ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> མཁན་རབས་བླ་སྤྲུལ། >> ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག
ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དཔོན་སློབ་ཚངས་པ་བསྟན་འཛིན།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

      ལྔ་སྙིགས་གདུལ་བྱའི་འདྲེན་མཆོག སྔར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག མཁས་གྲུབ་སྨྲ་བའི་སེང་གེ༧སྨན་སློབ་གཉིས་པ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི། ཞང་ཞུང་སྒོ་པའི་ས་གནས། མི་རྗེ་ཁྱུང་དཀར་རྒྱལ་པའི་མངའ་འབངས་ཁམས་ཉིན་ཞེས་པའི་ཡུལ་དུ་ཡབ་དྲེ་བོ་དཔག་བསམ་དང་། ཡུམ་ལྡོང་བཟའ་ག་ཆུང་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་མེ་སྟག་ཕྱི་ལོ་༡༩༢༦ལོར་ངོ་མཚར་གྱི་ལྟས་བཅས་སྐུ་བལྟམས། ཆུང་ནས་རྒྱུད་དུལ་བ་དང་། རང་གཤིས་བཟང་བ་སོགས་སྐྱེས་བུ་དམ་པའི་ངང་ཚུལ་རང་བཞིན་ལྷན་སྐྱེས་སུ་མངའ་བ་དང་། སྤྲུལ་པའི་སྐུ་མཆོག་ཁྱད་དུ་འཕགས་པའི་ཡོན་ཏན་དུ་མ་རྒྱུད་ལ་ལྡན། ཆུང་དུས་ནས་མཚན་ལ་འཆི་མེད་གཡུང་དྲུང་ཞེས་གསོལ། དགུང་ལོ་བརྒྱད་ཙམ་ནས་ཁྱུང་པོ་སྟེང་ཆེན་དགོན་དུ་བཞུགས་ཏེ་ཨ་ཁུ་དབུ་མཛད་རྒན་པའི་མདུན་ནས་ཡོན་ཏན་གྱི་གཞི་མ་བྲིས་ཀློག་ལེགས་པར་བསླབས། དགུང་ལོ་བཅུ་གཅིག་བཞེས་ཚེ་ཞང་པོས་ལྡོང་ཆུང་ཚང་དུ་ཕར་ཁྲིད་ནས་ཞང་པོ་ཚེ་རིང་གཡང་འཕེལ་དང་། ཨ་མྱེ་ལྷ་བཟོ་དབུ་རྒན་གཉིས་ཀྱིས་ལྷ་བྲིས་བསླབས། དེ་ནས་ལྷ་བཟོ་ཚོ་དང་མཉམ་མཐོང་གྲོལ་རི་ཁྲོད་དང་། གཡང་དྲུང་དཔལ་རི། ཀོ་རྒྱལ་དགོན་བཅས་ལ་ཕེབས་ནས་ལྷ་འབྲི་དང་། ཤིང་ཚོན་སོགས་ཀྱི་ལས་རོགས་གནང་ཞོར་རི་མོའི་སྒྱུ་རྩལ་ལ་བྱང་ཆུབ་པར་མཛད། གཡང་དྲུང་དཔལ་རིར་བཞུགས་སྐབས་གྲུབ་ཆེན་བཟོད་པ་རྒྱལ་མཚན་རིན་པོ་ཆེས་ཁོང་ཉིད་མ་འོངས་བསྟན་པའི་བདག་པོར་གཟིགས་ཏེ་ཉིན་ལྟར་ཁྲུས་གནང་བ་དང་། གྲུབ་ཆེན་གོང་མ་རྣམས་ཀྱི་རྣམ་ཐར་གསུངས་ནས་གཅེས་སྤྲས་མཛད། དེ་ནས་དགུང་ལོ་བཅོ་ལྔ་ཙམ་བཞེས་ཚེ་ཡུལ་གྲོགས་ལོངས་སྤྱོད་སོགས་ལ་སྐྱོ་བ་སྐྱེས་ཏེ་གྲུབ་ཆེན་གོང་མ་རྣམས་ཀྱི་རྣམ་ཐར་བཞིན་ངེས་མེད་རི་ཁྲོད་འགྲིམས་པའི་ཐུགས་འདུན་ལྷག་པར་འཁྲུངས་པ་དང་དུས་མཚུངས་སུ་གྲྭ་ས་གཡུང་དྲུང་གླིང་གི་འཚོགས་ཁང་ཀ་བརྒྱ་མ་གསར་དུ་བཞེངས་ནས་ལྡེབ་རིས་འབྲི་མཁན་གྱི་ལྷ་བཟོ་གདན་འདྲེན་ཆེད་སྨོན་རྒྱལ་གཉེར་པ་ཚུལ་ཁྲིམས་གྲགས་པ་ཁྱུང་ཡུལ་དུ་འབྱོར་ནས་ལྡོང་མདོ་ཚང་གི་ལྷ་བཟོ་རྣམས་གདན་དྲངས་པས། ཁོང་ཉིད་གྲྭ་སར་ཕེབས་རྒྱུར་ཐུགས་ཐག་བཅད་དེ་ལྷ་བཟོ་ཚོའི་མཉམ་དུ་གདན་ས་བར་མ་གཡུང་དྲུང་གླིང་དུ་ཕེབས། དེར་ལྷ་བཟོ་ཚོའི་མཉམ་དུ་འཚོགས་ཁང་གི་ལྷ་འབྲིའི་ལས་དོན་མཇུག་གྲུབ་པར་གནང་། དེའི་སྐབས་ཚ་རོང་དཔོན་སློབ་དང་། དགེ་སློང་ཤེས་རབ་ཚུལ་ཁྲིམས་རྣམ་གཉིས་ཀྱི་དྲུང་ནས་དབང་ལུང་ཁྲིད་སོགས་དུ་མ་གསན། ལྷག་པར་སློབ་དཔོན་བཟང་རྒྱལ་གྱི་དྲུང་ནས་ཁ་དོག་དཀའ་དམར་གྱི་རིག་ལམ་ལ་སྦྱངས་པ་སོགས་ཀྱིས་བར་གསེང་གི་དུས་རྣམས་དོན་ཡོད་པར་མཛད།
       ༡༩༤༢ལོར་དགུང་ལོ་བཅུ་བདུན་བཞེས་པ་དང་། གྲྭ་ས་སྨན་རིང་ཕེབས་ཏེ་རྒྱལ་ཚབ་ཚག་དཔེ་དགེ་སློང་དང་། དགེ་རྒན་བསོད་ནམས་རིན་ཆེན་སོགས་ཀྱི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་བཞེས་ཏེ་སྡོམ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་བས་ངུར་སྨྲིག་འཛིན་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར། དེ་ནས་ཁོང་དང་རྒྱས་དགེ་ཤེས་རབ་སེང་གེ་ཤེས་རབ་ཚུལ་ཁྲིམས་གསུམ་བལ་ཡུལ་དང་། གངས་རིན་པོ་ཆེ་སོགས་ལ་གནས་སྐོར་དུ་ཕེབས་ཏེ་སྟོད་ཕྱོགས་ཀྱི་གནས་ཕལ་ཆེར་མཇལ་ནས་ལོ་རྗེས་མའི་བོད་ཟླ་བཞི་པའི་ནང་དུ་གཡུང་གླིང་དུ་འབྱོར། དེར་དཔོན་སློབ་གསར་པའི་མདུན་ནས་བསྡུས་གྲྭའི་རྣམ་བཞག་དང་ལུང་རྟོགས་རྒྱ་མཚོའི་ནག་རྩིས། གཤེན་རྩིས་ལྔ་བསྡུས་བཅས་ལ་སྦྱངས་པ་མཐར་ཕྱིན་པ་གནང་བ་དང་། ལྷ་སར་ཕེབས་ཞོར་དུ་འགྲུ་སྒོམ་རིན་པོ་ཆེ་མཇལ་ནས་ཚེ་སྒྲུབ་བྱ་རི་མའི་དབང་དང་། ཨུད་དཔལ་རྒྱས་ཕྲེང་གི་ལུང་བཅས་གསན།
དགུང་ལོ་བཅུ་དགུ་བཞེས་པའི་ཤིང་སྤྲེལ་ཕྱི་ལོ༡༩༤༤ལོར་གྱེར་མཚོའི་དོ་རུ་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་བཞུགས་པའི་མདུན་དུ་ཕེབས་ནས་ལོ་ངོ་ལྔ་ཙམ་གྱི་རིང་ལ་དཀར་རྩིས་གཟའ་ལྔ་དང་། ཞག་གསུམ། འདས་ལོ་སྤོ་ཚུལ་བཅས་ཚང་མ་དང་། དག་སྙན་ངག དབྱངས་ཅན་སྒྲ་མདོ། སྡེར་སྦྱོར། དཀྱིལ་འཁོར་ཐིག་རྩ། ནམ་མཁའ་འདྲེན་སྟངས་མདོ་རྒྱུད་ནོ་བེ་ཀ སྐད་ཀྱི་བྱེ་བྲག་བཅས་ལ་སྦྱངས་པ་དང་། མཛོད་འགྲེལ་དང་། ས་ལམ་འགྲེལ། གསང་དོན་རྣམ་འབྱེད་སོགས་ཀྱི་ཁྲིད་དང་། ཡི་དམ་དུ་མའི་དབང་བཅས་གསན་པ་དང་། གཞུང་རྣམས་ཀྱི་རྩ་བ་ཐུགས་ལ་བཟུང་། གཞན་ཡང་སྔོན་འགྲོ་བསག་སྦྱོང་དང་། དངོས་གཞིའི་ངོ་སྤྲོད་བཅས་ཞུས་ཏེ་བླ་མེད་རྫོགས་པ་ཆེན་པོའི་འོད་གསལ་གྱི་ཉམས་ལེན་ལ་བརྩོན་པར་མཛད།
      ༡༩༤༨ལོར་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་བཀའ་བཞིན་སྨན་རིང་ཕེབས་ཏེ་བཤད་སྒྲུབ་འདུས་སྡེའི་ཁོངས་སུ་ཞུགས་ནས་ཧོར་སློབ་སངས་རྒྱས་བསྟན་འཛིན་གྱི་དྲུང་ནས་བསྡུས་རྟགས་བློ་གསུམ་དང་། ཚད་མ། ཕར་ཕྱིན། ཐེག་རིམ་འགྲེལ། དབུ་མཛོད་འདུལ་གསུམ་དང་། མ་རྒྱུད་སོགས་སྔགས་ཀྱི་སྐོར་དང་། ཞང་ཞུང་སྙན་རྒྱུད་བཀའ་ཉམས་གཉིས་དང་། གལ་མདོ་སོགས་རྫོགས་པ་ཆེན་པོའི་གཞུང་བཅས་ལ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་ཚིག་དོན་གཉིས་ཆ་ནས་སྒྲོ་འདོགས་ཆོད་ངེས་སུ་མཛད། དགུང་ལོ་ཉེར་བདུན་བཞེས་པའི་ཆུ་འབྲུག་༡༩༥༢ལོར་ཁོང་དང་། ཡོན་ཏན་༼མཁར་སྣའི་རྒྱལ་ཚབ་༽ལྷུན་གྲུབ་གཉིས་ཀྱིས་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་རྩོད་རྒྱུགས་དམ་བཅའ་བཞུགས་ནས་དགེ་བཤེས་ཀྱི་མཚན་རྟགས་བཞེས་པས་བརྒལ་རྟགས་རིག་པའི་གནས་ལ་ཕུལ་དུ་ཕྱིན་པའི་བསྔགས་བརྗོད་ཀྱི་རོལ་མོ་མཁན་སློབ་ཡོངས་ཀྱིས་བཀྲོལ། དེ་ནས་མཁན་སློབ་རྣམ་པས་རྒྱལ་བ་སྨན་རི་བའི་སློབ་དཔོན་གྱི་བཞུགས་ཁྲིར་མངའ་གསོལ་མཛད་པ་དང་། མཁན་ཆེན་ཉི་མ་དབང་རྒྱལ་གྱི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བཞེས། གཞན་ཡང་མཁར་སྣའི་རྒྱལ་ཚབ་ཟུར་པ་གཡུང་དྲུང་རྒྱལ་མཚན་དང་། མཁན་ཆེན་བསྟན་པ་བློ་གྲོས། མཁན་ཆེན་ཉི་མ་དབང་རྒྱལ། དམུ་གཤེན་འཛམ་གླིང་རིན་པོ་ཆེ་སོགས་ཀྱི་དྲུང་ནས་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་མ་ལུས་པ་བཞེས་ནས་གསང་གསུམ་བསྟན་པའི་མངའ་བདག་ཏུ་གྱུར། དེ་ནས་བཟུང་ལོ་མང་རིམ་མདོ་སྔགས་སེམས་གསུམ་དང་། རིག་གནས་བཅས་པའི་བོན་གྱི་འཁོར་ལོ་བསྐོར་ནས་རྒྱལ་གཤེན་བསྟན་པ་ཕྱོགས་བཅུར་སྤེལ་བ་དང་། སློབ་ཚོགས་སྟོང་ཕྲག་དུ་མའི་ཤེས་རྒྱུད་བོན་གྱིས་བཀྲོལ་བར་མཛད། ཇི་སྐད་དུ། མཀའ་པ་ཡོན་ཏན་གྱིས་མི་ངོམས། ཞེས་པའི་དཔེ་བཞིན་ཞོར་རྣམས་སུ་ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱི་དྲུང་ནས་གཞུང་ལུགས་ཀྱི་གནད་རྣམས་ལ་བཀའ་ཁྲིད་ཡང་ཡང་ཞུས་ཤིང་མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱའི་གནད་མཐའ་དག་ལ་བྱང་ཆུབ་པར་མཛད། ཤིང་ལུག་ལོར་ཉིད་ཀྱི་སློབ་མའི་ཐུ་བོ་ཤེས་རབ་བློ་གྲོས་མཁན་རིན་པོ་ཆེའི་གསེར་ཁྲིར་མངའ་གསོལ་མཛད་པ་དང་། ཕྱི་ལོར་ཚུལ་ཁྲིམས་དབང་ལྡན་སློབ་དཔོན་གྱི་གསེར་ཁྲིར་མངའ་གསོལ་མཛད་དེ་རིན་པོ་ཆེ་མཆོག་མཁའ་འགྲོ་སྐལ་བཟང་སོགས་ཀྱི་ཡི་དམ་དུ་མའི་སྒྲུབ་པར་བཞུགས་ནས་བསྙེན་ཚད་བསྐྱལ། དེ་རྗེས་དགོན་གྱི་རྟེན་བཞེངས་དྭང་རའི་ཕྱོགས་སུ་ཕེབས་ནས་སྡེ་དགོན་རྣམས་ཀྱི་འདོད་པ་བཞིན་དབང་ལུང་ཁྲིད་ཀྱི་གདམས་པ་གང་འདོད་དུ་བསྩལ། དེའི་སྐབས་སེ་ཞིག་ཕུག་པའི་ནང་ཞག་ཞེ་དགུའི་རིང་འོད་གསལ་བདུན་སྐོར་གྱི་ཉམས་ལེན་ལ་བརྩོན་པ་གནང་། 
   ས་ཕག་ཕྱི་ལོ་༡༩༥༩ལོར་དུས་འགྱུར་གྱི་སྐབས་མཉམ་མེད་སྐུ་གདུང་གཙོས་རིན་བྲལ་གྱི་དངོས་པོ་དུ་མ་སྦས་སྐུང་མཛད་པ་དང་། བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རིན་པོ་ཆེ་འཕགས་ཡུལ་དུ་སྤྱན་དྲངས་ཏེ་སྐུ་སྲོག་ལ་ཉེན་པའི་སྐུ་ངལ་ཚད་ལས་འདས་པ་བསྐྱོན། དེ་ནས་དབྱིན་ལེན་དུ་ཕེབས་ནས་ལོ་གསུམ་བར་དབྱིན་ཡིག་སློབ་གཉེར་གནང་བ་དང་། ལོན་ཌོན་མཐོ་སློབ་ཏུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་བཤད་ཁྲིད་གནང་སྟེ་བཞུགས།
  ༡༩༦༤ལོར་དབྱིན་ལེན་ནས་རྒྱ་གར་དུ་ཕེབས་ཏེ་དོལ་པོའི་ཕྱོགས་ནས་བོན་དཔེ་མང་པོ་གཡར་པོ་ཞུས་ཏེ་དཔར་དུ་བསྐྲུན་ཞིང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མའི་དཔེ་མཛོད་ཁང་རྣམས་སུ་འགྲེམས་སྤེལ་མཛད།
  ༡༩༦༧ལོར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོངས་ཌོ་ལན་ཇི་ཞེས་པའི་ས་ཆ་ཁྲིམས་མཐུན་ཐོག་ཉོ་སྒྲུབ་མཛད་པ་དང་། ཕྱོགས་གང་སར་ཁ་འཐོར་དུ་གནས་པའི་བོན་འབངས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་བོན་གཞིས་ཐོབ་རྒྱལ་གསར་པ་ཆགས་བཏབ།
  ༡༩༦༩ལོར་རིན་པོ་ཆེ་མཆོག་གིས་གཙོ་བོའི་ཐུགས་འགན་བཞེས་པའི་ཐོག གཡུང་གླིང་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན། ཡོངས་འཛིན་སངས་རྒྱས་བསྟན་འཛིན་སོགས་ཀྱི་བཞེད་དགོངས་ཟུང་འབྲེལ་གྱིས་སྨན་རིའི་མཁན་ཆེན་སོ་གསུམ་པ་ཁྲི་བསྐོས་མངའ་གསོལ་མཛད། དེ་ནས་མཁན་སློབ་རྣམ་པས་དཔལ་གཤེན་བསྟན་སྨན་རིའི་གླིང་ཆགས་བཏབ་མཛད་དེ་ཕྱི་ཡུལ་དུ་བོན་བསྟན་སླར་གསོའི་འཕྲིན་ལས་བསྐྱངས། འདིའི་ཡས་མན་དུ་ཡོང་འཛིན་སངས་རྒྱས་བསྟན་འཛིན་གྱི་དྲུང་ནས་མ་རྒྱུད་ཀྱི་དབང་བཞི་ཞུས་ཏེ་གསང་ཆེན་མ་རྒྱུད་ཀྱི་སྒྲུབ་པར་ཞག་བརྒྱའི་བར་དུ་བཞུགས་ནས་ཡི་དམ་བསྙེན་ཚད་གཞུང་མཐུན་ལྟར་བསྐྱལ་བས་གྲུབ་པའི་རྟགས་ཡ་མཚན་ཅན་འགའ་བྱུང་བ་ཉེ་གནས་རྣམས་ཀྱིས་མངོན་མཐོང་དུ་གྱུར།
   ༡༩༧༨ལོར་ཆོས་རྒྱལ་ནམ་མཁའི་ནོར་བུ་གཙོ་འཁོར་རྣམས་བོན་གཞིས་སུ་ཕེབས་ཏེ་རིན་པོ་ཆེའི་མདུན་ནས་ཞང་ཞུང་མེ་རིའི་དབང་དང་། སྙན་རྒྱུད་མན་ངག་ལེའུ་བརྒྱད་པའི་ལུང་བཅས་གསན་ནས་ཕེབས། ལོ་དེར་ཁོག་གིས་བཤད་སྒྲུབ་འདུས་སྡེའི་ཉིན་རེའི་དུས་བསྟུན་གྱི་རེའུ་མིག་དང་། འཆར་གཞི་གཏན་འབེབས་གནང་ནས་རིམ་པ་གོང་མར་སྙན་གསན་ཞུས་ཏེ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས། དེ་ནས་བཟུང་མི་ལོ་བཅུ་ཕྲག་རིང་ཕྱོགས་མཐའ་ཁག་ལ་ཕེབས་བཞུད་ཀྱི་བྱ་བ་བཅད་དེ་བོན་གྱི་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གནང་ནས་སློབ་ཚོགས་བསྐྱངས་ཏེ་དགོན་འདིར་བོན་གྱི་མདོ་སྔགས་རིག་གནས་དང་བཅས་པའི་རང་རྐང་ཚུགས་པར་མཛད།
  ༡༩༨༤ལོར་བོན་གྱི་བླ་སྤྲུལ་མཁས་མང་འདུས་སྡེ་རྒྱ་མཚོར་ཡི་དམ་ཕྱི་ནང་གསང་གསུམ་གྱི་བཀའ་དབང་ཟབ་མོ་རྗེས་གནང་མཛད་དེ་གཡུང་དྲུང་བོན་གྱི་དབང་ལུང་མན་ངག་གི་བརྒྱུད་པ་སྐལ་ལྡན་སྟོང་ཕྲག་དུ་མའི་རྒྱུད་ལ་སྤེལ།
  ༡༩༨༦ལོར་ཁོང་གི་སློབ་མའི་ཁྲོད་ནས་བཀའ་རམས་པ་དྲུག་ལ་དགེ་བཤེས་ཀྱི་མཚན་རྟགས་གནང་བ་དང་། དེ་ནས་བཟུང་ད་ལྟའི་བར་རབ་འབྱམས་དགེ་བའི་བཤེས་གཉེན་བཅུ་ཕྲག་དྲུག་ལྷག་ཐོན་ཟིན་པ་ཡིན། ལོ་དེར་གངས་ལྗོངས་སུ་ཕེབས་ཐེངས་དང་པོ་བསྐྱངས་ནས་དབུས་གཙང་། ཁམས། ཨ་མདོ་བཅས་ཀྱི་བོན་དགོན་ཆེ་ཕྲ་ཕལ་ཆེར་ལ་ཕེབས་ཏེ་བཀའ་སློབ་ལམ་སྟོན་དང་། ཁྲིད་ལུང་དབང་གསུམ་གྱིས་འབྲེལ་བཞག་མཛད་པ་དང་། ལྷག་པར་སོ་སོ་ཐར་པའི་སྡོམ་པའི་ཆར་རྒྱུན་ཕབ་པས་གཙང་མ་གཙུག་ཕུད་ཀྱི་ལྗང་གསར་སྟོང་ཕྲག་ལྷག་གསར་དུ་བསྐྲུན་པའི་བཀའ་དྲིན་བསྐྱངས།
ལོ་དེར་མ་འོངས་བསྟན་པའི་གནས་གཞི་སོགས་དགོས་པ་རྒྱ་ཆེན་ལ་དགོངས་ཏེ་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་དུ་དགོན་ས་ཞིག་གཟིགས་ནས་དགོན་སྡེ་གསར་བསྐྲུན་གྱི་ལས་འགོ་བཙུགས་པས། ལྷ་དང་སྲུང་མས་སྡོང་གྲོགས་མཐུན་རྐྱེན་ལ་བརྟེན་རིང་མིན་དུ་ཕྱི་ནང་རྟེན་དང་བརྟེན་པའི་བཀོད་པ་ཡོངས་སུ་རྫོགས་པར་གྲུབ། མཚན་དུའང་ཁྱད་འཕགས་རྟེན་འབྲེལ་གྱི་གནད་ལ་དགོངས་ཏེ་གཤེན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་མིང་དང་མཐུན་པར་གསོལ།
   ༡༩༩༢ལོར་ཡ་ངལ་དགེ་བཤེས་འཕྲིན་ལས་ཉི་མ་མཆོག་ཐོབ་རྒྱལ་གསར་པའི་སྨན་རིའི་སློབ་དཔོན་གྱི་གསེར་ཁྲིར་མངའ་གསོལ་མཛད་པ་དང་། རྨ་རོང་དགེ་བཤེས་ཉི་མ་དབང་རྒྱལ་མཆོག་ཁྲི་བརྟན་ནོར་བུ་རྩེའི་མཁན་པོའི་བཞུགས་ཁྲིར་མངའ་གསོལ་མཛད།  ལོ་དེར་གངས་ལྗོངས་སུ་ཕེབས་ཐེངས་གཉིས་པ་བསྐྱངས་ཏེ་གཤེན་སྲན་ནོར་བུ་དབང་རྒྱལ་མཆོག་ལ་གསང་ཆེན་མ་རྒྱུད་ཀྱི་དབང་བཞི་རྗེས་གནང་དང་བཅས་བསྩལ་བ་དང་། ལྷག་པར་བོན་འབངས་བླ་སྤྲུལ་དུ་མར་གདམས་པའི་འབྲེལ་བཞག་དང་། བྱིན་རླབས་རྗེས་གནང་། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བཀའ་སློབ་ལམ་སྟོན་བཅས་གནང་། གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གཉིས་ཀྱི་གཙོས་གསུང་རབ་པོ་ཏི་སྟོང་ཕྲག་དུ་མ་བསླུ་སྒྲུབ་གནང་ནས་བལ་ཡུལ་དུ་གདན་དྲངས་པས་བོན་གྱི་བཀའ་འགྱུར་རིན་པོ་ཆེ་རྒྱ་བལ་ཡུལ་དུ་དར་བའི་ཐོག་མ་འདི་ཡིན་ནོ། །
   ༡༩༩༤ལོར་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་གཙོས་པའི་རྟེན་དང་བརྟེན་པར་རབ་ཏུ་གནས་པའི་མཛད་སྒོའི་ཐོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གདན་དྲངས་ཏེ་ཡི་དམ་ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས། རབ་གནས་མཛད་དེ་བྱིན་རླབས་ཀྱི་དྲི་བསུང་ཕྱོགས་བརྒྱར་འཐུལ་བའི་མཛད་བཟང་བསྐྱངས་བ་དང་། དགོན་འདིར་ཨ་སྙན་རྫོགས་གསུམ་གྱི་སྒྲུབ་གྲྭ་དང་། གབ་མཛོད་ས་གསུམ་རིག་གནས་དང་བཅས་པའི་བཤད་གྲྭ་གསར་དུ་བཙུགས་ཏེ་མིང་དོན་མཚུངས་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་བལ་ཡུལ་དུ་དབུ་བརྙེས།
   ༡༩༩༦ལོར་ཉིད་ཀྱི་སློབ་མའི་ཐུ་བོ་རྗེས་རུ་དགེ་བཤེས་བསྟན་པ་གཡུང་དྲུང་མཆོག་དགོན་འདིའི་སློབ་དཔོན་གྱི་གསེར་ཁྲིར་མངའ་གསོལ་མཛད་པ་དང་། རྗེ་བླ་མ་ཡོངས་འཛིན་ཆེན་པོ་མཆོག་གིས་ཀྱང་སྔ་དར་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་ཞལ་ཁྲིད་དང་། གྱེར་དབྱངས་འབུད་བཀྲོལ་གྱི་ཕྱག་ལེན། བཅའ་འབྲི་བཞེངས་གསུམ་གྱི་ཐིག་བཀོད་བཅས་ཀྱི་བཀའ་ཁྲིད་གནང་ནས་རྒྱལ་བ་གཤེན་རབ་མི་བོ་སླར་ཡང་ཞིང་འདིར་ཕེབས་པ་དང་གཉིས་སུ་མ་མཆིས་པའི་འཕྲིན་ལས་རྒྱས། 
  ༡༩༩༨ལོར་དགོན་འདིར་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་བཙུགས་ཏེ་གྱེར་དབྱངས་སོགས་སྒྲུབ་ཆེན་གྱི་ཕྱག་ལེན་མཐའ་དག་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་སྔོན་སྲོལ་བཞིན་ཞལ་ཁྲིད་ལམ་སྟོན་འོག འདུས་པ་རྒྱ་མཚོས་ཉིན་གྲངས་བཅོ་ལྔའི་རིང་ལ་སྒྲུབ་གཞུང་བསྲངས་རྗེས་ཡོངས་འཛིན་སྨྲ་བའི་དབང་བོ་མཆོག་གིས་ཞི་ཁྲོའི་དབང་ཆེན་དང་། སྨན་གཞུང་འོད་ཟེར་འཁྱིལ་བའི་དབང་ཆེན་བཀའ་དྲིན་བསྩལ་ཏེ་བདུད་རྩི་སྨན་གྱི་བྱིན་རླབས་ཡོངས་སུ་ཁྱབ་པར་མཛད།
  ལོ་དེ་ནས་བཟུང་ཉི་ཧོང་གི་བོན་ལུགས་ཞིབ་འཇུག་ཚོགས་པ་དང་ཟུང་འབྲེལ་ཐོག་གཡུང་དྲུང་བོན་གྱི་དཀྱིལ་འཁོར་ཡོད་དོ་ཅོག་གི་བཀོད་པ་དང་། མཆོད་རྟེན་ཆ་ཚང་གི་བཀོད་པ། ཡི་དམ་ཕྱི་ནང་གསང་གསུམ་གྱི་ཞལ་ཐང་དང་། བརྟེན་འགྱུར་ཆེན་མོའི་དཀར་ཆག་གསར་སྒྲིག་བཅས་གྱི་ལས་དོན་མཐར་ཕྱིན་པ་གནང་བ་དང་། ད་ལྟའང་བོན་གྱི་ཚིག་མཛོད་ཆེན་མོ་གསར་སྒྲིག་གི་ལས་དོན་ཐད་ངལ་མེད་གཟིགས་སྐྱོངས་མཛད་བཞིན་པ་ཡིན།
  ༢༠༠༡ལོེར་ཉིད་ཀྱི་སློབ་མའི་ཁྲོ་ནས་བཀའ་རམས་པ་དྲུག་ལ་རབ་འབྱམས་དགེ་བའི་བཤེས་གཉེས་གྱི་མཚན་རྟགས་བསྩལ་བ་དང་། སློབ་དཔོན་བསྟན་པ་གཡང་དྲུང་མཆོག་དགོན་འདིའི་ཁྲི་འཛིན་མཁན་པོར་མངའ་གསོལ་མཛད། བླ་སྤྲུལ་འདུས་སྡེ་རྒྱ་མཚོའི་ཚོགས་ལ་གཡུང་དྲུང་བོན་གྱི་སྔགས་ཕྱི་ནང་དང་། བླ་མེད་རྫོགས་པ་ཆེན་པོ་བཅས་ཕྱི་ནང་གསང་བའི་དབང་ཆེན་ཐ་དག་དང་། བོན་སྐྱོང་སྲུང་མའི་ཚོགས་ཀྱི་རྗེས་གནང་དང་བཅས་བསྩལ་ནས་ཕྱི་ཡུལ་དུ་བོན་གྱི་དབང་ཆེན་ཐེངས་གཉིས་པ་བཀའ་དྲིན་བསྩལ།
  ༢༠༠༢ལོར་སྤ་སར་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་མཆོག་ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭའི་མཁན་པོར་གསར་དུ་བསྐོས། མ་ཟད་དེ་སྔོན་སྒྲུབ་ཐོན་པ་བཅུ་ཕྲག་ལྷག་ལ་གཤེན་གྱི་རྣལ་འབྱོར་པའི་མཚན་རྟགས་བསྩལ། གཞན་པའི་བོན་གྱི་གཞུང་ལུགས་དུ་མ་མི་རིགས་གཞན་པའི་སྐད་ཡིག་ཐོག་ཕབ་བསྒྱུར་མཛད་པ་དང་། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མར་བོན་བསྟན་སྤེལ་ཚུལ། བོན་གྱི་རིག་གཞུང་ངོ་སྤྲོད། གསུང་རབ་དང་རྟེན་གསུམ་འབྲི་བཞེངས་མཛད་པ། བོན་འཆད་ཉན་དང་། ཐོས་བསམ་སྒོམ་སྒྲུབ། སློབ་མ་བསྐྱངས་ཚུལ་སོགས་རྣམ་ཐར་རྒྱས་པར་གསལ་བས་འདིར་མ་སྤྲོས།
   ༡༩༥༩ཚུན་ནས་ད་ལྟའི་བར་བོན་གྱི་མདོ་སྔགས་སེམས་གསུམ་གྱི་འགྲེལ་དང་། རྒྱལ་རབས་ལོ་རྒྱུས། བཟོ་རིག་གི་རྣམ་བཤད་སོགས་གསུང་རྩོམ་པོ་ཏི་བཅུ་ཕྲག་བརྒལ་བར་བརྩམས། དེ་རྣམས་ལའང་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་ཁྱད་པར་འཕགས་པའི་ཁྱད་བོན་དུ་མ་ལྡན་པ་དང་། ལྷག་པར་དུ་སྟོན་པའི་ཆ་ལུགས་དང་། འཁྲུངས་འདས་ཀྱི་དུས་ཚིགས་སོགས་མདོ་རྒྱུད་དང་མཐུན་པའི་གསལ་བཤད་གནང་བ་དང་། དེ་མིན་མདོ་སྔགས་སེམས་གསུམ་གྱི་ལྟ་བའི་གནད་རྣམས་ལའང་ལོང་བས་གླང་མཇུག་ལ་འཇུས་པ་བཞིན་གཞན་གྱི་ཟེར་སྒྲོས་ཙམ་དང་། རང་ཕྱོགས་ཀྱི་མཁས་པས་གསུངས་པ་ཙམ་ལ་རྒྱུ་མཚན་དུ་བཟུང་ནས་སྐྱར་ཟློས་ཡང་ཟློས་བྱས་པ་ཙམ་ལས། སྐྱེས་སྦྱངས་ཤེས་རབ་ཀྱིས་བཀྲལ་བའི་ཡོན་ཏན་ཏེ། གོ་སླ་འཇུག་བདེ་དང་། ཁ་གསལ་གོ་བདེའི་མན་ངག་གང་ཡང་མེད་པའི་བསྟན་བཅོས་ལྟ་བུ་མ་ཡིན་པར། བོན་གྱི་རྒྱུད་གཞུང་རྣམ་མའི་ཁུངས་ལ་བཅར་ཏེ་མདོ་སྔགས་ཀྱི་དཀའ་བའི་གནད་རྣམས་ལ་ལུང་རིག་ཟུང་འབྲེལ་གྱིས་འགྲེལ་བཤད་གནང་ཡོད་པས། བསྟན་བཅོས་འདི་རྣམས་ནི་རྒྱལ་གཤེན་བསྟན་པའི་པད་ཚལ་བཞད་བྱེད་ཀྱི་གཟི་བརྗིད་འོད་སྟོང་འབར་བའི་ཉིན་བྱེད་དངོས་ཡིན། དེ་ཡང་སངས་རྒྱས་ཀྱི་བསྟན་པའི་སྙིང་བོ་ནི། ལུང་དང་རྟོགས་པ་གཉིས་ཡིན་ལ་ལུང་གི་བོན་ལ་འཆད་རྩོད་རྩོམ་པ་དང་། རྟོགས་པའི་བོན་ལ་ཐོས་བསམ་སྒོམ་པའི་ཉམས་ལེན་གྱིས་རྒྱལ་བསྟན་རིན་པོ་ཆེ་སྐྱོང་བ་ནི་བསྟན་པ་འཛིན་པའི་སྐྱེས་བུ་སྤྱི་ཡི་མཛད་སྲོལ་བཞིན། རིན་པོ་ཆེ་མཆོག་གིས་ནམ་རྒྱུན་མངའ་ཐང་ཆེ་གྲགས་ཀྱི་སྤྲོས་པ་བསྐྱུངས་ནས། རྒྱལ་བ་གོང་མའི་མཛད་པ་བཞིན་འདོད་ཆུང་ཆོག་ཤེས་དང་། བྱ་བྲལ་ཉམས་ཆུང་གི་ཚུལ་ལས་གཡོ་བ་མེད་པར་བཞུགས་ཏེ། འཆད་ཉན་གྱི་བྱ་བ་ནི་བསྟན་པའི་གསལ་བྱེད་དུ་དགོངས་ནས་དགུང་གྲངས་མཐོན་པོར་སོན་ཀྱང་ད་དུང་སྐུ་ངལ་ལ་འཛེམ་པ་མེད་པར་ཉིན་རེ་བཞིན་འཆད་ཐུན་མ་ཆད་པ་མཛད་པ་དང་། འཆད་ཉན་སྒོམ་སྒྲུབ་ཀྱི་བར་གསེང་རྣམས་ལའང་སོལ་དལ་དང་། གཡེང་བའི་དབང་དུ་དུས་ཚོད་ཅུང་ཟད་ཡང་མི་གཏོང་བར་རིག་ལམ་དོན་གཉེར་དང་། ཕྱག་དཔེ་གཟིགས་རྒྱུ། གནད་འགག་རྣམས་ཟིན་ཐོ་བཀོད་པ་སོགས་ཀྱིས་བསྟན་འགྲོར་སྨན་པའི་ཕྱག་ལས་འབའ་ཞིག་གིས་བྲེལ་བཞིན་པའི་ངང་དུ་གནས། གཞན་ཡང་དུས་ཚོད་ལ་དམ་འཛིན་མཛད་དེ་ངེས་དོན་ཡེ་ཤེས་ཆེན་པོའི་དགོངས་ཉམས་ཉིན་རེར་ཆུ་ཚོད་བཞི་ལྔ་ཙམ་རིང་བསྐྱངས་པ་སོགས་ཀྱི་རྣམ་པར་ཐར་པ་བརྗོད་ལས་འདས། ད་ལྟའི་ཆར་ཡང་བདག་ཅག་བསོད་ལྡན་ཡོངས་ཀྱི་མགོན་དུ་འཆད་རྩོད་རྩོམ་གསུམ་དང་། ཐོས་གསུམ་སྒོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་འཁོར་ལོ་གསུམ་གྱི་མཛད་བཟང་སྐྱོང་བཞིན་བཞུགས་པ་བཅས་ཀྱི་རྣམ་ཐར་མདོར་བསྡུས་སོ། །

བསྟ༵ན་པའི་སྙིང་པའི་སྙིང་པོ་སྤང་བསྒྱུར་གྲོལ་བའི་སྲོལ། །
འཛི༵ན་བྱེད་མཁས་གྲུབ་བྱེ་བའི་གཙུག་རྒྱན་རྗེ། །
རྣམ༵་མང་ཁྲི་ཕྲག་བགྲང་བྱའི་བར་བཞུགས་ཏེ། །
དག༵་པའི་བཞེད་དགོངས་གེགས་མེད་ལྷུན་གྲུབ་ཤོག །

ཞེས་པ་འདི་ནི་༧རྗེ་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོའི་སློབ་མའི་གྲལ་མཐར་འཁོད་པ་རྒྱས་དགེ་ཚངས་པ་བསྟན་འཛིན་གྱིས་ཕྱི་ལོ་༢༠༠༤ཟླ་༡༢ཚེས་༡༠ཉིན་མཇུག་གྲུབ་པར་བྲིས་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག