ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> མཁན་རབས་བླ་སྤྲུལ། >> རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག
རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བོན་སྒོ་རྩོམ་སྒྲིག་ཁང་།] [ཟླ་ཚེས། 10-07-04] [ཀློག་གྲངས། ]

    དེ་ཡང་རང་ཅག་ལས་ལྡན་སྐྱེ་འགྲོ་ཀུན་གྱི་འདྲེན་པ་ཆེན་པོ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ྋསྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནི། འཛམ་གླིང་ས་ཡི་ཡང་སྟེང་བསིལ་ལྡན་གངས་རིའི་ར་བས་ཡོངས་སུ་བསྐོར་བའི་ཞིང་ཁམས་ལས། མདོ་སྨད་ཅང་ཤེས་ཀྱི་ཆོལ་ཁའི་ཁོངས་སུ་གཏོགས་པ་ཤར་ཟིང་ཆུ་བྱ་བ། གནས་ཆེན་མཁའ་འགྲོ་འུག་གདོང་གི་ཉེ་འདབས་བྲག་གཡུང་དྲུང་ཁ་ཡི་མདུན་ཞོལ་དུ་ཆགས་པ་ཁྲི་སྐྱང་སྟོད་པའི་ཁོངས་གཏོགས་སྐྱང་ཚང་བྱ་བའི་སྡེ་བར་ལྗོངས་ལྡོང་ཚང་ཞེས་པའི་དུད་ཁྱིམ་ཆེན་པོ་དེར་ཡབ་ལྗོངས་ལྡོང་རྒྱལ་ལོ་དང་ཡུམ་བར་རོང་བཟའ་མཚོ་མོ་གཉིས་ལ་ལྕམ་གཅིག་དྲལ་ལྔ་ཡོད་པའི་ལྔ་པར་བོད་རབ་བྱུང་བཅུ་དྲུག་པའི་ས་མོ་སྦྲུལ་གྱི་ལོ་ཕྱི་ལོ་༡༩༢༩ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་སྐུ་བལྟམས་ཤིང་མཚན་ལ་བླ༷་མ༷་ཐ༷ར་ཞེས་གསོལ།
      ཤིང་མོ་ཕག་གི་ལོར་༡༩༣༥དགུང་གྲངས་བདུན་བཞེས་སྐབས་སྐྱང་ཚང་དགོན་གྱི་རྒན་བྱ་ཚང་སྲུང་ཐར་བྱ་བའི་སྐུ་མདུན་ནས་དང་པོ་ཀློག་འདོན་ཚེག་བརྡར་ནས་རིམ་བཞིན་སྦྱོངས་པ་གནང༌། དེ་ནས་རིམ་བཞིན་ཆོ་ག་རྒྱས་བསྡུས་དང་ཡི་དམ་གྱི་སྒྲུབ་སྐོར་སོགས་འདོན་ཆོག་གི་རིགས་ལ་བྱང་ཆུབ་པར་མཛད་ཅིང༌། ཞོར་དུ་དཀྱིལ་འཁོར་ཐིག་རྩ་དང་རྡུལ་ཚོན་བཅས་ལའང་ཧུར་བརྩོན་ཆེན་པོས་སྦྱངས་པ་གནང༌།
      ལྕགས་མོ་སྦྲུལ་གྱི་ལོ་༡༩༤༡དགུང་གྲངས་བཅུ་གསུམ་ཐོག་འདོན་དབྱངས་གྱེར་གསུམ་དང༌། འབུད་རྡུང་དཀྲོལ་གསུམ་སོགས་ལ་སྦྱངས་པ་ལྷོད་མེད་གནང༌། སྐབས་དེར་ཁོང་གི་མ་ཡུམ་སྐུ་ན་ཕྲ་བའི་དུས་ནས་ལྔ་ལམ་དུ་གྱུར་སྟབས་བསྟན་པ་ལྷུན་གྲུབ་མཆོག་གི་སྐུ་མདུན་ནས་གསོ་བ་རིག་པའི་གཞུང་ལས་དུས་བཞི་ཁམས་རྩིས་དང༌། མ་བུ་དགྲ་གྲོགས། རྩ་དཔྱད། སྨན་ངོ་སྤྲོད་པ་སོགས་ལ་སྦྱངས་པ་གནང་སྟེ་ཟིང་ཆུ་སྟོད་སྨད་དང་བབ་བཟོ་སོགས་ས་ཆ་གང་སར་མ་ཡུམ་གྱི་དགེ་རྩར་དམིགས་ཏེ་སྐྱེ་འགྲོ་ནད་ཀྱིས་གདུང་བ་རྣམས་ལ་སྨན་སྦྱིན་རྒྱ་ཆེར་བསྩལ།
      ཆུ་ཕོ་རྟ་ཡི་ལོ་༡༩༤༢དགུང་གྲངས་བཅུ་བཞིའི་ཐོག་འབུམ་འགྱུར་ཟླ་བའི་ནང་རྔ་ཡུལ་སྣང་ཞིག་དགོན་གྱི་ནང་ཆེན་ཤེས་རབ་བསྟན་འཛིན་མཆོག་གི་སྐུ་མདུན་ནས་སྔོན་འགྲོ་ཞུས་ཏེ། དེ་ནས་བཟུང་བསྟུད་མར་ལོ་གསུམ་གྱི་རིང་ལ་སྔོན་འགྲོ་ཚར་གསུམ་བསགས་སྦྱངས་མཛད།
      ཤིང་ཕོ་སྤྲེལ་གྱི་ལོ་༡༩༤༤དགུང་གྲངས་བཅུ་དྲུག་གི་ཐོག་ཡབ་དང་ལྷན་དུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་དང་གནའ་མཁར་ཟི་ལིང་སོགས་སུ་ཕེབས་ཏེ་ཁེ་ཚོང་གི་བྱ་བའང་ཅུང་ཙམ་གནང༌། དགའ་མལ་དགོན་གྱི་དཔོན་སློབ་ཤེས་རབ་ཕུན་ཚོགས་མཆོག་གིས་མཚན་ལམ་དང་རྟེན་འབྲེལ་སོགས་ལ་བརྟེན་ནས་མཚན་ལ་ཤེས་ར༷བ་ཚུ༷ལ་ཁྲིམས་སུ་གསོལ། སྐབས་ཤིག་ཏུ་སྐྱབས་རྗེ་མཆོག་མཁའ་ཡགས་མཁས་པའི་ཡང་སྤྲུལ་ཡིན་ཞེས་སྐྱེ་བོ་ཀུན་ལ་གྲགས་ནའང་གང་གིས་དངོས་སུ་ངོ་བཞེས་མ་མཛད།
      ཤིང་མོ་བྱ་ཡི་ལོ་༡༩༤༥དགུང་གྲངས་བཅུ་བདུན་ཐོག་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་སྐར་དང་བསྟུན་ཏེ་སྐྱང་ཚང་བླ་མ་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་སྐུ་མདུན་ནས་གཙང་གཙུག་ཉེར་ལྔའི་སྡོམ་པ་མནོས་ཤིང་མཚན་ལ་ཤེས་ར༷བ་རྣ༷མ་ད༷ག་ཏུ་གསོལ། ཧོར་པ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་གི་ཞབས་ལ་གཏུགས་ཏེ་སུམ་རྟགས་དག་གསུམ་དང༌། མངོན་བརྗོད་སྙན་ངག རྩིས་དཀར་ནག མཚན་ཉིད་རིག་པའི་བསྡུས་ཚད་ཐེག་རིམ་ས་ལམ་ཕར་ཕྱིན་སོགས་ལ་གསན་བསམ་ལེགས་པར་མཛད་ཅིང༌། དེ་ཤེད་ཙམ་ནས་ལོ་དྲུག་གི་རིང་ལ་དགོན་པའི་འཆམ་དཔོན་གྱི་ཐུགས་འགན་བཞེས།
      ཆུ་མོ་སྦྲུལ་གྱི་ལོ་༡༩༥༣དགུང་གྲངས་ཉེར་ལྔའི་ཐོག་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས།
        ཤིང་མོ་ལུག་གི་ལོ་༡༩༥༥དགུང་གྲངས་ཉེར་བདུན་ཐོག་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་མངའ་བདག་ཁྲོ་སྐྱབས་ཀྱི་རྒྱལ་ས་དྲུག་ཟུར་དུ་ཕེབས་ནས་ཤིང་དཔར་དུ་འཁོད་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཉིས་བླུས་ཏེ་སྐྱང་ཚང་དགོན་པར་ནང་རྟེན་དུ་ཕུལ་ཞིང༌། མཛད་བཅུ་དང་ཆོ་ག་བཅུ་གཉིས་ཁམས་ཆེན་བཅས་བླུས་ཏེ་ཡབ་ཡུམ་གྱི་བཀའ་དྲིན་གཞལ་ཕྱིར་ཡབ་གཞིས་ལྗོངས་ལྡོང་ཚང་གི་མཆོད་ཁང་གི་ནང་རྟེན་དུ་བཞག
མེ་ཕོ་སྤྲེལ་གྱི་ལོ་༡༩༥༦དགུང་གྲངས་ཉེར་བརྒྱད་ཐོག་རྫ་ཨ་བྲག་ཏུ་ཨ་ལགས་སྣང་གསལ་ནམ་མཁའ་རྒྱལ་མཚན་ཞེས་སྙན་པར་གྲགས་པའི་བླ་མ་དམ་པ་དེའི་དྲུང་ནས་དབང་ལུང་མང་དུ་ཞུས་ཤིང༌། དེ་མཚམས་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ཕེབས་ཏེ་ལམ་ལྷ་དཔོན་སློབ་ཀྱི་མདུན་ནས་གྲྭ་སའི་སྒྲིག་སྲོལ་ལྟར་གཙང་གཙུག་གི་སྡོམ་པ་ཞུས་ཤིང་མཚན་ལ་སང༷ས་རྒྱ༷ས་བསྟ༷ན་འཛིན་དུ་གསོལ། སྒང་རུ་དཔོན་སློབ་བླ་མར་བསྟེན་ནས་དང་ར་ཕྱུག་ཚོ་རིན་པོ་ཆེ་དང་ལྷན་དུ་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་དུ་གསན་ཞིང༌། གྲྭ་ས་གོང་མ་བཀྲ་ཤིས་སྨན་རིར་ཕེབས་ཏེ་སྨན་རིའི་ཁྲི་འཛིན་སུམ་ཅུ་པ་བསྟན་པ་བློ་གྲོས་མཆོག་གི་སྐུ་མདུན་ནས་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་དབང་ལུང་ལེགས་པར་མནོས།
        དེ་རྗེས་ལྷ་སར་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཟིང་ཆུ་ཁམས་ཚན་དུ་སྒྲིག་ཞུགས་ཀྱིས་སྒོ་མང་གྲྭ་ཚང་གི་མདོ་བ་མཁན་པོ་དང་རྒན་སྦྱིན་པ་རྒྱ་མཚོ་སོགས་ཀྱི་སྐུ་མདུན་ནས་གྲུབ་མཐའ་དང༌། དོན་བདུན་ཅུ་པ། ས་ལམ། ཕར་ཕྱིན་བཅས་ལ་གསན་བསམ་གནང༌།
       ས་མོ་ཕག་གི་ལོ་༡༩༥༩དགུང་གྲངས་སོ་གཅིག་ཐོག་བོད་སྤྱི་ཡོངས་ལ་དུས་འགྱུར་བྱུང་སྐབས་རྐྱེན་དབང་གིས་ལྷ་སར་བཞུགས་ཐབས་བྲལ་ཏེ་སྟོད་ཀྱི་གྲྭ་ས་རྣམ་བཞིའི་ཡ་གྱལ་ཟངས་རི་རྨེའུ་ཚང་གི་གདན་ས་སོགས་ལ་མཇལ་སྐོར་དུ་ཕེབས།
       ལྕགས་ཕོ་བྱི་བའི་ལོ་༡༩༦༠དགུང་གྲངས་སོ་གཉིས་ཐོག་རྒྱ་གར་ཕྱོགས་སུ་ཕེབས་སྐབས་ལམ་བར་དུ་བལ་བོད་ས་མཚམས་ཀྱི་གློ་ཆུ་མིག་བརྒྱ་རྩ་དང༌། ཀླུ་བྲག་དགོན། རྫོང་གསར་པ། དོལ་པོ་ཚྭ་དགའ། རྟ་རབ་སྲིབ་ཕྱོགས། བསམ་གླིང་དགོན་པ། མཚོ་སྤུངས་མོ། བར་གླེ་སོགས་སུ་ཕེབས་ནས་དེར་བཞུགས་བླ་མ་རྣམས་ཀྱི་དྲུང་ནས་རྩ་ཆེའི་དབང་ལུང་མང་པོ་ཞུས་ཤིང༌། རིན་བྲལ་གྱི་གསུང་རབ་དུ་མའང་གཡར་ཞུས་མཛད་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཕྲུལ་དཔར་དུ་བཏབ་པ་མ་ཟད། གསུང་རབ་རྣམས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དུ་མའི་དཔེ་མཛོད་དང་རིག་གཞུང་གི་བསྟི་གནས་གལ་ཆེན་ཁག་ཏུ་འགྲེམས་སྤེལ་ཡང་མཛད།
      ལྕགས་མོ་གླང་གི་ལོ་༡༩༦༡དགུང་གྲངས་སོ་གསུམ་ཐོག་དབྱིན་ཇིའི་མཁས་དབང་བདེ་གསལ་དགེ་རབ་(Prof. David Snellgrove)ཀྱིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་(London)གྱི་གཙུག་ལག་སློབ་གཉེར་ཁང་ཆེན་མོར་དགེ་རྒན་གནང་རྒྱུའི་རེ་བསྐུལ་ཞུས་པ་བཞིན་དབྱིན་ཡུལ་དུ་ཕེབས་ཏེ། སློབ་གཉེར་ཁང་དེར་བོད་དང་བོན་གྱི་རིག་གཞུང་འཆད་ཁྲིད་ཀྱི་ཞོར་དུ་དབྱིན་ཇིའི་སྐད་ཡིག་ལ་སྦྱངས་བརྩོན་གནང་སྟེ་ལོ་གསུམ་ཙམ་བཞུགས། དབྱིན་ཡུལ་དུ་བཞུགས་སྐབས་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་རིག་གཞུང་ཚོགས་འདུ་དུ་མར་ཞུགས་ཤིང༌། ཁྱད་པར་དུ་ཡེ་ཤུའི་བླ་ཆེན་(Pope Paul VI)མཆོག་ལ་མཇལ་བཅར་གྱིས་ཆོས་ལུགས་ཕན་ཚུན་གྱི་དོན་སྙིང་སྐོར་ལ་གསུང་མོལ་མང་དུ་གནང༌། 
      ཆུ་མོ་ཡོས་ཀྱི་ལོ་༡༩༦༣དགུང་གྲངས་སོ་ལྔའི་ཐོག་ཕྱིར་རྒྱ་གར་དུ་ཕེབས། གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མ་སུ་རི་(Mussoorie)རུ་ཡོད་པའི་བྱེས་འབྱོར་བོད་མིའི་སློབ་གྲྭ་ཐོག་མ་དེའི་དགེ་རྒན་ཆེན་མོར་བསྐོ་བཞག་མཛད་པས། བར་སྐབས་སུ་སློབ་གྲྭ་རྒྱ་བསྐྱེད་དང་མཐུན་རྐྱེན་སོགས་ཀྱི་དགོས་དམིགས་ལ་བརྟེན་ནས་སློབ་གྲྭ་དེ་རྒྱ་གར་ལྷོ་ཕྱོགས་སུ་སྤོ་རྒྱུའི་གྲྭ་སྒྲིག་གཏན་འཁེལ་བྱུང་མོད་ཀྱང༌། གཞན་གྱི་ཕྲག་དོག་གི་རྐྱེན་ངན་མང་པོ་ཞིག་ལ་བརྟེན་ནས་ལས་རིམ་དེ་དག་འགྲུབ་མ་ཐུབ་པ་མ་ཟད། ཁོང་གི་སྐུ་སྲོག་ལའང་ཉེན་ཁ་བྱུང་སྟེ་གནས་སྐབས་སུ་ཉེན་ཡོལ་ཆེད་ནོར་ཝེ་(Norway)རུ་བསྐྱོད་དེ་ཨོ་སུ་ལོ་མཐོ་སློབ་(Oslo University)ཏུ་ལོ་གཉིས་རིང་དགེ་རྒན་གྱི་ཕྱག་ལས་གནང་ནས་བཞུགས།
      ས་ཕོ་སྤྲེལ་གྱི་ལོ་༡༩༦༨དགུང་གྲངས་བཞི་བཅུའི་ཐོག་བོན་གཞིས་ཐོབ་རྒྱལ་གསར་པ་རུ་གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་མཆོག་དང༌། གཙང་སྨན་རིའི་དགོན་གྱི་ཡོངས་འཛིན་རྣམ་གཉིས་ཀྱིས་གཙོས་པའི་ཕྱོགས་མཐའ་ཁག་ནས་འཛོམས་པའི་བོན་གྱི་བླ་སྤྲུལ་རྣམས་ཀྱིས་སྔར་སྲོལ་ལྟར་བོན་སྐྱོང་གནད་སྒྲུབ་ཀྱིས་ཟན་རྟགས་བསྒྲིལ་ཏེ་ཁོང་ཉིད་སྨན་རིའི་ཁྲི་འཛིན་སོ་གསུམ་པར་བོན་སྐྱོང་བཀའ་སྲུང་གི་ལུང་རྟགས་སུ་བབས་པས། རྒྱལ་བ་མཉམ་མེད་ཆེན་པོའི་རྒྱལ་ཐེབས་ཀྱི་ཁྲི་རུ་མངའ་གསོལ་གྱིས་མཚན་ལ་ལུ༷ང་རྟོགས་བསྟ༷ན་པ༷འི་ཉི་མ༷་དཔ༷ལ་བཟ༷ང་པོ་ཞེས་སུ་གསོལ།
      ལྕགས་ཕོ་ཁྱི་ཡི་ལོ་༡༩༧༠དགུང་གྲངས་ཞེ་གཉིས་ཐོག་བོན་གཞིས་ཐོབ་རྒྱལ་གསར་པའི་གནས་སུ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགོན་སྡེ་ཕྱག་འདེབས་ཀྱིས་གཙུག་ལག་ཁང་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་བཞེངས་བསྐྲུན་མཛད་དེ། གྲྭ་ས་གོང་མའི་ཕྱག་སྲོལ་བཟང་པོ་རྣམས་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་མཛད་པ་ངལ་མེད་དུ་བསྐྱངས།
      ཤིང་མོ་ཡོས་ཀྱི་ལོ་༡༩༧༥དགུང་གྲངས་ཞེ་བདུན་ཐོག་བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་མོའི་སློབ་གྲྭ་ཞེས་རྒྱ་གར་དབུས་གཞུང་ནས་གཟིགས་རྟོགས་ཡོད་པའི་སློབ་གྲྭ་ཞིག་ཏུ་བསྐྲུན་ཞིང༌། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་སླེབས་པའི་བོན་ཕྲུག་ཉམ་ཐག་དང་དྭ་ཕྲུག་རྣམས་བསྡུས་ནས་བོན་ཕྲུག་བདེ་དོན་ཞེས་པའི་ཚོགས་སྡེ་བཙུགས་ཏེ་བོན་གྱི་རིག་གཞུང་དང་དེང་རབས་ཤེས་ཡོན་སྦྱོང་བའི་སྐལ་པ་བསྩལ།
       ས་ཕོ་རྟ་ཡི་ལོ་༡༩༧༨དགུང་གྲངས་ལྔ་བཅུའི་ཐོག་ྋདཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ནས་ཐུན་མིན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་ཀུན་ལ་འཆད་ཉན་བྱས་ཏེ་མཐར་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་འབུལ་བའི་བཅའ་སྒྲིག་གཏན་འབེབས་མཛད།
      མེ་མོ་ཡོས་ཀྱི་ལོ་༡༩༨༧དགུང་གྲངས་ང་དགུའི་ཐོག་ཝཱ་ར་ཎ་སིའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་དང་བཀའ་བགྲོས་གནང་སྟེ་སློབ་གཉེར་ཁང་དུ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གསར་འཛུགས་མཛད།
      ས་ཕོ་འབྲུག་གི་ལོ་༡༩༨༨དགུང་གྲངས་དྲུག་ཅུའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོན་གཞིས་ཐོབ་རྒྱལ་གསར་པར་གདན་འདྲེན་ཞུས་ཏེ་ྋདཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆད་ཉན་གྱི་འབྲས་རྟགས་རྣམས་སྤྱན་སྔར་བསྟར་བས་ྋགོང་ས་ྋམཆོག་གིས་ཐུགས་སྣང་ཆེན་པོས་ཞིབ་གཟིགས་ཀྱིས་དགྱེས་ཉམས་དང་བཅས་འདི་ནས་བསླབ་པ་མཐར་སོན་པའི་དགེ་བཤེས་རྣམས་ལ་ངོས་བཞེས་ཕྱག་རྟགས་བསྩལ་རྒྱུའི་ཞལ་བཞེས་ཀྱང་ཐོབ། ལོ་དེར་ཕྱོགས་མཐའ་ནས་སླེབས་པའི་བོན་ཕྲུག་ཕོ་མོ་དབྱེར་མེད་ཞུགས་ཡུལ་བོན་བུ་ཁྱིམ་ཁང་ཡང་གསར་དུ་བཙུགས། སྨན་རིའི་ཁྲི་འཛིན་རིམ་བྱོན་རྣམས་ཀྱིས་རང་གི་སྐུ་ཐོག་ལ་སྒྲུབ་ཆེན་རེ་ཚོགས་སྲོལ་ཡོད་པ་བཞིན་ལོ་དེར་ྋསྐྱབས་རྗེ་མཆོག་གིས་ཁྲོ་བོ་འོད་ཟེར་འཁྱིལ་པའི་སྒྲུབ་ཆེན་བཙུགས་ནས་བྱིན་རླབས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་བདལ་བར་མཛད།
      ཆུ་ཕོ་སྤྲེལ་གྱི་ལོ་༡༩༩༢དགུང་གྲངས་རེ་བཞིའི་ཐོག་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཉིན་ཡང་སྟོན་དགེ་བཤེས་འཕྲིན་ལས་ཉི་མ་མཆོག་ྋདཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་རིན་པོ་ཆེའི་བཞུགས་ཁྲིར་མངའ་གསོལ་མཛད།
      ཤིང་ཕོ་ཁྱི་ཡི་ལོ་༡༩༩༤དགུང་གྲངས་རེ་དྲུག་ཐོག་ྋསྐྱབས་རྗེ་མཆོག་བོད་གངས་ཅན་ལྗོངས་སུ་ཐོག་མར་ཆིབས་བསྒྱུར་བསྐྱངས་ཏེ་གྲྭ་ས་གོང་མ་ྋབཀྲ་ཤིས་སྨན་རིའི་གླིང་དུ་རྒྱལ་བ་མཉམ་མེད་ཆེན་པོའི་གསེར་ཁྲིར་མངའ་གསོལ་གྱི་རྟེན་འབྲེལ་མཛད་ཅིང༌། གཞན་ཡང་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཕེབས་ནས་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་ལ་དབང་ལུང་མན་ངག་གི་གདམས་ཟབ་མང་དུ་གནང་སྟེ་སྐྱེ་འགྲོའི་ཡིད་ཀྱི་ཞིང་སར་ཐར་པའི་ས་བོན་ཡོངས་སུ་བསྐྲུན།
      མེ་མོ་གླང་གི་ལོ་༡༩༩༧དགུང་གྲངས་རེ་དགུའི་ཐོག་ྋདཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་དབུ་འཛུགས་གནང་སྟེ། དགུན་ཟླ་གཅིག་གི་རིང་དམིགས་བསལ་གཡས་རུའི་སྟོན་པ་རྣམས་ཀྱིས་མཛད་པའི་གཞུང་ལུགས་ཁག་ལ་འཆད་ཉན་མཛད་རྒྱུའི་སྲོལ་རྒྱུན་བསྟུད།
      ལྕགས་མོ་སྦྲུལ་གྱི་ལོ་༢༠༠༡དགུང་གྲངས་དོན་གསུམ་ཐོག་རྗེ་རུ་དགེ་བཤེས་བསྟན་པ་གཡུང་དྲུང་མཆོག་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེའི་བཞུགས་ཁྲིར་མངའ་གསོལ་ཞིང༌། ལོ་དེར་བོན་གཞིས་ཐོབ་རྒྱལ་གསར་པའི་ལྷོ་ངོས་སུ་བཙུན་དགོན་རདྣ་སྨན་གླིང་བྱབྱཕྱག་བཏབ།
      མེ་མོ་ཕག་གི་ལོ་༢༠༠༧དགུང་གྲངས་དོན་དགུའི་ཐོག་ྋདཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་དཔེ་མཛོད་ཆེན་མོ་ཡོངས་སུ་བཞེངས་བསྐྲུན་གྲུབ་སྟེ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་གདན་འདྲེན་ཞུས་པས། དཔེ་མཛོད་དུ་བོན་བན་ཟུང་གི་བཀའ་འགྱུར་དང་བརྟེན་འགྱུར་གྱིས་གཙོས་པའི་ཆོས་བརྒྱུད་རིས་མེད་ཀྱི་གསུང་རབ་ཕུན་སུམ་ཚོགས་པར་འཛོམས་པ་ལ་ྋགོང་ས་ྋམཆོག་གིས་ཐུགས་དགྱེས་མཉེས་ཆེན་པོས་གསུང་གི་བསྟོད་བསྔགས་ཡང་ཡང་བསྩལ།
       མདོར་ན་ད་ལྟ་ས་ཕོ་བྱི་བའི་ལོ་༢༠༠༨དགུང་གྲངས་བརྒྱད་ཅུར་ཕེབས་པའི་བར་ལ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོན་འབྲེལ་རྒྱ་ཆེར་བསྐྱངས་པ་དང༌། གངས་ཅན་གྱི་ལྗོངས་སུའང་སྔ་ཕྱིར་ཐེངས་གསུམ་ཞབས་ཀྱིས་བཅགས་ཏེ་བོན་དགོན་ཁག་ལ་གདམས་འབྲེལ་མཛད་པར་མ་ཟད། གསུང་རྩོམ་ལའང་བོན་གྱི་བསྟན་རྩིས་ཀུན་བཏུས་དང༌། བསྟོད་ཚོགས་ཐོར་བུ། ཆོ་ག་ཁག་གི་ཟིན་བྲིས་སོགས་དུ་མར་མཆིས་ཤིང༌། གཞན་ཡང་གཞོན་སྐྱེས་བོན་འབངས་སྟོང་ཚོ་བརྒལ་བར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་བསྩལ་ཞིང༌། དེ་བཞིན་དགེ་བའི་བཤེས་གཉེན་ཆེན་པོ་བརྒྱ་གྲངས་ལོན་པ་ལ་རབ་འབྱམས་པའི་མཚན་བཏགས་བསྩལ་ཏེ་རྒྱ་བལ་བོད་གསུམ་ཀུན་ཏུ་དགོན་པའི་མཁན་པོ་དང༌། སློབ་དཔོན་སོགས་མངགས་གཏོང་མཛད་ཅིང༌། ནུབ་ཕྱོགས་རྒྱལ་ཁབ་རྣམས་སུ་བོན་ཚོགས་འདྲ་མིན་གྱི་དབུ་ཁྲིད་དང༌། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན། ཞིབ་འཇུག་པའི་མཁས་དབང་སོགས་སྐྱེད་སྲིང་མཛད་པའི་མུར་ད་ལྟ་ྋདཔལ་གཤེན་བསྟན་སྨན་རིའི་གླིང་འདིར་ཡང་ཞྭ་དཀར་བསྟན་པའི་རིང་ལུགས་འཛིན་པའི་བུ་སློབ་ཕྱོགས་མཐའ་ཀུན་ནས་ཇེ་མང་ནས་ཇེ་རྒྱས་སུ་སྤེལ་བཞིན་པ་ལགས་སོ།། །།

༼དཔོན་གསས་མཆོད་པའི་གཤེན་དབྱངས༽ལས་བཤུས་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག