ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> ཞིབ་འཇུག་མི་སྣ། >> ཤར་ཡུལ་ཕུན་ཚོགས་ཚེ་རིང་།
ཤར་ཡུལ་ཕུན་ཚོགས་ཚེ་རིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མིག་དམར་རྒྱལ་མཚན།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

      བོད་ཀྱི་ལོ་རྒྱུས་སྨྲ་བ་ཤར་ཡུལ་ཕུན་ཚོགས་ཚེ་རིང་ལགས་ནི༼སྤྱི་ལོ་༡༩༣༦ལོར༽འཁྲུངས། དགུང་ལོ་བདུན་ནས་ལྷ་ས་སྦྱར་བ་ཁང་གསར་སློབ་གྲྭར་བོད་ཡིག་དང་རྩིས་གཞུང་ལ་སྦྱངས་པ་མཛད། དེ་ནས་མཁས་དབང་ཚྭ་སྤྲུལ་ངག་དབང་བློ་བཟང་གི་དྲུང་དུ་སུམ་རྟགས་ལ་སྦྱངས་པ་གནང་བ་མ་ཟད། བོད་ལྗོངས་སྨན་རྩིས་ཁང་དུ་དངོས་སུ་ཞུགས་ཏེ་རྩིས་པའི་དགེ་རྒན་ཆེན་མོ་མཁས་དབང་ཡེ་ཤེས་ཆོས་འཕེལ་དང་ཐུབ་བསྟན་རྣམ་རྒྱལ་རྣམ་གཉིས་ཀྱི་དྲུང་དུ་དག་ཡིག་དང་། སུམ་རྟགས། སྙན་ངག ལམ་སྒྲོན། བཤེས་སྤྲིངས། རྩིས་གཞུང་། སྨན་གཞུང་སོགས་ལ་སྦྱངས་པ་གང་ལེགས་མཛད། དེ་རྗེས་མཁས་མཆོག་ཟླ་བ་བཟང་བོའི་ཞབས་ལ་གཏུགས་ནས་ཡིག་བཤད་མཁས་པའི་ཁ་རྒྱན་དང་། ལེགས་བཤད་སྣང་བ་དམ་པ་སོགས་ཟབ་སྦྱོང་གནང་། སྤྱི་ལོ༼༡༩༥༦ལོར༽ཀྲུང་དབྱང་སྡེ་ཚོགས་སློབ་གྲྭ་ཆེན་མོར་རྒྱའི་སྐད་ཡིག་དང་། ཀྲུང་གོ་གསལ་བརྗེའི་ལོ་རྒྱུས་སོགས་ལ་སྦྱངས་པ་གནང་། སློབ་གྲྭ་ཐོན་ནས་སྔ་རྗེས་སུ་བོད་སྤྱིའི་སློབ་གྲྭ་དང་། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་ཡིག་ཚགས་ལས་ཁུངས་སོགས་ལ་དགེ་རྒན་དང་ཞིབ་འཇུག་གི་ཕྱག་ལས་གནང་།

     དེ་རྗེས་དེ་སྔའི་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོར་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་དང་། མར་ལེ་རིང་ལུགས་སློབ་དཔྱོད་ཁང་གི་ཀྲུའུ་རེན། སློབ་གྲྭའི་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཆབ་སྲིད་ལོ་རྒྱུས་ཚན་པའི་ཀྲུའུ་རེན་སོགས་ཀྱི་འགན་འཁུར་གནང་། དེ་རྗེས་རང་སྐྱོངས་ལྗོངས་རྩོམ་བསྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི། རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་དྲུང་ཡིག་ཆེ་མོ་གིཞོན་པ་དང་། སྲིད་གྲོས་དོན་གཅོད་ཐིང་རང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་དང་། ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སོགས་ཀྱི་ལས་འགན་བཞེས་མྱོང་བ་ད་ང། རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་དབང་གི་མཚན་སྙན་ཐོབ་པ་རེད། ད་ལྟ་བོད་ལྗོངས་ནང་བསྟན་དུས་དེབ་ཀྱི་གཙོ་འགན་རྩོམ་སྒྲིག་པ་དང་། བོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཧྲུའོ་ཧྲེ་ཞིབ་འཇུག་སློབ་མའི་སློབ་སྟོན་པ་སོགས་ཀྱི་འགན་འཁུར་གནང་བཞིན་ཡོད།

      ཁོང་སྔ་རྗེས་སུ་རི་པིན་དང་། ནོར་ཝེ། ཨོ་སི་ཁྲུ་ལི་ཡ། འཇར་མན། ཧྥ་རན་སེ། ཨ་མེ་རི་ཁ། སི་ཕེན། ཧའོ་ལན། ཐའེ་དབན། ཤང་ཀང་སོགས་རྒྱལ་ཁབ་དང་ས་གནས་མང་བོར་རིག་ལམ་སྤེལ་རེས་ཀྱི་ཚོགས་འདུར་ཕེབས་པ་མ་ཟད། སྤྱི་ལོ༼༡༩༩༨ལོར༽ཀྲུང་གོའི་བོད་རིག་པའི་སྐུ་ཚབ་ཏུ་འཛམ་གླིང་བོད་རིག་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དུ་བདམས་ཐོན་བྱུང་ཡོད།

      ཁོང་གིས་སྔ་རྗེས་སུ༼དེབ་ཐེར་ཀུན་གསལ་མེ་ལོང་༽དང་༼བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག༽༼རྭ་སྟག་དོན་རྐྱེན་དང་དེའི་ངོ་བོར་སྐོར༽༼ཐང་རྒྱལ་རབས་ཀྱི་སྙན་ཚིག་སུམ་བརྒྱ༽༼བོད་ཀྱི་བོན་དགོན་ཁག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ༽བཅས་དེབ་ལྔ་རྩོམ་བསྒྱུར་འགྲེམས་སྤེལ་གནང་བ་དང་། ༼བོད་ཀྱི་གནད་བསྡུས༽རྒྱ་ཡིག་དང་༼བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ༽ཞེས་པ་སོགས་མཉམ་རྩོམ་དཔར་སྐྲུན་གནང་ཞིང་། དེ་བཞིན༼བོན་གྱི་བསྟན་པ་འཕེལ་གྲིབ་ཇི་ལྟར་བྱུང་བའི་སྐོར་མདོ་ཙམ་གླེང་བ༽༼བོད་ཡིག་གི་ཐོག་མའི་འབྱུང་ཁུངས་སྐོར་གླེང་བ༽༼བོན་ཞེས་པའི་ཐ་སྙད་དེའི་གོ་དོན་སྐོར་གླེང་བ༽༼སྟག་གཟིག་ཅེས་པའི་ཐ་སྙད་འདིའི་གོ་དོན་སྐོར་གླེང་བ༽༼བོད་ཅེས་པའི་མིང་གི་ཐོབ་ཚུལ་སྐོར་གླེང་བ༽༼བོད་ཀྱི་གནའ་སྲོལ་བཟང་བོ་ཁ་གཏགས་ཀྱི་སྐོར་རགས་ཙམ་གླེང་བ༽༼ལྷ་སའི་དར་པོ་ཆེ་བཞིའི་ངོ་སྤྲོད་མདོར་བསྡུས༽ཞེས་པ་ལ་སོགས་པའི་དཔྱད་རྩོམ་མང་དག་ཅིག་སྤེལ་གནང་བར་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གདེང་འཇོག་བཟང་བོ་ཐོབ་པ་བཅས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག