ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> མཁན་རབས་བླ་སྤྲུལ། >> རྒྱལ་ཚབ་འཇིགས་མེད་དབང་ཕྱུག
རྒྱལ་ཚབ་འཇིགས་མེད་དབང་ཕྱུག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁན་པོ་ཉི་མ་བསྟན་འཛིན།] [ཟླ་ཚེས། 12-01-05] [ཀློག་གྲངས། ]

   ཤར་རྫའི་གདན་འཛིན་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་མཆོག་ཉིད་ནི་སྤྱི་ལོ་༡༩༦༥ཤིང་སྦྲུལ་ལོར་ཁམས་ཉག་རོང་ཡེ་ཤེས་དགོན་གྱི་མངའ་ཞབས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་དྲུག་ནས་ཤར་རྫའི་དངོས་སློབ་དབྲ་བུ་ཀླུ་ཐར་རམ་དྲང་སྲོང་བསྟན་འཛིན་རྒྱལ་མཚན་མཆོག་གི་མདུན་ནས་ཡི་གེ་བྲི་ཀློག་འདོན་གསུམ་ལ་སྦྱོང་པར་མཛད་པ་དང་། དགུང་ལོ་བཅུ་གཉིས་ནས་ཡེ་ཤེས་དགོན་པའི་ཚོགས་གྲལ་དུ་ཞུགས། དགུང་ལོ་བཅོ་བརྒྱད་ནས་ཁྱུང་པོ་མཁན་ཆེན་ཉི་མ་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་གཙང་གཙུག་གི་སྡོམ་པ་ཚུལ་བཞིན་བླངས་ཏེ་ངུར་སྨྲིག་རབ་བྱུང་གི་སྡེར་ཞུགས་པ་དང་། ཨ་ཁྲིད་སྔོན་དངོས་རྗེས་གསུམ་གྱི་ཚུལ་རྣམས་ཉམས་བཞེས་ལེགས་པར་གནང་སྟེ་བློ་སྦྱོང་དང་བསགས་སྦྱོང་ཚད་ལྡན་མཛད། དེར་མ་ཟད་ཕྱི་ནང་གསང་གསུམ་གྱི་དབང་དང་ལུང་གི་རྒྱུན་མཐའ་ཡས་པ་ཞིག་གསན་ཞུས་མཛད། དགུང་ལོ་ཉི་ཤུའི་སྐབས་སུ་ཤར་རྫ་རི་ཁྲོད་དུ་ཕེབས་ཏེ་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་མཆོག་གི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་པ་ཞུས་ཤིང་དཀའ་སྤྱད་ལྷུར་བླངས་ཀྱིས་ཤར་རྫའི་སྒྲུབ་གྲྭ་ཆ་ཚང་མཐར་ཕྱིན་པར་གནང་། དགུང་གྲངས་ཉེར་གཉིས་ནས་མཁས་དབང་བོན་བརྒྱ་རིན་པོ་ཆེའི་མདུན་དུ་ཕེབས་ཤིང་སྔ་གཞུག་ཏུ་ལོ་ངོ་བདུན་གྱི་རིང་ལ་རིག་གནས་ཀྱི་སྐོར་དང་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལ་ཐོས་བསམ་དང་ཉམས་བཞེས་ཡུན་རིང་མཛད་པས་བོན་བརྒྱ་རིན་པོ་ཆེ་ཐུགས་དགྱེས་ཚོར་ཆེན་པོར་གནང་ཞིང་སློབ་མའི་ཐུ་བོ་ལྟ་བུར་གྱུར། རྗེ་བོན་བརྒྱ་བས་ཤར་རྫའི་དངོས་སློབ་ཁྱུང་པོ་བདུད་འདུལ་ལ་གསུང་འཕྲིན་ཕུལ་སྐབས། རང་བསྟན་འཛིན་ལ་འདུན་པ་མི་ལྷོད་པའི། རང་སློབ་འཇིགས་མེད་རིག་པའི་དབང་ཕྱུག་འདི། རང་སྲས་ཚུལ་དུ་ལེགས་པ་སྐྱོངས་པ་ལ། རང་ཉིད་ཐུགས་ལ་འདོགས་པའི་རྒྱུ་རུ་འཚལ། ཞེས་དང་། མཆོག་སྤྲུལ་ཨ་གཡུང་ཚང་ལ་ཕྱག་ཡིག་ཕུལ་སྐབས། གང་གི་ཉེ་གནས་གྲྭ་བཙུན་འཇིགས་མེད་མཚན། མཚན་ལྡན་བཤེས་གཉེན་ཁྱེད་ཀྱི་རྗེས་སུ་སློབ། སློབ་མ་ཡང་རྩེ་ཞིག་ཏུ་ངེས་པར་འགྱུར། འགྱུར་མེད་བརྟན་པའི་ངང་ཚུལ་གསལ་བར་རྟོགས། ཞེས་པའི་གསུང་འཕྲིན་འདི་ཙམ་གྱིས་ཀྱང་དམ་པའི་སྐྱེས་བུ་ཞིག་གི་ངང་ཚུལ་གསལ་བར་རྟོགས་ཐུབ་པར་འགྱུར། དེ་བཞིན་ཤར་རྫའི་དངོས་སློབ་ཁྱུང་པོ་བདུད་འདུལ་དང་། མཆོག་སྤྲུལ་གཤེན་བསྟན་མཐའ་རྒྱས། སུ་ལ་གཡུང་དྲུང་དབང་རྒྱལ་བཅས་ཀྱི་མདུན་ནས་ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་ཡོངས་ལ་གསན་བསམ་རྒྱ་ཆེར་མཛད་དེ་མཁྱེན་སྤྱན་རབ་ཏུ་ཡངས་པར་གྱུར། རྗེ་ཉིད་ཀྱིས་དུས་ཡུན་རིང་དུ་བསྟེན་ནས་ཟབ་རྒྱས་ཀྱི་གདམས་པ་མང་དུ་ཞུས་པའི་རྩ་བའི་བླ་མ་ལྔ་ཡོད་པ་ནི་གང་གི་ལྔ་བོ་ཡིན་ལ། དེ་རྣམས་ཀྱི་ཞབས་ལ་མཉེས་པ་གསུམ་གྱིས་བསྟེན་ཏེ་ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་གཙོས་རབ་འབྱམས་གཞུང་ལུགས་ཡོངས་ཀྱི་ཟབ་ཁྲིད་དང་དབང་ལུང་ཁོ་ན་དོན་དུ་གཉེར་ནས་ལོ་ངོ་དུ་མའི་རིང་ལ་སྦྱོང་པ་དཔྱིས་ཕྱིན་བྱས་ཏེ་བླ་མ་རྣམས་ཀྱི་ཐུགས་ཟིན་པར་མཛད། ལྷག་པར་རྗེ་ཤར་རྫ་བའི་གསུང་འབུམ་སྐོར་ལ་གསན་བསམ་ལན་གྲངས་མང་དུ་མཛད་པས་དབང་ལུང་ཁྲིད་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་གཏམས་པར་གྱུར། ཁྱད་པར་དགུང་ལོ་ཉེར་བདུན་ནས་ཙམ་ནས་ཤར་རྫའི་རི་ཁྲོད་དུ་ཁྲིད་སྐྱོར་མཛད་པ་དང་། དེ་རྗེས་ཙམ་ནས་ཡེ་ཤེས་དགོན་པའི་ཀྲུང་རིན་གཞོན་པའི་འགན་ཁུར་བསྐོ་བ་བཞིན་ཐུགས་འགན་བཞེས་པར་གནང་། དགུང་ལོ་བཅོ་བརྒྱད་ནས་སོ་ལྔ་ལ་མ་ཐོན་བར་མདོ་དབུས་ཁམས་གསུམ་གྱི་བོན་པོའི་ཕྱོགས་ཀྱི་དམ་པའི་བཤེས་གཉེན་ཕལ་ཆེ་བའི་ཞབས་ལ་གཏུགས་ཤིང་བཀའ་བརྟེན་འགྱུར་གཉིས་ཀྱི་དབང་ལུང་ཁྲིད་གསུམ་རྣམས་བུམ་པ་གང་བྱོའི་ཚུལ་དུ་བླངས་པས། སྨིན་གྲོལ་བདུད་རྩིའི་བཅུད་ཀྱིས་ཕྱུག་པ་ད་ལྟའི་སྐབས་སུ་རྗེ་ཉིད་འདི་འདྲ་བ་མེད་ཟེར་ཀྱང་ཆོག་པ་ལྟར་གྱུར། བར་སྐབས་རྣམས་སུ་གནས་མཇལ་དང་བསྙེན་སྒྲུབ་བསགས་སྦྱོང་མཛད་པ་དང་། སྔ་ཕྱི་རིམ་བཞིན་ཡེ་ཤེས་དགོན་སེ་ཞིག་དགོན་སོགས་དགོན་སྡེ་གང་མང་ཞིག་གི་བཤད་སྒྲུབ་སྒོམ་པའི་སྡེ་ལ་སྨིན་གྲོལ་གདམས་པ་ཟབ་མོའི་བཀའ་དྲིན་མང་དུ་བསྩལ་བར་མ་ཟད། དད་འབངས་ཡོངས་ལ་བོན་སྦྱིན་དང་དགེ་བསྐུལ་རྒྱ་ཆེར་གནང་བ་ཚད་ལས་འདས། དགུང་ལོ་སོ་བདུན་སྐབས་སུ་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེའི་རྗེས་འཛིན་རྒྱལ་ཚབ་ཀྱི་ཁྲི་ལ་མངའ་གསོལ་མཛད་དེ་བཀའ་གཏད་རྗེས་གནང་བཅས་བསྩལ། དགུང་ལོ་ཞེ་དྲུག་སྐབས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བོན་པོའི་སློབ་མ་སྡུད་ལེན་རྒྱུགས་སྤྲོད་དང་། དེ་རྗེས་བོན་གྱི་དགེ་རྒན་ཆེན་མོའི་རྒྱུགས་ལེན་གྱི་དཔང་བཞུགས་དགེ་རྒན་དུ་ཕེབས་པའི་རེ་འདུན་བཞིན་བོན་པོའི་བཤེས་གཉེན་བླ་མ་འགའ་དང་ལྷན་དུ་ལྷ་ས་དང་པེ་ཅིང་སོགས་སུ་ཕེབས་པ་གནང་།
   སྤྱིར་དགུང་ལོ་ཉེར་བརྒྱད་ཙམ་ནས་ཐོས་བསམ་དང་བསྟན་དོན་གྱི་ཆེད་དུ་ཡུལ་གཞན་དུ་འབྱོན་པ་ཙམ་ལས་འཛད་པའི་གཙོ་བོ་ནི་རྗེ་ཤར་རྫ་བའི་གདན་ས་ན་གཏན་བཞུགས་ལྟར་མཛད་པ་ནས་ད་ལྟའི་བར་ཀུན་མཁྱེན་ཤར་རྫ་བའི་མཛོད་ཆེན་ལྔའི་བཤད་གྲྭ་དང་། གསང་སྔགས་གཞི་དྲུག་དང་ཐབས་དྲུག་གིས་མཚོན་པའི་སྒྲུབ་གྲྭ་དང་། རྫོགས་ཆེན་གྱི་སྡེ་གསུམ་ཉམས་སུ་ལེན་པའི་སྒོམ་གྲྭ་བཅས་ཟབ་མོ་སྨིན་གྲོལ་གདམས་པའི་ཁྲིད་ཀྱིས་བསྐྱངས་ཏེ་བསྟན་པའི་སྙིང་པོ་སྒོམ་སྒྲུབ་ཀྱི་སྡེ་ཚོགས་རབ་ཏུ་རྒྱས་པའི་བཀའ་དྲིན་བསྐྱངས།
   དེ་ཡང་བསྟན་དང་འགྲོ་བའི་དོན་མཛད་ནུས་པའི་སྐྱེས་མཆོག་ཅིག་ཡིན་ན་ངོས་འཛིན་དང་བདེན་རྟགས་གཞན་མི་དགོས་པར། སྔོན་ནས་ཚོགས་བསགས་དང་སྦྱོང་པ་སྔོན་སོང་གི་སྐྱེས་བུ་དམ་པ་ཞིག་ཡིན་པ་ཡང་དག་བོན་གྱི་སྙིང་པོའི་ལུགས་སུ་གྲུབ་པས། ངལ་བ་གཞན་ལ་བརྟེན་ནས་གསལ་བཤད་མི་དགོས་ཀྱང་། གཤེན་སྤྲུལ་ཐུགས་རྗེ་ཉི་མའི་མ་འོངས་ལུང་བསྟན་ལས། ཉག་རོང་སྦས་པའི་རྣལ་འབྱོར་དེས། ཤར་རྫའི་སྒོམ་སྒྲུབ་རྒྱལ་མཚན་སྒྲེང་། ཞེས་པའི་ལུང་ཚིག་དེ་དམ་པ་ཁོང་ཉིད་ཀྱི་འཕྲིན་ལས་དང་གཅིག་མཚུངས་སུ་གྲུབ་པ་ལ་སྐྱེས་མཆོག་བླ་མ་དུ་མས་ཁོང་ཉིད་ཡིན་པའི་ངོས་འཛིན་གནང་བར་མཛད། མདོར་ན་རྗེ་བཙུན་དམ་པ་མཆོག་ཉིད་ནི་ཆུང་ནས་གཤིས་རྒྱུད་འཇམ་ལ་ཀུན་མཐུན་གྱི་སྤྱོད་པ་ལྷན་སྐྱེས་སུ་མངའ་ཞིང་། ལྷག་པར་ནང་ཆོས་ཀྱི་གཞུང་དོན་ནི་ཤེས་པ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱར་ནས་རང་སེམས་འདུལ་བའི་གདམས་པ་རུ་བཟུང་དགོས་པ་བཞིན། མཆོག་ཉིད་ཀྱིས་བཤེས་གཉེན་བླ་མ་རྣམས་ཀྱི་ཟབ་མོ་གནད་ཀྱི་མན་ངག་རྣམས་ཉན་ཤེས་ཙམ་མ་ཡིན་པར་ཐོས་དོན་རྒྱུད་ལ་སྦྱར་པས། ཀུན་ཕན་བྱང་སེམས་ཀྱིས་ཐུགས་རྒྱུད་བརླན་ཞིང་། ཀུན་མཐུན་སྤྱོད་བཟང་གི་ཚུལ་ལ་གོམས་པ། བྱ་ཉུང་དོན་ཉུང་དང་ཆོག་ཤེས་ཀྱི་བོན་ལ་ཐུགས་ཞེན་ཟབ་པ། བོན་བཞིན་སྒྲུབ་པའི་ཚུལ་ལ་རབ་ཏུ་འབྱོངས་ཤིང་སྤྱོད་པའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཏུ་གྲགས་པས་དམ་པའི་སྐྱེས་ཆེན་རྣམས་དང་དད་འབངས་ཡོངས་ཀྱིས་བཅོས་མིན་གྱི་བསྟོད་བསྔགས་དང་གུས་འདུད་ཚད་མེད་བྱེད་བཞིན་པར་མ་ཟད། ཁྱད་པར་མཆོག་ཉིད་ཀྱི་བླ་ན་མེད་པའི་ཐུགས་འདུན་ཟབ་མོ་ཞིག་ནི་སྐུ་ཚེ་ཧྲིལ་པོ་དབེན་པའི་གནས་སུ་བསྐྱལ་ཏེ་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྒོམ་ཉམས་སུ་བཞེས་རྒྱུ་ཐུགས་དམ་གྱི་མཐིལ་དུ་མཛད་པས། ཀུན་མཁྱེན་ཤར་རྫ་ཡབ་སྲས་ཀྱི་ཡང་དག་དོན་གྱི་རྗེས་འཇུག་ལོས་ཡིན་སྙམ་པའི་འདུན་པ་དབང་མེད་དུ་སྦྱིན་ནུས་པའི་སྐྱེས་མཆོག་ཁྱད་པར་ཅན་ཞིག་ཏུ་བཞུགས་པ་ལགས་སོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག