ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> མཁན་རབས་བླ་སྤྲུལ། >> མཁན་པོ་རིག་འཛིན་དབང་རྒྱལ།
མཁན་པོ་རིག་འཛིན་དབང་རྒྱལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྣང་མེ་རྩོམ་སྒྲིག་པ།] [ཟླ་ཚེས། 13-03-27] [ཀློག་གྲངས། ]

 

   དེ་ཡང་ཇི་སྐད་དུ། རྣམ་རྒྱལ་ལས། བྱང་ཆུབ་སེམས་དང་མི་འབྲལ་བར། །རང་བས་གཞན་དོན་གཙོར་བྱེད་ཅིང་། །གཡུང་དྲུང་སེམས་དཔའི་སྤྱོད་པ་བཞིན། །ཞེས་གསུངས་པ་དང་མཚུངས་པའི་ཤར་རྫའམ་མི་ནུབ་དགོན་པའི་མཁན་པོ་རིག་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་ནི་བོད་རབ་བྱུང་༡༦པའི་མེ་ལུག་ལོ་ཕྱི་ལོ་༡༩༦༧ལོར་ཁམས་ཉག་རོང་གི་གནས་ཆེན་གསུམ་གྱི་ཡ་གྱལ་གནས་ཆེན་གསང་བ་ཡོངས་རྫོང་ངམ་སྐྱོངས་འབྱིན་སེང་ནག་གི་མདུན་ཞོལ་རི་དྭགས་ཞེས་པའི་གྲོང་དུ་ཡབ་རྡོ་རྗེ་ཚེ་རིང་དང་ཡུམ་ཚེ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་དགུ་ཙམ་གྱི་དུས་ནས་སྡེ་བ་དེའི་ནང་དུ་མི་ནུབ་དགོན་པའི་དབུ་ཆེན་ཨ་ཁྱབ་ཅེས་པའི་དྲུང་དུ་ཤེས་བྱ་ཀུན་ཀྱི་གཞི་མ་ཡི་གེ་བསླབ་འདོན་དང་བཅའ་བཟོ་སོགས་གང་འོས་སྦྱང་། དགུང་ལོ་བཅུ་གསུམ་སྐབས་ནས་མི་ནུབ་དགོན་པའི་ཚོགས་གྲལ་དུ་ཞུགས། དགུང་ལོ་བཅུ་བདུན་སྟེང་ཉག་སྟོད་ཚེ་དབང་འགྱུར་མེད་ཀྱི་གདན་སར་མཁན་ཆེན་ཉི་མ་རིན་པོ་ཆེའི་མདུན་དུ་བྱོན་སྟེ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་སྒོམ་རིམ་ཐར་ལམ་མྱུར་བགྲོད་སོགས་ཀྱིས་མཚོན་འཕོ་བ་ཨ་གཏད་དངོས་གཞི་ངོ་སྤྲོད་སོགས་དུ་མ་ཞུས་ཏེ་བླ་མ་ཁོང་ནི་མཁན་རིན་པོ་ཆེའི་སུམ་ལྡན་གྱི་རྩ་བའི་བླ་མར་གྱུར། དེ་ནས་ལོ་དེའི་དགུན་ངོར་དཔལ་ཤར་རྫའི་གདན་སར་ཉི་མ་རིན་པོ་ཆེའི་མདུན་ནས་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་རྩ་རླུང་ཞག་བརྒྱ་དང་། རྒྱབ་ཐུར་བཅུད་ལེན། ཨ་ཁྲིད་རྗེས་བཞག་སྐོར་གྱི་ཁྲིད་དང་། རྫོགས་ཆེན་དབང་བཞི་བཅས་ལེགས་པ་ཐོབ་ཅིང་རབ་བྱུང་གི་སྡོམ་པ་ཡང་བླངས། དགུང་ལོ་བཅོ་བརྒྱད་སྟེང་ནས་རི་ཁྲོད་དུ་ཡི་དམ་གསས་མཁར་མཆོག་ལྔ་སོགས་ལུང་རྒྱུན་དབང་དང་བཅས་པ་དང་། དེ་ནས་བཟུང་རྒྱལ་ཚབ་མཐུ་སྟོབས་རིན་པོ་ཆེའི་མདུན་དུ་བཞུགས་ཏེ་སྒྲུབ་གྲྭའི་དཔེ་ཁྲིད་དང་བསགས་སྦྱོང་ཡང་ལེགས་པར་གྲུབ་ཅིང་བསྙེན་རྫོགས་ཀྱི་སྡོམ་པ་དང་ཉག་བླ་གཡུང་དྲུང་བསྟན་འཛིན་རིན་པོ་ཆེའི་ཞལ་སྔ་ནས་རྫོགས་ཆེན་དབང་བཞི་ཡང་ཐོབ། དགུང་ལོ་ཉེར་གཅིག་ཐོག་ཨ་མདོ་རེབ་གོང་ཡུལ་གྱི་སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེའི་དྲུང་དུ་ཕེབས་ཏེ་ཁོང་གི་མདུན་དུ་སྡེ་སྣོད་མཛོད་ཀྱི་ཁྲིད་དང་། ཁྲོ་བོ་རམ་པ་དང་ཚེ་དབང་བོད་ཡུལ་མ་སོགས་ཀྱི་དབང་ལུང་གང་མང་མནོས་ཏེ་ལོ་ཕྱེད་གཉིས་ལ་བཞུགས། དེའི་འཕྲོར་ཨ་མདོ་མཛོད་དགེ་ཡུལ་ན་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་ཅིང་བན་བོན་རིས་སུ་མ་ཆད་པའི་སྐྱབས་མགོན་གཅིག་པུ་མཁས་དབང་སྐྱང་སྤྲུལ་དྲི་མེད་རིན་པོ་ཆེ་དཔལ་བཟང་པོའི་ཞབས་པད་སྤྱི་བོར་བསྟེན་ཏེ་སྔ་ཕྱི་ལོ་དྲུག་ཙམ་ལ་བཞུགས། མདོ་སྔགས་རིག་གནས་བཅས་ཀྱི་དབང་ལུང་ཁྲིད་ཀྱི་བཀའ་དྲིན་མནོས་པ་དང་། ལྷག་པར་དུ་རྫོགས་ཆེན་དབང་བཞི་དང་སོ་བྱང་སྔགས་ཀྱི་སྡོམ་པ་ཡོངས་རྫོགས་ལྷག་ཆད་མེད་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གནང་བར་གསན། ཁོང་གིས་གསུངས་པ་ལ་བླ་མ་ཁོང་ནི་ཕྲན་གྱི་ཐུན་མོང་མ་ཡིན་པའི་རྩ་བའི་བླ་མ་གཅིག་པུ་ཡིན་གསུངས་མྱོང་། གཞན་ཡང་མཁས་པའི་དབང་པོ་སྨྲ་བའི་སེང་གེ་སྣང་དགོན་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་སོགས་ཀྱི་མདུན་ནས་ཀྱང་ཁྲིད་གདམས་གང་མང་བླངས། སྨན་རིའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་ཆམོག་ཧོར་དཀར་མཛེས་ནས་རྫ་ཁོག་ཏུ་ཕེབས་སྐབས་ཉག་ཡེ་ཤེས་དགོན་དང་མི་ནུབ་དགོན་པ་སོགས་ཉག་ཡུལ་བོན་དགོན་དག་གི་བླ་གྲྭ་མང་པོ་དཀར་མཛེས་ལ་ཞལ་མཇལ་ཕེབས་ཞིང་བོན་འབྲེལ་ཅི་རིགས་ཐོབ། དགུང་ལོ་ཉེར་བརྒྱད་སྟེང་ནས་སོ་གསུམ་ལ་མི་ནུབ་དགོན་པའི་དགེ་བསྐོས་ཀྱི་འགན་ཁུར་ཏེ་གྲྭ་ཆུང་རྣམས་ལ་ཡི་གེ་སློབ་པ་དང་སྲུང་མའི་ཁང་དུ་སྐུ་བརྙན་རྣམས་བཞེངས། དེའི་སྐབས་སུའང་ཞབས་ཕྱི་ལེགས་པར་གྲུབ། སོ་གཅིག་སྟེང་ཡབ་ཡུམ་གཉིས་དང་ལྷན་དུ་རྒྱ་ནག་གླང་ཆེན་དང་དབུས་གཙང་ལྷ་ས་སོགས་སུ་མཇལ་སྐོར་ལ་ཕེབས་ཞིང་སླར་རྩ་བླ་སྐྱང་སྤྲུལ་དྲི་མེད་རིན་པོ་ཆེའི་མདུན་དང་སྣང་ཞིག་དགོན་སོགས་སུ་དགུང་ལོ་རེ་ཟུང་བཞུགས། སོ་ལྔ་པ་ནས་ཡེ་ཤེས་དགོན་དུ་རྒྱལ་བའི་བཀའ་རིན་པོ་ཆེའི་ལུང་རྒྱུན་ཚང་མ་མཆོག་སྤྲུལ་རིག་འཛིན་དང་བླ་མ་ཨ་རྒྱལ་རྣམ་གཉིས་ཀྱི་མདུན་ནས་ཐོབ། ལོ་དེར་མི་ནུབ་དགོན་པའི་ཉེ་འགྲམ་དུ་རི་ཁྲོད་ཞིག་བཏབས་ཏེ་ལོ་རེ་ཟུང་ལ་བཞུགས། ཕྱི་ལོ་༢༠༠༢ལོར་ལི་ཐང་འགྲོ་མགོན་དགོན་པ་ལ་རྐྱེན་གང་རུང་ཞིག་ལ་བསྙད་བཏགས་ཏེ། རྫོང་དཔོན་ཕྱོགས་རིས་ཅན་རེ་ཟུང་གིས་ཆགས་སྡང་གི་དབང་གིས་བོན་པོ་དེ་བརླག་དགོས་སྐད་དང་། དགོན་པའི་ཆོས་སྒོ་བརྒྱག་སྟེ་བོན་གཏན་ནས་སྤྱོད་མི་ཆོག་ཅེས་བཀག་བརྒྱག་བྱས། སྐབས་དེ་དང་བསྟུན་ཏེ་ཁྱུང་སྲས་འཕྲིན་ལས་ཀུན་ཁྱབ་ཀྱིས་གསུང་བསྐུལ་དང་། རྒྱལ་ཚབ་བླ་མ་མཐུ་སྟོབས་རིན་པོ་ཆེའི་ལུང་བསྟན་ལྟར་འགྲོ་མགོན་དགོན་དུ་ཕེབས་ནས་ཟླ་བ་མང་པོའི་རིང་ལ་དཀའ་ཚེགས་དང་ཐུགས་ངལ་ལ་མ་འཛེམས་པར། ས་གནས་ཀྱི་རྫོང་རིམ་པ་ཁག་གི་ལས་ཁུངས་དང་ཆུས་ཤང་ཡན་ཆད་ལ་ཞིབ་གཏུགས་བྱས་ཏེ་མཇུག་མཐར་ཆོས་སྒོ་འབྱེད་ཆོག་པའི་ཆོག་མཆན་དང་བསྡུ་ལེན་བྱས་པའི་རྟེན་གསུམ་སོགས་ལྷག་ལུས་མེད་པ་ལག་ཏུ་ཆུད་པར་བྱུང་ཞིང་། ནང་དུ་ཡུལ་དགོན་གཉིས་ཀ་ཐུགས་མཐུན་ཁྲིམས་གཙང་གི་ངང་ནས་ཁྱིམ་གཅིག་གི་རང་བཞིན་དུ་གྱུར་པ་དང་། དེ་ནས་བཟུང་དགོན་པའི་གྲྭ་ཆུང་རྣམས་གྲྭ་སར་མངགས་རྒྱུ་དང་། སྡེ་དགོན་གཉིས་ལ་གང་ཕན་གང་བཟང་གི་སྲི་ཞུ་རླབས་པོ་ཆེ་བསྒྲུབས་དང་སྒྲུབ་བཞིན་ཡོད།

   སྤྱི་ལོ་༢༠༠༤ལོར་དགུང་ལོ་སོ་བརྒྱད་པ་ནས་བཟུང་ཤར་རྫའི་རི་ཁྲོད་དུ་གཏན་བཞུགས་གནང་ནས། ཕྱོགས་སོ་སོ་ནས་ཁོང་ལ་བསྟེན་པའི་སློབ་མ་རྣམས་མེ་ཏོག་ལ་བུང་བ་འཁོར་བ་བཞིན་ཡོད་པས་འདུས་སྡེ་ཡོངས་ལ་བོན་འཆད་ཁྲིད་དང་། ཕྱོགས་གང་ས་ནས་ཞབས་ཕྱི་གང་འོས་ཞུས་ཤིང་བླ་མ་རྣམ་པའི་ཐུགས་ལ་གང་བབ་ཀྱི་བྱ་བར་བརྩོན་པར་བྱས་པ་དང་། རང་ངོས་ནས་ཀྱང་རྩ་རླུང་མུན་མཚམས་སོགས་བླ་མ་རྣམ་པའི་གསུང་བཞིན་སྒོམ་སྒྲུབ་ཉམ་ལེན་སོགས་ཅི་ནུས་དང་། ཕྱོགས་ཀྱི་བོན་དགོན་དག་ལའང་ནུས་པ་ཅི་ཡོད་ཀྱི་ཞབས་འདེགས་བབ་ཚོད་ཞུ་བཞིན་ཡོད། ལོ་དེར་ཤར་རྫ་ཚང་གི་བླ་མ་རྣམ་པའི་བཀའ་དྲིན་ལ་བརྟེན་ཏེ་མི་ནུབ་དགོན་དུ་རབ་བྱུང་ངུར་སྨིག་འཛིན་པའི་འདུས་སྡེ་དབྱར་གནས་གསར་དུ་ཚུགས་ཏེ་དགོན་པས་མཁན་པོའི་ཁྲི་འཕང་ལ་མངའ་གསོལ་མཛད་ཅིང་ལོ་ལྔའི་རིང་ལ་མཁན་པོའི་འགན་ཡང་ཟུར་ནས་ཁུར། ཁོང་རིན་པོ་ཆེའི་ཞང་པོ་ཡེ་ཤེས་དགོན་པའི་དབུ་བླ་ཁྱུང་པོ་གཡུང་དྲུང་བདུད་འདུལ་རིན་པོ་ཆེའི་མདུན་ནས་ཀྱང་། རྫོགས་ཆེན་ཀུན་བཟང་སྙིང་ཏིག་སྐུ་གསུམ་རང་ཤར་སོགས་ཀྱིས་མཚོན་དབང་ལུང་གང་མང་དང་། རྒྱལ་ཚབ་འཇིགས་མེད་དབང་ཕྱུག་ཚང་གི་མདུན་ནས་ཀྱང་རྫོགས་པ་ཆེན་པོ་དབྱིངས་རིག་མཛོད་ཀྱི་ཁྲིད་སོགས་ཀྱི་བཀའ་དྲིན་བསྐྱངས། ཨ་གཡུང་རིན་པོ་ཆེ་གཤེན་བསྟན་མཐའ་རྒྱས་དང་ཁྱུང་པོ་གཏེར་ཆེན་ཐུགས་རྗེ་གླིང་པ། སུ་ལའི་མཆོག་སྤྲུལ་གཡུང་དྲུང་དབང་རྒྱལ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་རྒྱལ་ཚབ་རྒྱ་འོབས་ཚང་། རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེ་དང་ཁྲི་པ་ཚང་། དྲང་སྲོང་ཨ་ཁུ་དངོས་གྲུབ་དང་ཨ་ཁུ་དཔལ་བཟང་སོགས་བླ་མ་སུམ་ཅུ་ལྷག་ལ་བསྟེན་ཏེ་དབང་ལུང་ཁྲིད་གདམས་ཟབ་མོར་སྤྱོད་པའི་སྐལ་བ་ལྡན་ཞིང་ཐུགས་རྒྱུད་ཡོན་ཏན་གྱིས་ཕྱུག་ཤིང་མཁས་བཙུན་བཟང་པོའི་རྣམ་ཐར་ལ་བསྙེགས། དེ་ནས་ཡང་དཀར་མཛེས་ཁུལ་དང་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་འཚོག་འདུ་ཆེ་ཕྲ་མང་པོ་དང་། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་འཛིན་མཐུན་ཚོགས། ཉག་རོང་རྫོང་རིག་གཞུང་དར་སྤེལ་ཚོགས་འདུ་དང་རྒྱུགས་སྤྲོད་ཆེན་པོ་སོགས་ལའང་ཕེབས་ནས་བགྲོ་གླེང་དང་རྒྱུགས་སྤྲོད་ཕུན་སུམ་ཚོགས་པ་སྤེལ། ད་ལྟ་ནི་ཀུན་མཁྱེན་ཤར་རྫ་བའི་གདན་ས་བར་མ་དགེ་ཐང་བཤད་སྒྲུབ་པད་ཚལ་རྒྱས་པའི་དགའ་ཚལ་དུ་འདུས་སྡེ་སྤྱི་ལ་ཞབས་ཕྱི་ཞུ་བཞིན་པ་དང་། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་་ཚོགས་ཀྱི་མཚན་འཛིན་ཚོགས་གཙོའི་སྐུ་ཚབ་དང་། ཁུལ་ནང་བསྟན་མཐུན་ཚོགས་རྒྱན་ལས་ལས་འཛིན་པ། ཉག་རོང་རྫོང་རིག་གཞུང་དར་སྤེལ་ཚོགས་གཙོ་མི་སྣ། མི་ནུབ་དགོན་པའི་དགོན་བདག་གཉེར་ཀྲུའུ་རིན་གཞོན་པའི་འགན་ཁུར་དང་མཚམས་སྒྲུབ་ཆེན་དང་བཅས་ལ་བཞུགས་པ་ལགས་སོ། །མདོར་ན་དམ་པ་ཁོང་ཉིད། བསྟན་དང་འགྲོ་བའི་དོན་ལ་བསམ་སྦྱོར་གཉིས་ཀར་ཁ་མ་བྲལ་བར། འདི་ཕྱི་གཉིས་ཀྱིས་ལམ་སྟོན་གྱི་སྒྲོན་མེ་ལྟར་གྱུར། ཁོང་གི་མཚན་སྙན་གྱི་བ་དན་དཀར་པོ་ནམ་མཁའི་མཐའ་དང་མཉམ་ཞིང་། ཡོན་ཏན་བཟང་པོ་རྣམས་ཉི་མ་སྤྲིན་བྲལ་ལྷང་ངེ་གསལ་བ་ལྟར་ཡིན་པས། སོ་སྐྱེས་ངས་ཐ་སྙད་ཀྱི་ཚིག་གི་ཕྲེང་བ་སྤེལ་བའི་ངལ་བ་མི་དགོས་པས། འོན་ཀྱང་རྣམ་རྟོག་ཅན་གྱི་སྣང་ངོར་ལ། འཇུག་པ་བདེ་ཕྱིར་ཉུང་བསྡུས་ཙམ། ཞེས་རྩོམ་སྒྲིག་པས་¬༼སྣང་གསལ་མེ་ལོང་རྩོམ་སྒྲིག་པ༽སྤྱི་ལོ་2012/12/12ཉིན།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག