ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ༧བླ་མ་དུང་རི་ཚང་གི་གདུང་རབས་ལོ་རྒྱུས་མདོར་བསྡུས།
༧བླ་མ་དུང་རི་ཚང་གི་གདུང་རབས་ལོ་རྒྱུས་མདོར་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དུང་རིའི་སྤྲུལ་སྐུ་བཤད་སྒྲུབ་རྒྱལ་མཚན།] [ཟླ་ཚེས། 12-10-10] [ཀློག་གྲངས། ]

ཨེ་མ་ཧོ། སྐྱེ་མེད་གདོད་ནས་ངོ་བོ་རང་བཞིན་མེད། །
འགག་མེད་སྣང་བ་ལོངས་སྤྱོད་རྫོགས་པའི་ལྷ། །
གཉིས་མེད་གང་འདུལ་རོལ་གར་སྤྲུལ་བའི་སྐུ། །
སྐུ་གསུམ་ངོ་བོ་རིན་ཆེན་རྒྱལ་མཚན་བསྔགས།།
བསླབ་གསུམ་ཉམས་ལེན་ཆུ་བོ་རྒྱུན་བཞིན་སྐྱོང་། །
རིམ་གཉིས་རྣལ་འབྱོར་འཁོར་འདས་རང་དབང་བསྒྱུར། །
ཉག་གཅིག་གཉུག་མའི་ཀུན་བཟང་ངོ་བོའི་གཤིས། །
བསྟན་འཛིན་དབང་ལྡན་ཞབས་ལ་གུས་པས་བསྟོད། །
སྙིགས་མའི་དུས་ཀྱི་རྒུད་པ་སེལ་བའི་ཕྱིར། །
བསམ་བཞིན་གདུལ་དཀའ་སེམས་ཅན་རྗེས་བརྩེ་བས། །
ངོ་མཚར་མཚན་དཔེའི་པད་མོ་མཛེས་པའི་སྐུ། །
དུང་རི་བླ་རབས་རིམ་བྱོན་སྤྱི་བོས་འདུད། །

   ཞེས་མཆོད་བརྗོད་ཀྱིས་སྔུན་ཏུ་བསུས་ནས་བཤད་པ་དམ་བཅས་པ་ནི་བླ་མ་དུང་རི་ཚང་གི་གདུང་རབས་ལོ་རྒྱུས་རགས་ཙམ་ཞུ་རྒྱུར། དེ་ཡང་དམ་པ་ཁྱུང་གི་གདུང་རབས་འདི། ཀུན་ཏུ་བཟང་བོའི་སྤྲུལ་བ་རིག་སྣང་འོད་ཀྱི་རྒྱལ་བོ་འགྲོ་བའི་དོན་ལ་དགོངས་ནས་སྐུ་གསུང་ཐུགས་ལས་སྤྲུལ་བའི་བྱ་ཁྱུང་གསུམ། ཁྱུང་དཀར་ནག་སེར་གསུམ་གྱི་ནང་ཚན་ཁྱུང་ནག་གི་གདུང་རྒྱུད། དུང་རི་བླ་མ་རིན་ཆེན་རྒྱལ་མཚན་སྔོན་དུ་མཁས་ཤིང་གྲུབ་པའི་བརྙེས་པའི་བླ་མ་རྣམས་ཀྱི་ལོ་རྒྱུས་ཁྱུང་ནག་གི་གདུང་རབས་ལོ་རྒྱུས་ནང་གསལ་བ་བཞིན་འདིར་བཀོད་མེད། དུང་རི་བླ་མ་ཟེར་དོན་ཡང་། ཁྱུང་ཡུལ་ནས་མདོ་སྨད་དུ་འགྲོ་དོན་ཕེབས་སྐབས་དང་ཐོག་གནས་ཆེན་ཤར་གཉན་དུང་རི་དཀར་པོའི་མདུན་ཞོལ། ཡུན་རིང་བཞུགས་པའི་རྒྱུ་མཚན་གྱིས་དུང་རི་བླ་མའམ་དུང་རི་ཚང་ཞེས་འབོད།
དེའི་རྗེས་བླ་མ་འདི་བ་ཚང་ལ་སྐུ་མཆེད་གསུམ་ཡོད་པའི་གཅིག་ཞང་ངུ་ཁོག་ཏུ་འགྲོ་དོན་ཕེབས། དེང་ཞང་ངུ་དུང་རི་ཚང་དང་། གཞན་སྐུ་མཆེད་གཉིས་ཁྲི་སྐྱང་ཁོག་ཏུ་འགྲོ་དོན་ཕེབས་དེང་ཚབ་ཚ་ཚང་དང་བྲག་རྒན་ཚང་བླ་མ་ཁག་གཉིས། དུང་རི་རིན་ཆེན་རྒྱལ་མཚན་ནམ་ཚབ་ཚ་རིན་ཆེན་རྒྱལ་མཚན། བྲག་རྒན་རིན་ཆེན་རྒྱལ་མཚན་ཡང་ཞུ་སྲོལ་འདུག དོན་དུ་ཁྱུང་ནག་གདུང་ལས་གྲོལ་བའི་མདོ་སྨད་འགྲོ་དོན་གཟིགས་པའི་ཐོག་མར་ཤར་གཉན་དུང་རིར་བཞུགས་པའི་དུང་རི་རིན་ཆེན་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས། བླ་མ་དུང་རི་ཚང་ཞང་ངུ་ཁོག་ཏུ་ཕེབས་དོན་ནི་དེ་དུས་ཞང་ངུ་ཁོག་ཏུ་ཚོ་སྟོད་ཚོ་སྨད་གཉིས་རི་ལུང་ས་ཆུའི་དོན་དུ་འཁྲུགས་རྩོད་ལངས་པའི་ལོ་མང་རིང་འཁྲུགས་པས་བླ་མ་དུང་རི་ཚང་ཚོ་སྡེ་གཉིས་ཀྱི་བར་དུ་གཟུ་བཤད་འཁྲུགས་འདུམ་ཆེད་གདན་འདྲེན་ཞུ་འདུག ཚོ་སྡེ་སྟོད་སྨད་ཡུལ་ཤོག་ཕན་ཚུན་བར་གྱི་རྩོད་གླེང་ཞི་བསྒྲིག་དང་མཐུན་སྒྲིལ། ཕྱི་ཆད་འཁྲུགས་རྩོད་མི་བགྱིད་པའི་དམ་བཅའ་སོགས་ཀྱང་ཕུལ། དེ་དུས་སྟོད་ཚོ་ཡུལ་སྡེ་དང་སྨད་ཚོ་ཡུལ་སྡེ་བར་དུ་བླ་མ་དུང་རི་ཚང་ལ་བཀའ་དྲིན་ལེགས་གསོའི་ཆེད་རྡོ་ར་རིང་མོའི་མ་འདབས། ཕ་བོང་གྭ་བ་མན་ཆད། ཆུ་དང་འགྲམ་པ་ཡན་ཆད་ཅེས་ཡུལ་ཕུལ་ནས་བླ་མ་དུང་རི་ཚང་འདི་ཀ་རང་ལ་བཞུགས་དགོས་ཞེས་ཨུ་ནན་གསོལ་བ་བཏབ་པས། བླ་མ་རིན་པོ་ཆེ་དད་སྦྱིན་གྱི་ངོ་མ་ལྡོག་པ་དང་འགྲོ་དོན་གཟིགས་ནས། སྡེ་གཉིས་ཀྱི་བར་དུ་གཟུ་དཔང་གནང་སའི་ས་དཀྱིལ་དུ་གསས་ཁང་ཞིག་བཞེངས། རྗེས་སུ་གཟུ་གཞིའི་གསས་ཁང་ངམ་གཟུ་ཞིང་གསས་ཁང་ཞེས་ཡོངས་གྲགས་དུང་རི་ཚང་བཞུགས་ཡུལ་འདིའོ། །དེང་སང་བར་ས་ཆ་དེར་གཟུ་གཞིའམ་གཟུ་ཞིང་ཟེར་གྱི་བླ་མ་དུང་རི་ཚང་གི་བཞུགས་གནས་རེད། གནའ་སྔ་མོ་གསས་ཁང་འདིའི་མདུན་ལམ་ཐད་དུ་དུང་རི་བླ་མ་རིན་ཆེན་རྒྱལ་མཚན་གྱིས་བཙུགས་པའི་བླ་ཤིང་ཀླུ་སྡོང་ཤིན་ཏུ་སྦོམ་ལ་རྒྱས་ཤིང་རྩ་བ་གཅིག་ལ་རྩེ་མོ་ཁག་ལྔར་གྱེས་པའི་སྐུ་ཤུག་རིང་ཐུང་དང་སྦོམ་ཕྲ་བསྙོམས་པའི་ཡིད་དུ་འོང་བའི་བླ་ཤིང་ངོ་མཚར་ཞིག་སྐྱེས་ཡོད་པ་རིག་གསར་སྔོན་གྱི་མི་ཚང་མས་མཐོང་མཇལ་ཡོད། སྐུ་ཤུག་གི་ཡལ་འདབ་སོགས་བདུག་རྫས་བྱིན་རླབས་བྱས་ན་མངོན་སུམ་དུ་ཕན་པ་བྱུང་ཞེས་དེང་སང་ཡང་རྒན་མགོ་ཚང་མས་བཤད། རིག་གནས་གསར་བརྗེ་དུས་འགྱུར་སྐབས་ཐ་ན་སྐུ་ཤུག་ཡན་ཆད་རྩ་བ་རྟིང་མེད་དུ་བཏང་འདུག དུང་རི་རིན་ཆེན་རྒྱལ་མཚན་ནས་དུང་རི་བླ་བརྒྱུད་ལོ་རྒྱུས་ཡིག་ཆ་དང་རྟེན་གསུམ་རྩ་ཆེན་མང་བོ་ཡང་རིག་གསར་སྐབས་སུ་གཏོར་བརླགས་འཐོར་རྐྱེན་སོང་། ཡིན་ནའང་བླ་མ་དུང་རི་ཚང་གི་གདུང་རྒྱུད་ཟམ་མ་ཆད་པ་དེང་སང་སྙིགས་མའི་དུས་ཡང་འགྲོ་བའི་དོན་དུ་བཞུགས། འདིར་དུང་རི་བླ་མ་བསྟན་པ་ལྷུན་གྲུབ་མཆོག་གི་ལོ་རྒྱུས་རོབ་ཙམ་བྲི་ཁུལ། བླ་མ་འདི་བ་ཚང་བསླབ་པ་གསུམ་གྱི་ཉམས་ལེན། རིམ་པ་གཉིས་ཀྱི་རྣལ་འབྱོར་ཆུ་བོ་རྒྱུན་བཞིན་མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་བརྙེས་པའི་བདག་ཉིད་ཞིག་བྱུང་ངོ་། །
དེ་རྗེས་དུང་རི་བླ་མ་བསྟནའཛིན་དབང་ལྡན་༡༨༧༩ཆུ་ཡོས་ལོར་སྐུ་འཁྲུངས། ཆུང་ནས་དད་པ་དང་སྙིང་རྗེ་ངེས་འབྱུང་གི་བློ་དང་ལྡན་ཞིང་། སྐུའི་མཚན་དཔེ་ཡང་ཤིན་ཏུ་ལེགས་ཞིང་ལྷན་སྐྱེས་ཀྱི་རིག་པ་གསལ་ལ། ཐུགས་གཤིས་བཟང་བས་ཀུན་གྱིས་བསྟོད་ཡུལ་དུ་གྱུར། རང་གི་ཁུ་དབོན་བསྟན་པ་ལྷུན་གྲུབ་མདུན་ནས་བཅའ་འདོན་རྣམས་ལེགས་པར་གསོན། དེ་རྗེས་མདོ་སྨད་མ་ཧཱ་པཎ་ཊི་ཏ་ཆེན་པོ་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བའི་མཁར་ཡག་མཁས་པ་མའམ་བླ་མ་བསྟན་འཛིན་ངག་དབང་རྣམ་རྒྱལ་རིན་པོ་ཆེ་བླ་མར་བསྟེན་ནས་སྔོན་འགྲོ་དང་དངོས་གཞི་ཉམས་ལེན་ཚུལ་བཞིན་མཛད། རྩ་བའི་བླ་མ་འདི་བ་ཚང་མཁས་བཙུན་བཟང་གསུམ་གྱི་བླ་མ་རེད་ལ་བཀའ་ཡང་ཤིན་ཏུ་བཙན་པོ་ཡོད་སྲོལ་གནང་། དེ་དུས་ཁོང་ཚང་གི་སྐུ་མདུན་དུ་སྐྱང་ཚང་དབོན་པོ་དང་རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ། དུང་རི་བླ་མ་བསྟན་འཛིན་དབང་ལྡན། མཐེ་བོ་མཁས་པ་མ་སོགས་འགྲོ་དོན་མཛད་པའི་བུ་སློབ་མིང་དོན་གཉིས་མཚུངས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་སྐོར་གཅིག་གསོ་སྐྱོང་མཛད་འདུག དེའི་རྗེས་དབུས་སུ་ཕེབས་ནས་ཇོ་བོ་རྣམ་གཉིས་ཐོད་པ་ཐུག །རིམ་གྱིས་གཙང་དུ་བྱོན་ནས་གཡུང་དྲུང་བོན་གྱི་རྩ་བའི་གྲྭ་ས་གཉིས་པ་རབ་ལེགས་གཡུང་དྲུང་གླིང་ངམ་རྣམ་རྒྱལ་ཀུན་གྲགས་གླིང་དུ་མཁན་ཆེན་ཤེས་རབ་བློ་ལྡན་རིན་པོ་ཆེ་དང་དཔོན་སློབ་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་རྣམ་གཉིས་མཇལ། སྲིད་གསུམ་དཔལ་འབར་སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་སྐུ་གདུང་རིན་པོ་ཆེ་གཙོས་ནང་བསྟན་ཡོངས་རྫོགས་མཆོད་མཇལ་དང་དགེ་འདུན་འདུས་པ་རྒྱ་མཚོ་ལ་མང་ཇ་སྐུ་འགྱེད་ཕུལ། ཨ་མདོ་ཁང་ཚན་དུ་མང་ཇ་སྐུ་འགྱེད་ཕུལ། མཁན་སློབ་དྲང་སྲོང་བཅས་ཚོགས་བཞུགས་ཐོག་དག་པ་དྲང་སྲོང་ཉིས་བརྒྱ་ལྔ་བཅུའི་ཁྲིམས་རྫོགས་པར་ཞུ། མཚན་ཡང་བསྟན་འཛིན་དབང་ལྡན་གསོལ། དེ་ནས་སྨན་རི་རུ་བཅར་ནས་མཁན་ཆེན་ཕུན་ཚོགས་བློ་གྲོས་སོགས་མཁན་སློབ་རྣམ་པ་མཇལ། ལྷ་ཁང་ཉིན་སྲིབ་ཀྱི་ཕྱི་ནང་གི་རྟེན་དང་། ཁྱད་པར་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་གསེར་གདུང་མཐོང་བ་རང་གྲོལ་དང་གསེར་ཁྲི་མཇལ། གྲྭ་མང་ཡོངས་དང་ཕྱི་ནང་གི་རྟེན་ལ་མཆོད་མཇལ་དང་མང་ཇ་སྐུ་འགྱེད་བཅས་ཕུལ། མཁར་སྣ་འདུལ་འཛིན་དྲང་སྲོང་ཆེན་པོ་དགེ་སློབ་རྣམ་གཉིས་མཇལ། དགོན་པར་མང་ཇ་སྐུ་འགྱེད་ཕུལ། སླར་ཡང་ལོ་གསུམ་རིང་གཡུང་དྲུང་གླིང་མཁན་རིན་པོ་ཆེའི་ཞབས་པད་གཏུགས་ཏེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བའི་ཁྲིད་ལུང་བསགས་སྦྱང་། ཁྲེགས་ཆོད། མུན་འཁྲིད་སོགས་བརྩོན་པ་བསྐྱེད་དེ་བསྒོམ་པས་སེམས་རྒྱུད་བོགས་ཐོན་ཨ་ཏོ་བྱུང་གསུངས་སྲོལ་འདུག རྩ་བའི་བླ་མ་དང་མཆེད་གྲོགས་རྣམས་ཀྱིས་ཀྱང་ཐུགས་མཉེས་མཛད། དེ་ནས་རྩ་བའི་བླ་མ་མཁན་ཆེན་ཤེས་རབ་བློ་ལྡན་མདུན་དགོངས་པ་ཞུས་ཏེ། སྟོད་གངས་རི་ཕྱོགས་ལ་གནས་སྐོར་ཕེབས། གཙང་བཀྲ་ཤིས་ལྷུན་པོ་རྒྱལ་བ་བྱམས་པ་དང་པཎ་ཆེན་རིམ་བྱོན་གྱི་སྐུ་གདུང་མཆོད་མཇལ་ཞུས། གཞན་གླེགས་བམ་ཁྲི་ཕྲག་བཀའ་བསྟན་ཁང་མཇལ་ཁ་ཞུས། གཙང་སྙེ་མོ་ཞུ་རི་ཞིང་དང་གཡུང་འབྲང་ཕྱུག་མོ། སྐྱིད་མཁར་སྒྲུབ་ཕུག་དང་གཤེན་རབ་ཞབས་རྗེས། རི་ཞིང་བླ་བྲང་གི་རྟེན་རྔ་སྟོང་རི་ཆེན་འཕགས། གསས་མདའ་དུང་དབྱུག ཁམས་ཆེན་ནག་ཕྲན་སོགས་ཁྱད་འཕགས་རྟེན་སྣ་ཉི་ཤུ་སྐོར་མཇལ། ཞུ་ཡི་གདུང་སྲས་ལ་མཇལ་འབུལ་བྱས། ཟངས་རི་རྨེའུ་ཚང་གི་གདན་སར་རྒྱ་གར་ཤར་ལི་རྐྱང་བར་གྲུབ་པའི་སྐུ་བརྙན་ཁྱད་འཕགས་སྲིད་ན་དཀོན་པ་རྣམས་མཇལ། མཆོད་མེ་དོད་ཊཾ་ཀ་དྲུག་ཅུ་ཕུལ། གཤེན་དར་ལྡིང་མཇེད་ངོས་གསེར་སྒོ་ཁྲ་མོ། སྐུ་འབུམ་ལྷ་ཁང་། རྣམ་རྒྱལ་ལྷ་རྩེ་སོགས་རྟེན་ཁྱད་འཕགས་བཅུ་གསུམ་སོགས་ངོ་མཚར་ཅན་མང་བོ་མཇལ། ཕྱག་བསྐོར་དང་སྨོན་ལམ་སོགས་མཛད། མང་ཇའི་དོད་ཊཾ་ཀ་བརྒྱ་དང་དར་བཅས་ཕུལ། རིམ་བཞིན་དྭང་ར་རྟ་སྒོ་དང་། མཚོ་བསྐོར་ཕྱོགས་ཀྱི་དགོན་གནས་ཁག་མཇལ། སྟོད་འབྲོང་བ་ནང་སྣང་བཞེད་ལད་པོའི་སྒྲུབ་གནས་དྭ་རོག་དོ་མཚོ་མཐའ་བསྐོར་བརྒྱབ་ནས་རྒྱང་མཇལ་ཞུ་ཕྱག་དང་སྨོན་ལམ་བཏབ། མར་སྨིག་ཏུ་བྲག་རོང་དཀར་པོ་མཇལ། ལུང་དཀར་ལུང་ནག་ལ་རྒྱབ་སྟེ་བར་རོང་གནས་མཇལ་ཞུ། ཁྲ་ཚང་ལམ་བརྒྱུད་ནས་མར་ཡུམ་ལ་ཐོན། དགུང་རྒྱུད་དངུལ་མོ་མཚོ་མཇལ། མཚོ་མ་པང་འགྲམ་ནས་ཡར་གངས་ཏི་སེ་གནས་སྐོར་ཕེབས། རྫུ་འཕྲུལ་ཕུག་གནས་སྐུ་མཚམས་ཞག་གྲངས་བཞུགས། སང་སྐོར་ལམ་མཚོ་ཀ་པ་ལ་གྱེན་འཛེགས་ལ་མགོ་རུ། ཚེ་འདིའི་དྲིན་ཆེན་ཕ་མ་གཙོས་པའི་ཤི་གསོན་ཁ་ལག་འབྲེལ་ཚད་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བསྔོ་བ་དང་སྨོན་ལམ་མི་དམིགས་པའི་རྒྱས་གདབ་གནང་། ལ་ཚུར་ནང་འབྲི་རྭ་ཕུག ཆོས་སྐུ་ཕུག གནས་རྟེན་དགྲ་བཅོམ་ལྔ་བརྒྱའི་དུར་ཁྲོད། གསེར་ཞོང་། རྒྱང་གྲགས་དགོན་གསེར་གདུང་བཅུ་གསུམ་བཅས་མཆོད་མཇལ་ཕུལ། གངས་སྐོར་བཅུ་བདུན་དང་མ་པང་མཚོ་སྐོར་གསུམ། པྲེ་ཏ་པུ་རིར་གནས་མཇལ། མར་ཐང་བརྒལ་ཏེ་མཁར་གདོང་རྩེ་རུ་དྲན་པའི་རྡོ་སྐུ་རང་བྱུང་དང་སེ་བོན་ཞབས་རྗེས་མཇལ། ཁྱུང་ལུང་ལྟག་འདེབས་བོན་ཕུག་ཏུ་བདུན་ཕྲག་གསུམ་ཞག་གྲངས་ཉེར་གཅིག་རིང་ཚེ་དབང་བོད་ཡུལ་མའི་བསྒྲུབས་པ་བཅད་རྒྱར་མཛད། རྒྱ་ཉི་མ་ནས་མུ་ལེ་འཁྱུད་མཚོ་སྐོར། སྟག་རི་ཁྲོ་བོ་མཇལ། ལྷོ་ཁྲུ་སྒོ་བཀྲག་ལ་ཆུ་མིག་མཐོང་གྲོལ་མཇལ་བྱིན་རླབས་ཞུས། སྤོས་རི་ངད་ལྡན། བྱེ་མ་གཡུང་དྲུང་དང་རྟ་མཆོག་ཁ་འབབ་མཇལ། གྲོད་ཤོད་གཞུང་ཞང་ཞུང་དུམ་པ་ཚལ་དུ་སྟོན་པའི་ཞབས་རྗེས་མཇལ། ལྷོ་ཕྱོགས་དོལ་བོ་ཤེལ་གྱི་འབྲུག་སྒྲ་གནས་བསྐོར་ནས་བལ་ཡུལ་ས་མཚམས་རྒྱུད། ཡང་སྟོན་གདན་ས་བསམ་གླིང་མཇལ། གདན་ས་དེར་གནའ་རབས་ཀྱི་ཡིག་རྙིང་གླེགས་བམ་རྩ་ཆེན་མང་བོ་དང་སྐུ་གདུང་སྐུ་གཟུགས་སོགས་མཇལ། ཀླུ་བྲག་དང་ཆུ་མིག་བརྒྱ་རྩ་མཇལ། བལ་ཡུལ་མཐིལ་དུ་མཆོད་རྟེན་རྣམ་གསུམ་དང་ཨ་སུ་རའི་བྲག་ཕུག ཁུ་གུམ་སྒྲོལ་མ་གསུང་བྱོན་མཇལ། གཉའ་ལམ་ལྡིང་རི་བརྒྱུད་ནས་སླར་ཡང་གྲྭ་ས་གཡུང་དྲུང་གླིང་དུ་འབྱོར། ཟླ་ཤས་རིང་ཨ་མདོ་ཁང་ཚན་བཞུགས། དེ་རྗེས་རྩ་བའི་བླ་མ་མཁན་རིན་པོ་ཆེ་དང་གྲྭ་ཚང་བཅས་ལ་དགོངས་པ་ཞུ་ཐོག་སྟོན་ཁའི་མཚམས་གནས་ཆེན་ཀོང་པོ་བོན་རི་ཡོང་། སྟག་རྩེ་རི་ཁྲོད། སྲིད་རྒྱལ་དགོན་ཆེན། སྟག་བྲོ་སའི་དགོན། སྲིད་རྒྱལ་དགོན་ཆེན་དུ་དཀར་མོ་སྲིད་རྒྱལ་ཞལ་འབག་མཇལ། རྟོགས་ལྡན་རི་བ་འབྲུག་གསས་དང་རག་ཤི་ཉི་མ་རྒྱལ་མཚན་སྐུ་གདུང་། སྟག་བྲོའི་རྟེན་ཕུར། སྟག་རྩེ་རི་ཁྲོད་ལྡོང་སྒོམ་བསྟན་པ་ལྷུན་གྲུབ་ཀྱི་སྐུ་གདུང་དང་གཞན་རྟེན་གསུམ་ཁྱད་འཕགས་རྣམས་མཇལ། བོན་རིར་སྐོར་བ་བཅུ་གསུམ་ཕུལ། དེ་ནས་ཁྱུང་བོ་ཁོག་ཏུ་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གནས་སྐོར། སྐོར་བ་བརྒྱ་ལྷག་ཕུལ། ཁྱུང་དཀར་ནག་སེར་གསུམ་གྱི་རྟེན་གསུམ་རྣམས་དང་བླ་མ་ཁག་མཇལ་ནས་གདམས་ངག་ཞུས། ཁྱུང་བོ་སྟེང་ཆེན་རྒྱབ་རི་སྣ་མཐོང་གྲོལ་རི་ཁྲོད་དུ་གྲུབ་ཆེན་སྨོན་ལམ་རིན་པོ་ཆེ་ཞལ་མཇལ་དད་གུས་ཚད་ལས་འདས་པ་སྐྱེས་ཏེ། བླ་མ་འདི་བ་ཚང་སུམ་ལྡན་བླ་མ་བསྟེན་ནས་ཐོག་མར་དྲན་པ་ཡབ་སྲས་ཀྱི་སྔོན་འགྲོ་ཞུ་སྟེ་བསགས་སྦྱང་ཚིག་ཐོག་ཏུ་མ་ལུས་པར་རིམ་བཞིན་དངོས་གཞི་འཕོ་བ་རྩ་རླུང་སོགས་སྦྱོང་། དེ་དུས་གྲུབ་ཆེན་རིན་པོ་ཆེའི་མདུན་ན་བོན་ཞུ་མི་ཉིན་ལྟར། བླ་སྤྲུལ་གྲྭ་བཙུན། བཙུན་མ་དང་སྔགས་པ་བཅས་སྐྱ་སེར་བརྒྱ་ཕྲག་མང་བོ་ཡོད་འདུག སྟོད་སྨད་གང་ས་ནས་ཕེབས་པའི་རི་ཁྲོད་པ་དང་མཚམས་པ་བ་ཀུན་ལ་བསྔོ་འབྲེལ་རེ་ཕུལ། ཉམས་རྟོགས་ཡོན་ཏན་གྱིས་ཕྱུག་པའི་སྤ་བླ་ཉི་མ་འབུམ་གསལ་ཡང་ཕེབས་འདུག་པ་དང་མཇལ། དེ་སྐབས་ཁྱུང་བོ་ཁོག་གི་དགོན་སྡེ་ཁག་དང་རྟེན་རྙིང་ཁྱད་འཕགས། གྲུབ་ཆེན་གོང་འོག་གི་སྐུ་གདུང་མཇལ། ལོ་ངོ་དྲུག་གི་རིང་གྲུབ་ཆེན་རིན་པོ་ཆེའི་མདུན་ནས་དབང་ལུང་མན་ངག་ཟབ་གདམས་མང་བོ་ཞུས། བཅད་རྒྱར་བྱས་ནས་སྐུ་མཚམས་ཡང་མང་བོ་བཞུགས། དེ་རྗེས་རྩ་བའི་བླ་མ་གྲུབ་ཆེན་སྨོན་ལམ་རིན་པོ་ཆེ་ནས་ངས་བཤད་པ་རྣམས་མ་བརྗེད་ཉམས་སུ་བླངས་ལ་སྒྲུབ་འབྲས་བསྟན་འགྲོ་ལ་ཕན་ཐོགས་པར་བགྱིས་གསུངས། ཞལ་ཏ་ཡང་མཛད། ད་མདོ་སྨད་སྐུ་ཡུལ་ལ་སོང་ན་འགྲིག་ཅེས་བཀའ་ཡང་ཕེབས། གྲུབ་ཆེན་རིན་པོ་ཆེ་ནས་དབུ་ཞྭ་དང་ཕྱག་སིལ་དྷ་སིལ་རྟེན་དུ་གནང་། ཕྱག་སིལ་འགྲོ་བའི་དོན་དུ་ད་ལྟ་ཡང་བཞུགས། རྩ་བའི་བླ་མ་ཞབས་རྡུལ་སྤྱི་བོར་བླངས་འདི་དང་ཕྱི་མ་ཀུན་ཏུ་མགོན་དུ་བཞུགས་པའི་གསོལ་སྨོན་བཏབ། རྩ་བའི་བླ་མ་དང་དེར་བཞུགས་གཡུང་དྲུང་གི་སྤུན་གྲོགས་རྣམས་དང་འབྲལ་མི་བྲ་བས་སྐྱོ་གདུང་གི་མཆི་མས་གཡོས། དཔེ་ཆ་གསུང་གདམས་པོད་དང་ཁྲེས་པོ་ཁུར་ཤིང་མཆེད་གྲོགས་རྣམས་ཀྱིས་མར་ཙམ་བསྐྱལ་ཐུང་གནང་། ཁྱུང་བོ་སྟེང་ཆེན་ནས་ཁ་བ་དཀར་པོ་གནས་སྐོར་འགྲོ་མི་འགའ་དང་མཉམ་དུ་རོང་བྲག་ལམ་འཕྲང་འདྲ་མིན་བརྒྱུད་ནས་གནས་ཆེན་ཁ་བ་དཀར་བོ་མཇལ་སྐོར་ཕེབས། གནས་མཇལ་འགྲུབ་རྗེས་གནས་སྐོར་མཆེད་གྲོགས་རྣམས་ཡར་ཁྱུང་བོ་ཕྱོགས་སུ་སོང་། ཁོང་རང་བྲག་ཡབ་རྟའུ་བརྒྱུད་ནས་དར་རྩེ་མདོ་རུ་བྱོན། རིམ་བཞིན་རྒྱ་ནག་གནས་ཆེན་གླང་ཆེན་འགྱིང་རིར། རི་རྩེ་ཀུན་ཏུ་བཟང་བོ་དང་རི་སྐེད་འགྲོ་མགོན་ཚེ་དབང་རིག་འཛིན། སྣང་ཞིག་ཟླ་བ་རྒྱལ་མཚན་སྐུ་ཕྲེང་སྔ་མའི་བླ་མའི་སྐུ་གདུང་སོགས་མཇལ། རྒྱ་ནག་གྲོང་ཁྱེར་ཁྲི་འདུ་བརྒྱུད་ཡར་རྒྱལ་རོང་དམུ་རྡོ་ལྷ་གཉན་མཇལ་བསྐོར་ཞུས་ནས་ཕ་ཡུལ་ལ་འབྱོར། རྒྱབ་ཏུ་ཁུར་ཁྲེས་དང་ལག་ཏུ་སྦ་དབྱུག་འཁར་རྟེན་ལས་ཁུར་རྒྱུ་ཅི་ཡང་མེད་སྟབས། ཡུལ་མི་རྣམས་དང་ནང་མིས། མི་ཚོ་དབུས་ལ་སོང་ན་ཕྲུག་དང་ཐེར་མ། གུར་གུམ་སོགས་རིན་ཐང་ཆེ་བའི་རྒྱུ་ནོར་མང་བོ་ཁུར་ཡོང་སྲོལ་ཡོད་ཀྱང་། དུང་རི་བླ་མ་རྟ་དྲེལ་ལྔའི་དངུལ་འགེལ་ནས་དབུས་གཙང་ལ་ཕྱིན། མར་སྤྲང་རྒྱུག་བཙུགས། སློག་ཧྲུལ་གྱོན་ནས་ཡོང་ཟེར་སྲོལ་འདུག དངོས་གནས་ཁོང་རང་ནི་ལོ་ཟླ་དེ་དུས་རིང་རྐང་ཐང་དུ་དབུས་གཙང་དང་སྟོད་གངས་རིའི་ཕྱོགས་བླ་མ་རྩ་ཆེན་མང་བོ་བསྟེན་ནས་གདམས་ངག་འཚོལ་བ་དང་གནས་སྐོར་མཆོད་མཇལ་སོགས་དཀའ་ཚེགས་ངལ་དུབ་མ་འཛེམས་པར། ནན་ཏན་བསམ་མནོལ་བཏང་ཚེ་འཇིག་རྟེན་སྒྱུ་མའི་ནོར་སྒྲུགས་དང་ཚེ་འདིའི་བྱ་བ་གཏན་ནས་བློ་བཏང་ཟིན་འདུག སྟོད་དང་དབུས་གཙང་ཕྱོགས་སུ་སྐྱེས་ཆེན་དམ་པ་མང་བོ་ཞབས་རྡུལ་སྤྱི་བོར་བླངས། འདུ་གནས་རྩ་ཆེན་མང་བོར་ཕྱག་བསྐོར་སྒྲིབ་སྦྱང་མཛད། གྲྭ་ས་གོང་འོག་བར་གསུམ་དུ་མཆོད་འབུལ་དང་། རི་ཁྲོད་མཚམས་པ་བཅས་ལ་བོན་འབྲེལ་ཟབ་མོ་ཞུས་འདུག

དག་ས་དབུས་གཙང་དང་ནི་སྟོད་ཕྱོགས་སུ། །
བླ་མ་བསྟེན་ཞིང་གདམས་ངག་འཚོལ་དང་སྒྲུབ། །
འདུ་གནས་རྩ་ཆེན་གྲངས་མང་ཕྱག་བསྐོར་མཛད། །
ཚོགས་གཉིས་རླབས་ཆེན་རྫོགས་ལ་གསོལ་བ་འདེབས། །

    ཞེས་བར་སྐབས་གསོལ་འདེབས་ཚིགས་བཅད་ཀྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པའོ། །སྐུ་ཡུལ་དུ་ཕེབས་ནས་ནམ་རྒྱུན་དགོན་པར་སྤྲོས་མེད་ཀྱི་ཉམས་ལེན་སྐྱོངས་བཞིན། ཞང་ངུ་ཤོག་སྡེ་བཅོ་བརྒྱད། གཉན་ཡུལ་ཚོ་བདུན། ཤོ་ཞིང་ཁོག་དང་ལོ་རྩིས་ཁོག རོང་འགོ་བ་ཁག་བཞིའི་དཔོན་དང་མི་མང་ཡོངས་ཀྱིས་ནན་བསྐུལ་དང་རེ་བ་ཕུལ་ནས། བླ་མ་དུང་རི་ཚང་ས་ཆ་འདི་གར་བོན་སྲིད་གཉིས་ཀྱི་འགན་ཁུར་ལྕི་མོ་བླངས་དགོས་བྱུང་། དེ་ནས་ཡུལ་འདི་གང་སར་དགེ་སྒྲུབ་སྡིག་སྤོང་གི་བོན་གསུངས། ཡུལ་ནང་རྐུན་ཇག་གི་རྒྱུན་བཅད། ཁྱི་ར་བ་རྔོན་རྒྱ་བསྡམ། ཆུ་ལ་ཉ་སྲམ་འབུ་སྲིན་ཡན་ཆད་སྲོག་གཅོད་མི་བྱེད་སོགས། རི་གཉན་ཆུ་གཉན་རྒྱབ་རི་མདུན་རི་སོགས་རྩི་ཤིང་ནགས་ཚལ་ཀུན་ལ་སྲུང་སྐྱོང་དང་ཁྲིམས་མེད་ཀྱི་བྱ་བ་མི་བྱེད་པའི་སློབ་སྟོན་བྱས་པས་ཚང་མས་བརྩི་སྲུང་དང་སེམས་རྒྱུད་ཞི་བའི་དེ་དུས་ཞང་ངུ་ཁོག་དང་ཡུལ་དེ་རྣམས་ལ། རི་ལ་རི་དྭགས་མང་ལ་ཆུ་ལ་ཉ་སྲམ་མང་བོ། ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་ཤིང་རྒྱས་པ་མི་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་བྱུང་། དུས་དེ་ནས་བཟུང་དེང་སང་བར་ཞང་ངུ་ཁོག་དང་གཉན་ཡུལ་ཁོག་ཤོ་ཞི་བཅས་བདེན་དཔང་གི་མནའ་ཐོ་བཞག་སྐབས་མི་ཚང་མས་བསྟན་འཛིན་དབང་ལྡན་ནམ་ཨ་མྱེས་དབང་ལྡན་ཞེས་ཚད་བཙུག་པ་སྲོལ་དར། གཞན་ཡང་རྩིས་ཚང་དགུ་ནང་ཚང་གི་ཀླུ་ཕན་འདས་ལོག་དང་བྷ་ར་སྟེང་ལྕོག་སྟེང་ཨ་ཡི་བཀྲ་ཤིས་མཚོ་འདས་ལོག་ཞག་བདུན་རིང་བར་དོའི་སྣང་བ་འཆར་སྐབས་བླ་མ་བསྟན་འཛིན་དབང་ལྡན་མཇལ་སྣང་ལ། བླ་མ་འདི་བ་ཚང་དང་ཆོས་རྒྱལ་ཁྲི་མཐོ་དམའ་མེད་པར་བཞུགས་སྣང་དང་ད་དུང་ད་ལྟ་ཁྱེད་རང་ཕ་རོལ་འགྲོ་རན་མི་འདུག་ཕྱིར་ལོག་ནས་དགེ་བསྐུལ་རང་གཞན་ཚང་མ་བསྙེན་བསྙུང་བསྲུང་ཞིང་དར་ལྕོག་རྡོ་འབུམ་སོགས་བརྩིགས། དུ་བ་ནག་པོ་དང་ཆང་རག་སོགས་སྤོང་ན་དགེ་བ་ཤིན་ཏུ་ཆེ་གསུངས་པའི་སྣང་བ་འཆར། འདས་ལོག་ཡི་གེ་རིག་གསར་སྐབས་སུ་གཏོར་རླགས་ཕྱིན་འདུག
   དེ་མ་ཟད་གནའ་སྔ་མོ་སྤྱི་ཚོགས་རྙིང་བ་སྐབས་སུ་མདོ་སྨད་ཤར་ཁོག་ནས་དབུས་གཙང་ལ་གནས་མཇལ་འགྲོ་མཁན་རྣམས་བར་ལམ་དུ་ནག་ཆུ་གཉན་རོང་ཨ་བྲག་བླ་མ་སྣང་གསལ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་ཡིན་ཅིག་མིན་ཅིག་མཇལ་ཁ་ཞུས། ཐོད་པ་ཐུག་གི་ཡོད་པས། སྣང་གསལ་རིན་པོ་ཆེ་ནས་ཁྱེད་ཅག་ཁྱེད་རང་ཚོའི་ཕ་ཡུལ་ན་ཞང་ངུ་ཁོག་ཏུ་དུང་རི་བླ་མ་ཨ་མྱེས་དབང་ལྡན་མཇལ་དེ་ཨེ་སོང་ཞེས་དྲིས་ཀྱི། ཁྱེད་རྣམས་མ་འོང་པར་ཁོང་མཇལ་དེ་སོང་ཨ་ཞེས་གསུངས་སྲོལ་ཡོད་པར་དེང་རྒན་མགོ་གྲངས་བྱ་བརྒྱད་ཅུའི་ཡན་ཟིན་པའི་དེ་དུས་སྣང་གསལ་རིན་པོ་ཆེ་དངོས་སུ་མཇལ་མྱོང་མཁན་རྣམས་ཀྱི་ངག་ནས་མངོན་དུ་ཐོས། དེ་བཞིན་ཁྱུང་བོ་གྲུབ་དབང་བཟོད་པ་རིན་པོ་ཆེ་ནས་ཀྱང་དེ་ལྟར་གསུངས་སྲོལ་ཐོས། དེ་བཞིན་ཉག་རོང་གཏེར་ཆེན་གསང་སྔགས་གླིང་བས་སྟོང་རྒྱུང་རྣམ་རོལ་སྦས་པའི་ཚུལ་དུ་ཞང་ངུ་ཁོག་ཏུ་འགྲོ་དོན་མཛད་ཅེས་གསུངས་ཡོད་པའང་སྣང་། ཁོང་གི་མི་ཚད་ཚང་མ་ས་ཆ་འདིའི་བསྟན་དང་འགྲོ་བ། ཁོང་རང་ཡང་ནམ་རྒྱུན་ཆགས་མེད་རྣལ་འབྱོར་གྱི་ཆུ་བོ་རྒྱུན་བཞིན་རྟག་ཏུ་ཉམས་ལེན་ཁོ་ན་སྐྱོང་ཞིང་བཞུགས། ཉེ་འཁོར་སློབ་འབངས་གཉན་ཡུལ་རྟོགས་ལྡན་ཚུལ་ཁྲིམས་བསྟན་འཛིན། ར་ཐང་བླ་མ་གཡུང་དྲུང་བསྟན་དར། སྐྱང་ནག་བླ་མ་ནམ་མཁའ་རྒྱལ་མཚན། ཚ་བོ་བསྟན་འཛིན་ནོར་བུ་དང་ནམ་མཁའ་བསྟན་འཛིན། རྒྱལ་དུང་ཚང་ཨ་ཁུ་རྒྱལ་འབུམ། གཞན་ཡང་ཁྲི་སྐྱང་ཁོག་དང་གཉན་ཡུལ་ཁོག་ཤོ་ཞི། ལོ་རྩིས་ཁོག་རང་ཅག་ཞང་ངུ་བཅས་ནས་བོན་འབྲེལ་གྱི་སློབ་མ་གྲངས་མང་། གཤམ་དུ་རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་ནས་ཕུལ་བའི་གསོལ་འདེབས་གཉིས་འདི་ལྟར།

ཨེ་མ་ཧོ། བརྒྱུད་གསུམ་བདེན་གཉིས་ལུང་རྟོགས་བདག་ཉིད་མཆོག །
སྐུ་གསུམ་མངོན་གྱུར་བསྟན་འཛིན་དབང་ལྡན་ལ། །
རྩེ་གཅིག་གསོལ་འདེབས་ཕྱི་ནང་བར་ཆོད་སེལ། །
ཐར་བའི་ལམ་སྣ་འདྲེན་པ་མཛད་དུ་གསོལ། །
ཐུགས་རྗེ་བཏང་བྲལ་མེད་པར་བཟུང་དུ་གསོལ། །
སྒྲིབ་སྦྱོང་ཚོགས་རྫོགས་མཆོག་ཐུན་དངོས་གྲུབ་སྩོལ། །

གདོད་མའི་གཞི་སྟོང་རྩལ་བྲལ་རང་བཞིན་རྫོགས། །
ལྷུན་གྲུབ་མ་འགག་ཡེ་ཤེས་སྤྲུལ་བའི་སྐུ། །
སད་ནེ་གྱེར་མེད་ཁྱུང་བོ་བཀྲ་ཤིས་རྒྱལ། །
རྒྱལ་སྲས་འགྱུར་མེད་ལས་སོགས་ཉེར་གཅིག་སོགས། །
ལྷུན་གྲུབ་དབང་ལྡན་ཞབས་ལ་གསོལ་བ་འདེབས། །
ཁྱེད་ཀྱི་ལྟ་སྒོམ་ཉམས་རྟོགས་ཅི་འདྲ་བ། །
བདག་གི་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །

ཞེས་ཕར་ཕྱིན་ཚུལ་ཁྲིམས་དང་སྐལ་ལྡན་སློབ་མ་རྣམས་ཀྱིས་བསྐུལ་ངོར་རིན་སྤུངས་སྨྲ་དབང་གཞན་ཕན་འོད་ཟེར་གྱིས་དད་མོས་གསོལ་བ་བཏབ་པའོ། །
ཡང་སློབ་མ་ཡོངས་ཀྱིས་ཚབ་བྱས་ནས་བྷ་རེ་སྟེང་རྒྱལ་དུང་ཚང་རྒྱལ་འབུམ་ནས་གསོལ་འདེབས་ཕུལ་བ་སྟེ།

རྩ་བ་བརྒྱུད་པའི་བླ་མ་དུང་རི་ཚང་། །
རིག་འཛིན་འཁྲུངས་པའི་བསྟན་འཛིན་དབང་ལྡན་ལ། །
བླ་མེད་ཐེག་པའི་མཛོད་འཛིན་རྣལ་འབྱོར་བ། །
དུང་རི་ཆེན་པོ་བསྟན་འཛིན་དབང་ལྡན་ལ། །
གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རླབས། །
བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པར་མཛོད། །
སྒྲུབ་རྒྱུད་བསྟན་པ་དར་ཞིང་རྒྱས་པར་ཤོག །

   དེ་ལྟར་བའི་གསོལ་འདེབས་ཕུལ་མཁན་མང་ཡང་འདིར་བཀོད་མེད། བླ་མ་འདི་བ་ཚང་བླ་མེད་ཀྱི་ལྟ་སྒོམ་ཉམས་ལེན་གདེང་ཚད་དང་ལྡན་ཞིང་། རྟག་ཏུ་ཐེག་ཆེན་གྱི་རྟགས་མཚན་དང་མི་འབྲལ་བས། ཕྱི་ཚུལ་ནང་ཁྲིམས་ཟུང་འབྲེལ་དུ་སྤྱོད་ཅིང་གཟི་བརྗིད་སེང་གེའི་ང་རོ་ལྟ་བུས། ཕྱི་ནང་གི་བར་ཆོད་དང་བདུད་དང་འདྲེ་གདོན་ཐམས་ཅད་ཀྱིས་ཁེངས་པ་བཤིག་པར་བྱེད་ཅིང་འཁྲུལ་བའི་ལྟ་བ་ཀུན་འཇོམས་པར་བྱེད་ནུས་པའི་སྟོབས་དང་ལྡན་པའི་མིང་དོན་གཉིས་མཚུངས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་འགྲན་པའི་ཟླ་དང་བྲལ་བའི་བསྟོད་འོས་སུ་གྱུར། དེ་སྐབས་ཞིག་ཚ་བོ་ནམ་མཁའ་བསྟན་འཛིན་དབུས་གཙང་དང་ཁྱུང་བོ་ཁོག་ལ་མངག་ནས་མཆོད་འབྲེལ་དང་ལྷག་པར་དུ་ཁྱུང་བོ་རྒྱབ་རི་སྣ་བྲག་དམར་རི་འདུས་སུ་རྩ་བའི་བླ་མ་གྲུབ་དབང་སྨོན་ལམ་རིན་པོ་ཆེའི་སྐུ་གདུང་མཆོད་མེ་འབུལ་དོད་དངུལ་སྒོར་བཞི་བརྒྱ་དང་གསེར་ཏོ་ལ་བཅུ་གཅིག་བཅས་ཕུལ། ༡༩༥༩ལོར་གྲངས་བྱ་བརྒྱད་ཅུར་སྨིན་ཚེ་རྒད་པོ་ང་ད་མི་བསྡོད་འགྲོ་ཚད་རེད་ཅེས་གསུངས། ས་ཕག་ཟླ་བ་དང་བོའི་ཚེས་ལ་སྐུ་གཟུགས་མ་བདེ་ཕྲན་བུ་སྙུན་བཞེས། ཕྱོགས་ཀྱི་སློབ་བུ་གཙོ་བོ་རྟོགས་ལྡན་ཚུལ་ཁྲིམས་བསྟན་འཛིན། ཚ་བོ་བསྟན་འཛིན་ནོར་བུ། ཁྲི་སྐྱང་ཁོག་གི་ལྷ་སྨན་པ་བསམ་གཏན། བྷ་ར་སྟེང་རྒྱལ་དུང་ཚང་རྒྱལ་འབུམ། དེ་བཞིན་སློབ་འབངས་དད་སྦྱིན་རྣམས་ཀྱིས་བརྟན་བཞུགས་མཎྚལ་སྦྲག་བཞུགས་གསོལ་བཏབས་ཀྱང་། སྐྱེ་འཆི་དང་ཉི་ཟླ་འཆར་ནུབ་ལ་བཀག་ཐབས་མེད་འཆི་བདག་ཁོ་རང་དབང་ཆེ། སུས་ཀྱང་བཟོ་བཅོས་མེད་པས་ད་ནི་འགྲོ་རན་ཡིན་པ་འདུག ང་འཆི་བའི་རྗེས་སུ་ཕུང་བོ་མ་བཞག་མེས་བསྲེགས་ལ་གཙང་མ་བཟོ་ཤོག སྤྲུལ་སྐུ་ཡོད་མེད་ཀྱི་རྩད་གཅོད་མ་བྱེད་དེ་འདྲ་ཡོང་ཡང་ཡོང་རྒྱུ་མ་རེད་ཅེས་གསུངས་ནས་ཐག་བཅད་གནང་འདུག ཁྱི་ཟླ་གཉིས་པའི་ཆེས་གསུམ་ཉིན་དྲོ་དགོངས་པ་བོན་དབྱིངས་སུ་བསྡུས། གདུང་བསྲེགས་ཀྱི་ལག་ལེན་རྣམས་སྔོན་ནས་ཚ་བོ་ནམ་མཁའ་བསྟན་འཛིན་གྱིས་གྲ་བསྒྲིགས་ལེགས་པར་བྱས་ནས་འདུག དུས་དེར་ཆོས་ལུགས་ཀྱི་མཛད་སྒོ་སོགས་དམ་ཙམ་ཡོད་ནའང་གཉན་ཡུལ་གྲྭ་ཚང་དང་ཞང་ངུ་གསེར་གླིང་གྲྭ་ཚང་ཡོངས་ནས་ཚོགས་མཆོད་དང་མདུན་དུ་མར་མེ་སོགས་མཆོད་པ་རྒྱས་པར་ཕུལ། བདུན་ཕྲག་གཅིག་ལྷག་རིང་ཐུགས་དམ་བཞུགས་བཞག་ངང་དད་ཅན་སེར་སྐྱ་ཡོངས་ཀྱི་མཇལ་ཁ་ཞུས། དེའི་རྗེས་སྐུ་གདུང་ཞུགས་ལ་ཕུལ་སྐབས་རྟགས་དང་ལྟས་ངོ་མཚར་དུ་མ་བྱུང་། བཞི་བཅུ་ཞེ་དགུའི་རིང་སློབ་འབངས་ཁག་གཅིག་གིས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་མཆོད་པ་དང་ཡི་དམ་གསས་མཁར་མཆོག་ལྔའི་ཚོགས་སོགས་རྒྱས་པ་འབུལ། གདུང་ཐལ་རྣམས་སཚྩ་བཏབ་སྟེ་གསེར་གླིང་དགོན་པའི་རྒྱབ་རི་ལ་བསྐྱལ། རྗེས་སུ་དུས་བཟང་ཤར་ནས་གང་སར་བཙལ་ཀྱང་གདུང་གི་སཚྩ་གཅིག་ཀྱང་རྙེད་མི་འདུག

འཆི་མེད་རིག་འཛིན་གོ་འཕང་གྲུབ་བརྙེས་ཀྱང་། །
སྐྱེ་ཤི་ཉི་ཟླའི་ཤར་ནུབ་ཚུལ་བཞེས་ནས། །
མི་རྟག་བཞེང་བཞུད་རྟག་འཛིན་སུན་ཕྱུང་ཕྱིར། །
དགོངས་དབྱིངས་ཀུན་བཟང་གཤིས་ལ་གཟིམ་ཐིམ་མཛད། །

   དུང་རི་ཚང་ཡི་དམ་ནི་གཙོ་བོ་ཁྲོ་བོ་དབང་ཆེན་དང་། གེ་ཁོད་གསང་བ་དྲག་ཆེན། སྲུང་མ་རྒྱལ་བོ་ཉི་པང་སད་དང་སྨན་མོ་བསྟེན་སྲོལ་ཡོད། གནའ་བླ་མ་དུང་རི་ཚང་ལོ་ལྟར་ཡི་དམ་ཞི་ཁྲོ་བརྒྱ་མཆོད། གེ་ཁོད་ཚོགས་མཆོད། སྟག་ལའི་ཚོགས་མཆོད། བོན་སྐྱོང་སྟོང་ཚོགས། མདོ་གཡུང་དྲུང་ཀློང་རྒྱས། ཁམས་ཆེན། མདོ་བསྐལ་བཟང་། འབུམ་སོགས་ལྗགས་ཀློག་དང་མཆོད་པའི་རྒྱན་རྫས་ཀྱང་རྒྱ་ཆེ་ཚོགས་ཆེ་འབུལ་སྲོལ་ཡོད། རྗེས་སུ་དུས་འགྱུར་སྐབས་མཁྱེན་གསལ་བཞིན་མཆོད་སྲོལ་ཆད། དེང་སང་མཆོད་སྲོལ་སྔ་བཞིན་སྐྱོང་། དེའི་རྗེས་ཚ་རིགས་དུང་རི་བླ་མ་ནམ་མཁའ་བསྟན་འཛིན་༼༡༩༡༩-༡༩༩༢༽དང་། དུང་རི་བླ་མ་བསྟན་འཛིན་ནོར་བུ་༼༡༩༢༤-༡༩༩༩༽རྣམ་གཉིས། ཁོང་རྣམ་པ་གཉིས་ཆུང་ནས་ཁུ་དབོན་བསྟན་འཛིན་དབང་ལྡན་མཆོག་གི་མདུན་དུ་དབང་ལུང་མན་ངག་གང་མང་ཞུས། རྗེས་སྣང་ཞིག་ཚང་མཉམ་མེད་དངོས་བྱོན་ནམ་མཁའ་བློ་གྲོས་ཚང་སྐུ་མདུན་ན་ཟབ་གདམས་གང་མང་ཞུས་ནས་ལོ་གསུམ་རིང་བཅད་རྒྱར་སྐུ་མཚམས་སོགས་བཞུགས་འདུག ནམ་མཁའ་བསྟན་འཛིན་རྗེས་སུ་ཁྱུང་བོ་ཁོག་ཏུ་དགོན་གནས་ཁག་དང་གྲུབ་ཆེན་གོང་འོག་གཉིས་ཀྱི་སྐུ་གདུང་། ཁྱུང་བོ་ཁོག་གི་བླ་མ་རྩ་ཆེན་མང་བོ་ལ་མཆོད་མཇལ་ཞུས། རྫ་དམར་ཨ་བྲག་བླ་མ་སྣང་གསལ་རིན་པོ་ཆེ་མཇལ་བསྔོ་སྨོན་སོགས་ཞུས། གཙང་དུ་གཡུང་དྲུང་གླིང་དང་སྨན་རི་མཁར་སྣ་སོགས་མཆོད་མཇལ་ཞུས། སྟོད་པུ་ཧྲེང་ནས་གངས་ཏི་སེ་མཚོ་མ་པང་གཡུ་མཚོ་མཇལ་སྐོར་ཡང་ཞུས། ཀྲེ་ཏ་པུ་རི་དང་གུར་གྱམ་སོང་། སྐབས་དེར་ཁྱུང་སྤྲུལ་རིན་པོ་ཆེའི་སྐུ་གདུང་བཞེངས་བཞིན་པའི་དབུ་འཛིན་དགེ་སློང་བསྟན་འཛིན་དབང་གྲགས་མཆོག་གི་ཕྱག་ཏུ་མཆོད་འབྲེལ་དངུལ་དང་གཡུ་སོགས་ཕུལ། རྒྱ་བལ་མཚམས་ཀྱི་གནས་རྣམས་མཇལ། ཀ་སྦུག་ཕྱོགས་སུ་ཡོང་། གཡུང་གླིང་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་དང་སྨན་རིའི་ཡོངས་འཛིན་སངས་རྒྱས་བསྟན་འཛིན། དཔོན་སློབ་བསྟན་འཛིན་རྣམ་དག་སོགས་མཇལ། དེའི་རྗེས་རྒྱ་གར་ཤེམ་ལ་ས་ཁུལ་དུ་བོན་གྱི་གཞིས་ཆགས་འཛུགས་སྐབས་གཡུང་གླིང་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་དང་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་སོགས་ལ་གང་ཅི་ནུས་ཀྱི་ཞབས་ཕྱི་ཡང་ཞུས་འདུག སྨན་རིའི་མཁན་པོ་སོ་གསུམ་པ་གསར་བསྐོས་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེས་དགོན་པ་གསར་བསྐྲུན་མཛད་སྐབས་ཀྱང་ཞབས་ཕྱི་ཧུར་ཐག་ཞུ་མཁན་ཞིག་ཡིན་པར་མཁན་རིན་པོ་ཆེའི་ཞལ་ནས་ཐོས། སྣང་སྲིད་སྒྱུ་མར་གཟིགས་པའི་བྱ་བཏང་བརྩོན་འགྲུས་རིན་པོ་ཆེ་དང་ཕྱུག་ཚང་མཁན་པོ་སོགས་བླ་མ་རྩ་ཆེན་མང་བོ་མཇལ་རྒྱུ་དང་དབང་ལུང་སོགས་ཞུ་རྒྱུའི་སྐལ་བ་ཐོབ། གཞན་ཡང་ཕྱི་ལོ་༡༩༧༣ལོར་རྒྱ་གར་སྨན་རི་དགོན་དུ། ཕན་བདེ་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སླར་གསོ་རྒྱས་ཐབས་དང་། དེ་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་མཛད་འཕྲིན་འཕེལ་བ། བསྟན་པའི་སྦྱིན་བདག་རྣམས་དང་འགྲོ་རྣམས་དུཿཁས་འཆིང་བ་ལས་གྲོལ་ཏེ་བདེ་སྐྱིད་ཀྱི་ཉི་གཞོན་གསར་བཞད་ཡོང་བ་དང་། ཚེ་དུས་རྫོགས་དང་དབང་མེད་བཀུམ་པའི་རིགས་ཀུན་གཏན་བདེའི་སར་འཁོད་ཐབས་སོགས་ལ་དམིགས་ཏེ། དེར་ཡོད་སེར་སྐྱ་ཡོངས་ཀྱི་རང་མོས་ཀྱི་ཞལ་འདེབས་འདུས། ཡི་དམ་གསས་མཁར་མཆོག་ལྔ་དང་བོན་སྐྱོང་སྲུང་མ་ལ་འབུམ་ཚོགས་ཐེངས་བཞི་དང་། དེའི་རྗེས་རང་རེ་ཨ་མདོ་ཚོགས་སྤྱི་ནས་ཕ་ཡུལ་རང་རིགས་སྤུན་ཟླ་འདས་གྲོངས་ཕྱིན་པ་རྣམས་དང་ཚེ་ལྡན་གསོན་རིམ་ཤི་དགེ་ལ་དམིགས་ནས་མཆོད་པ་སྟོང་ཚར་མཆོད་མེ་འབུམ་མཆོད་དང་། ཀུན་རིག་ལས་བཞི་རྒྱུན་ལྔའི་གདུང་བསྲེགས་བཅས་འབུལ་སྐབས་ལས་འགན་གཙོ་བོ་ཁུར་ནས། དབུས་བཞུགས་མཁན་རིན་པོ་ཆེ་དང་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་དང་གྲུབ་དབང་བརྩོན་འགྲུས་རིན་པོ་ཆེ་བཅས་བླ་མ་སྐྱེས་ཆེན་མང་བོ་དང་དགེ་འདུན་འདུས་པ་རྒྱ་མཚོ་ལྷན་འཛོམས་ཀྱིས་ཁོང་རྣམ་པས་འཕོ་བ་ལམ་སྟོན་དང་བསྔོ་སྨོན་རྒྱ་ཆེ་བཅས་མཐར་བསྒྲུབས་པ་ལེགས་པར་མཛད་འདུག རྗེས་སུ་ཕ་ཡུལ་ཕེབས་ནས་རྫོང་གི་ཆབ་སྲིད་གྲོས་ཚོགས་ནང་ལ་བཞུགས། ཟིང་ཆུ་རྫོང་བོད་ཡིག་སློབ་གྲྭ་འཛུགས་རྒྱུ་སོགས་གང་ཐད་ལས་ཀ་རྒྱ་ཆེ་པོ་མཛད་འདུག་ཅེས་མཛད་རྣམ་རགས་བསྡུས་སོ། །དུང་རི་བླ་མ་བསྟན་འཛིན་ནོར་བུ་ནི་གོང་དུ་ཞུས་པ་ལྟར་བླ་མ་སྣང་ཞིག་ཚང་སྐུ་མདུན་ནས་ལོ་གསུམ་བཅད་རྒྱར་སྒྲུབ་མཛད་རྗེས་སྣང་ཞིག་ཚང་གི་བཀའ་དགོངས་ལྟར་རྔ་སྨད་ཅོག་ལོ་དགོན་དུ་ལོ་འགའི་རིང་བླ་མ་མཛད། རིམ་བཞིན་དུས་ངན་བྱུང་ནས་སྐུ་ཡུལ་ཕེབས་ནས་ལོ་མང་རིང་ས་ལས་རྡོ་ལས་ནང་དུའང་བཞུགས་དགོས་བྱུང་འདུག འོན་ཀྱང་དུས་ག་འདྲ་བྱུང་ཡང་ནམ་རྒྱུན་ཉམས་ལེན་དཔེ་མི་ཚད་གནང་མཁན་ཡིན་ཞེས་བླ་རྒན་རྣམ་པའི་ངག་ལས་ཐོས། ༡༩༨༢ལོ་ཆོས་དད་རང་མོས་ཀྱི་སྒོ་ཡངས་ཕྱེ་རྗེས་རང་དགོན་དུ་ར་ཐང་བླ་མ་གཡུང་དྲུང་བསྟན་དར་མཆོག་དང་ཕྱར་གྲུ་མཉམ་འདེགས་ཀྱིས་དགོན་པའི་ཕྱག་ལས་གང་མང་མཛད། རྗེས་སུ་དགོངས་པ་གཤེགས་དུས་སུའང་རྟགས་མཚན་མང་བོ་དང་སྐུ་སྙུན་བཞེས་སྐབས་དུང་རི་ཚང་གི་བུ་དང་ཚ་བོ་ནད་གཡོག་རྣམས་ལ་ཁོ་བོ་དོ་དགོང་ཐག་གཅོད་འཇོག ཁྱེད་ཅག་དཀའ་ལས་གནང་སོང་ཞེས་དེ་དགོང་དཀྱིལ་ཀྲུང་དྲང་ངེ་ཐོག་གཤེགས་འདུག ཚང་མས་དངོས་སུ་མཇལ། མདོར་ན་བླ་མ་རིག་འཛིན་གྱི་སྐོང་བ་ལས་གསུངས་པ་བཞིན། གདུང་རྒྱུད་བྱིན་གྱིས་བརླབས་པའི་བླ་མ་རྣམས། དངོས་གནས་མི་འདྲ་བ་ཁྱད་དུ་འཕགས་པ་ཡིན་མོད། འོན་ཏང་དེང་སང་སྙིགས་མ་ལྔ་བདོའི་དུས་འདིར། མ་རྟོགས་རྟོགས་སྐད། མ་མཐོང་མཐོང་སྐད། མི་ཤེས་ཤེས་མདོག་ཕྱི་རྫིག་ཁོག་སྟོང་། མི་ཆོས་བླ་མ་རྣམས་ཀྱི་འདུལ་སྐལ་ཡིན་པས། མི་རྣམས་ཉོན་མོངས་ཁ་རག་ལ། དད་པ་དག་སྣང་ཆུང་བས་ལས་བསོད་ནམས་དམན་སོང་ན་ཐབས་ཤེས་གང་ཡང་དབེན། དེའི་རྗེས་དུང་རི་ཀུན་དགའ་དང་སྟག་ལ་སྤུན་མཆེད་གཉིས། དུང་རི་སྟག་ལ་ནི་སྤྱི་ལོ༡༩༤༨་བོད་ས་བྱི་ལོར་འཁྲུངས། ཆུང་དུས་ནས་གཤིས་རྒྱུད་བཟང་ལ་དགེ་ལ་དད། ལྷག་ཏུ་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་ཞིང་རང་ཅག་ཁ་བ་ལྗོངས་ཀྱི་བླ་མ་རྩ་ཆེན་དང་མི་ཆེན་མང་བོ་མཇལ་འཕྲད་ཞུས། ལེགས་པའི་ཆའི་བསམ་འཆར་ཡང་གང་མང་ཞུས། ད་དུང་ཡ་རབས་ཀྱི་ལས་ཀ་མང་བོའི་མགོ་འདྲེན་གནང་ཞིང་། རང་དགོན་གསེར་གླིང་དགོན་པ་ལྟ་བུ་ལ་མཚོན་ནའང་སྨན་པའི་བྱ་བ་རྒྱ་ཆེན་པོར་མཛད། སྟབས་མ་ལེགས་པ་ནི་ལོ་ན་རེ་གསུམ་ཐོག་༢༠༡༠ཟླ་༤ནང་གློ་བུར་བར་ཆད་བྱུང་ནས་རྐྱེན་ལམ་དུ་ཕྱིན་པས་ཤིན་ཏུ་བློ་ཕམ་དང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཀྱང་རེད། ཁོང་ལྟ་བུ་བར་ཆོད་བྱུང་བ་དེ་ངེད་ཟིང་ཆུའི་ས་ཆ་ཡོངས་ལ་ཕམ་འོས་པའི་གནས་དང་ལྷག་པར་ཞང་ངུ་རྣམས་ལ་ཧ་ལས་པའི་བར་ཆད་རྐྱེན་ཆགས་ཞིག་ཀྱང་ངེས། སྟག་ལའི་བུ་བསྟན་པའི་རྒྱལ་མཚན་དང་ཤེས་རབ་བསྟན་འཛིན་རྣམ་པ་གཉིས། བསྟན་པའི་རྒྱལ་མཚན་གྱི་བུ་ཚེ་དབང་རྒྱལ་མཚན། ཀུན་དགའ་ནི་སྤྱི་ལོ༡༩༤༦ལོར་བོད་མེ་ཁྱི་ལོར་འཁྲུངས། ད་ལོ་ལོ་ན་དྲུག་ཅུ་རེ་ལྔ་སོན་ལ་བུ་སྐལ་བཟང་ཉི་མ་དང་ཕུན་ཚོགས་གཉིས། སྐལ་བཟང་ཉི་མའི་བུ་ཤེས་རབ་མཐར་ཕྱིན་དང་ངག་དབང་གྲགས་པ་གཉིས། བུ་གཉིས་ད་ལྟ་སློབ་གྲྭར་འགྲོ་ཞོར་དགོན་པའི་ནང་ཡིག་ཀློག་སྦྱོང་བཞིན་ཡོད།

ལས་འབྲས་བོན་གྱི་འོད་སྣང་དཀར་པོ་ཡིས། །
སྲིད་པའི་མུན་སྨག་འཐུག་པོ་འཇོམས་དང་ལྷན། །
དགེ་ལེགས་འོད་སྟོང་ཕྱོགས་བརྒྱར་རབ་འཕྲོས་པས། །
གཡུང་དྲུང་བསྟན་པའི་པད་ཚལ་སླར་རྒྱས་ཤོག །

   ཅེས་པར་དུང་རི་ཚང་གི་གདུང་རབས་ཉུང་བསྡུས་འདི་ནི་དུང་རི་སྤྲུལ་མིང་བྷ་ར་སྟེང་རྒྱལ་དུང་ཚང་དུ་དལ་རྟེན་རྙེད་པའི་བཀྲ་ཤིས་ནོར་བུའམ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་ནས་པེ་ཅིང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བགྱིས་པས་དགེ་བར་གྱུར་ཅིག་གུ། །

གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ༼མུ་ཁྲི་བཙན་པོ༽སྤྱིའི་འདོན་ཐེངས་ལྔ་བ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག