པ་ཁྲི་གདུགས་བདལ།།  རྣམ་རོལ་སྤྲུལ་སྐུའི་ཚ་ཟེར་འབུམ་འགྱེད་པས།།  རྣམ་མང་བསྟན་འགྲོའི་སྐྱེད་ཚལ་བཞད་དེར་འདུད།།   གང་གི་མཛད་ཕྲིན་ཟབ་རྒྱས་དལ་འབབ་མཛོད།།  རྨོངས་བློ་ཙ་མོའི་རྐྱལ་གྱིས་ཆོད་མིན་ཡང་།།  དད་གདུང་ཤུགས་དྲག་འཐོར་རླུང་གིས་བསྐུལ་བས།།  གང་ཤེས་བདུད་རྩིའི་ཟིལ་ཐིགས་འགྲེམ་ལ་སྤྲོ།།  དེ་ཡང་བྱ་བཏང་གཏེར་ཆེན་ཚེ་དབང་འགྱུར་མེད་ཀྱི་ཞལ་སྔ་ནས།  ཨེ་མ་ཧོ།  སྐུ་གསུམ་སྟོན་པ་འཆི་མེད་གསང་འདུས་གཤེན།།  བླ་ཆེན་ཡབ་སྲས་དགོངས་པ་གཅིག་ཏུ་རྫོགས།།  རིག་པ་ཀློང་གྲོལ་འོད་གསལ་འགྱུར་མེད་རྩལ།།  དབང་ལྡན་ཤེ་ཙུ་ཤེལ་ཝེར་གསོལ་བ་འདེབས།།  ཞེས་དཔྱད་གསུམ་གཡུང་དྲུང་གསང་ཚིག་གིས་བསྔགས་པ་གང་ཉིད་མི་རྗེ་ཁྱུང་སེར་རྒྱལ་པོའི་མངའ་རིས།   རུས་མིང་ཡུལ་ལ་མཛེས་པ་ཇེ་བྲ་གོང་གསུམ་ཞེས་པའི་ས་རུ་ཞུ་གཡས་མཁས་གྲུབ་མུ་ལ་གྲགས་པ་རིན་པོ་ཆེ་དང་།  ཡུམ་གཞུ་རུ་བཟའ་བོ་ཕྲུག་གཉིས་ཀྱི་སྲས་སུ་སྤྱི་ལོ་༼༡༩༢༢༽རབ་བྱུང་བཅོ་ལྔ་པའི་ནང་གསེས་རྔ་ཆེན་ཞེས་པ་ཆུ་ཁྱི་ལོར་འཁྲུངས་ཤིང་མཚན་དུ་བསོད་ནམས་བསྟན་རྒྱལ་གསོལ།  ཆུང་ནས་སྐྱེས་ཐོབ་ཤེས་རབ་ཀྱི་རྩལ་རྫོགས་པས་དགུང་གྲངས་བདུན་ནས་ཡབ་ཀྱི་དྲུང་དུ་ཤེས་བྱའི་གཞི་མ་ཡི་གེ་དང་།  དག་སྦྱོར།  སྙན་ངག  རྩིས་དཀར་ནག  སྨན་དཔྱད།  གསང་སྔགས་སྐོར་གྱི་དབང་ལུང་བཅའ་འདོན་སོགས་བསླབས་པས་ཚེགས་མེད་དུ་མཁྱེན།  དེ་ནས་བར་འབྱམས་གཞུང་ལུགས་ཁག་ལ་བདག་གིར་མཛད་པར་དགོངས་ཏེ་ཐོག་མར་ཁྱུང་དཀར་མཐོང་གྲོལ་རི་ཁྲོད་དུ་གྲུབ་རྗེ་མེ་སྟོན་ཚུལ་ཁྲིམས་རྒྱལ་མཚན་མཆོག་རྩ་བླར་བསྟེན་ཏེ་ཡབ་སྲས་ཁྲིད་རིམ་དང་མཁའ་འགྲོ་གསང་མཛོད་གཙོས་འཆར་ཅན་གྱི་བསགས་སྦྱང་གནད་སྨིན་དང་།  གྲུབ་དབང་འཇའ་ལུས་པའི་དངོས་སློབ་ནག་རུ་མཁན་པོ་ཚུལ་ཁྲིམས་ཕུན་ཚོགས་ཀྱི་དྲུང་ནས་ཤར་རྫའི་སྔོན་འགྲོ་དང་ཐབས་ལམ་སྡེ་དྲུག་སོགས་ཉམས་བཞེས་དང་གསུང་འབུམ་ཡོངས་རྫོགས་ཀྱི་ཁྲིད་ལུང་གིས་ཐུགས་རྒྱུད་བལྟམས།  དེ་ནས་མདོ་སྨད་དུ་བྱོན་ཏེ་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་དང་སུ་ལ་སྐལ་བཟང་བསྟན་རྒྱལ་སོགས་མཁས་གྲུབ་དུ་མའི་དྲུང་ནས་ཐུན་མོང་གི་རིག་གནས་དང་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་གསུམ།   ཁྱད་པར་བྱ་བཏང་གཏེར་ཆེན་ཚེ་དབང་འགྱུར་མེད་ཀྱིས་དབྱིངས་རིག་རིན་པོ་ཆེའི་མཛོད་ཀྱི་ཁྲིད་སློབ་ལུང་ཟིན་བསྟན་འཛིན་ཉེར་ལྔའི་ཡ་གྱལ་དུ་མངའ་གསོལ་ཅིང་གསང་མཚན་༧རིག་པ་ཀློང་གྲོལ་འོད་གསལ་འགྱུར་མེད་རྩལ་ཞེས་གནང་ནས་ཉིད་ཀྱི་བཀའ་གཏེར་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ནས་འབྱུང་འགྱུར་གྱི་ལུང་བསྟན་ལུ་གུ་རྒྱུད་དུ་ཕེབས།   དེའི་སྐབས་རྒྱལ་ཚབ་རིན་པོ་ཆེ་སྐུ་གཤེགས་པས་གདུང་མཆོད་དུ་ལས་བཞི་རྒྱུན་ལྔའི་ཕྱག་ལེན་རྒྱས་པ་ཡུལ་དེར་མཛད་མཁན་དཀོན་སྟབས།  བཅའ་བཀོད་སོགས་ལུང་དོན་བཞིན་ཕྱི་རབས་མིག་དཔེའི་སྲོལ་བཟང་དུ་དམ་པ་མཆོག་ནས་ཕྱག་ལེན་མཛད།  གཞན་ཡང་གྲུབ་ཆེན་བཟོད་པ་རིན་པོ་ཆེ་དང་།  ག་ཤེལ་ཁྲི་ཆེན།  མཛོ་བྱ་བྲལ།  གཤེན་སྤྲུལ་ཐུགས་རྗེ་ཉི་མ།  སྤ་སྟོན་བསྟན་པ་འབྲུག་གྲགས།  དམུ་གཤེན་འཛམ་གླིང་དབང་འདུས།  མཁན་ཆེན་ཉི་མ་དབང་རྒྱལ་སོགས་མཁས་དང་གྲུབ་པའི་དབང་པོ་རྣམས་ཀྱི་མདུན་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གསུམ་རྒྱས་པར་མནོས་ཤིང་རྒྱུད་གསུམ་བསྟན་པའི་མངའ་བདག་ཏུ་གྱུར།  དེ་ནས་དགུང་ལོ་སོ་གཉིས་ཐོག་བྱ་བཏང་གི་ལུང་ལྟར་དགོན་བཟའ་འབུམ་སྐྱིད་ལྷ་མོ་ཁབ་ཏུ་བཞེས་ཏེ་མེ་སྤྲེལ་ལོར་གདུང་སྲས་སྐལ་བཟང་གྲགས་པ་འཁྲུངས།  དེའི་སྔ་རྗེས་སུ་ཤར་རྫའི་གསུང་འབུམ་ཆ་ལྔ་དང་།  གསང་གླིང་།  བྱ་བཏང་། སུ་ལ་བཅས་ཀྱི་བཅས་ཀྱི་གསུང་འབུམ་རྣམས་ཁྱུང་ཡུལ་དུ་ཐོག་མར་གདན་དྲངས་ནས་འཆད་ཉན་སྒོམ་སྒྲུབ་ཀྱི་བསྟན་སྲིད་དཀར་པོས་འགྲོ་རྣམས་སྨིན་གྲོལ་གྱི་ལམ་དུ་བཀོད་ཅིང་མ་འོངས་བསྟན་པའི་སྲོལ་འཛིན་དུ་དབྲ་ཁྱུང་ཁྲི་ཆེན་བསྟན་པ་རྒྱལ་མཚན་དང་།  ཁྱུང་རུ་རྣལ་འབྱོར་མི་ཤིགས་རྣམ་རྒྱལ།  ཁྱུང་པོ་རྟོགས་ལྡན་རྣམ་རྒྱལ་ཚུལ་ཁྲིམས་སོགས་མཁས་དང་གྲུབ་པའི་ཞལ་སློབ་ཀྱང་མང་དུ་བྱོན།  དེ་ནས་རྒྱལ་ཁབ་དང་མི་དམངས་ཀྱི་རེ་འདུན་ལྟར་སེར་ཚའི་སློབ་ཆུང་གི་དགེ་རྒན་ལོ་མང་མཛད་ཅིང་སློབ་མ་རྣམས་ཀྱང་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་པའི་མི་སྣ་ཐུན་མིན་དུ་གྱུར་པ་སོགས་བསྟན་སྲིད་གཉིས་ཀར་བླ་ན་མཐོ་བའི་མཛད་རྗེས་ཆེ་བའི་ངང་།   སྤྱིར་ན་རྒྱལ་བསྟན་ཡོངས་ལ་འཕོ་འགྱུར་དང་།  དགོས་སུ་སྙིགས་འགྲོ་བསོད་ནམས་དམན་པའི་དབང་གིས་དགུང་ལོ་ཞེ་བརྒྱད་ཐོག་དགོངས་པ་བོན་དབྱིངས་སུ་གཤེགས།  མཆོག་གི་བཀའ་རྩོམ་སྐོར་འགའ་ཞིག་རིག་གསར་རླུང་གིས་ཁྱེར་བ་ཕུད་ཕལ་ཆེར་དངོས་སློབ་མི་ཤིགས་རྣམ་རྒྱལ་གྱིས་ཉར་ཚགས་བྱུང་བ་རྣམས་དམ་པའི་སྲས་ཁྲུན་སྨར་ཨུན་ཞི་ལ་དཔེ་ཆ་ཁྲིད་ལུང་བཅས་ཐོབ་པ་རྣམས་ཉེ་ཆར་ཞུ་བསྟན་འཛིན་གྲགས་པ་ནས་སྤུས་བྲིས་ཀྱིས་པར་དུ་འགོད་འཆར་ལགས་པས་དེར་གསལ་ལོ།།    སླར་སྨྲས།  རླབས་ཆེན་བསོ༵ད་ནམ༵ས་ས་འཛིན་དཀར་པོ་ལས།།  ཞུ་གཡས་བསྟ༵ན་འཛིན་གངས་སེང་འགྱིང་སྟབས་ཀྱིས།།  ལུང་རྟོགས་རྒྱལ༵་མཚན་བླ་ན་བཏེགས་པའི་སྒྲ།།   སྲིད་མཐར་སྒྲོག་མཛད་དཔའ་བོར་སླར་ཡང་འདུད།།  གང་གི་མཛད་ཕྲིན་འདོད་འབྱུང་གཏེར་མཛོད་ལས།།  ཐོས་དོན་རགས་བསྡུས་ནེའུ་ལེའི་ཁར་སྐྱུག་པ།།  ལྔ་སྙིགས་བསྟནའགྲོའི་དབུལ་བ་སེལ་སླད་དུ།།  དྲངས་པའི་དགེ་དེས་མ་རྣམས་ཐར་གྱུར་ཅིག།  ཅེས་པ་འདི་ཡང་དབང་ལྡན་ཞུ་ཡི་གདུང་སྲས་བསྟན་འཛིན་གྲགས་པ་མཆོག་གིས་རྩ་ཐོར་བཀོད་པ་ལ་ཅུང་ཟད་གོ་བདེའི་ཚུལ་དུ་བསྟན་མིང་པས་བསྒྲིགས།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག