དྲི་མེད་ངེས་གསང་ཆེག་མཆོག་སྙིང་བོ་དགོངས་པའི་བརྗོད་བྱ་གསན། །
གསན་དོན་ཐུགས་ཉམས་རིམ་བཞིན་བསྟར་བས་རིག་པ་རང་ཤར་གྲུབ། །
གྲུབ་འབྲས་ལྷུག་པར་འདོམས་ལ་འཇིགས་མེད་རྣམ་དཔྱོད་དབང་བོ་བཀྲ། །
བཀྲ་ཤིས་གྲགས་པའི་རྒྱལ་མཚན་སྲིད་ཞིར་གཡོ་བ་དེ་ཡི་དྲུང་། །
གང་མཚན་བཱཻཌཱུར་དཔལ་གྱི་ཕང་འགྲོའི་སྒྲ། །
ངག་གི་རྒྱུད་ལས་བཞད་པའི་རྩེ་དགའ་ཡི། །
ལུས་ཀྱི་འཁྲི་ཤིང་དད་པའི་འབྲས་བུའི་ཁུར། །
མ་ཐེག་མངོན་པར་བདུ་བཞིན་གསོལ་བའི་འབྲས། །
བསོད་ནམས་ཡེ་ཤེས་ཚོགས་ཀྱི་མ་ལ་ཡར། །
ལེགས་འཁྲུངས་གཟུགས་སྐུའི་ཧ་རི་ཙན་དྷ་ནཿ །
ལུང་རྟོགས་དྲི་ངད་གཤིས་སུ་འཐུལ་བ་ཅན། །
གངས་རིའི་ལུས་ཅན་ཞིང་གི་དཔལ་དུ་བྱོན། །
འདི་ན་མཁས་བཙུན་གྲུབ་པས་སྤངས་པ་བདག །
འཚོ་བ་དགེ་ཞིང་གསེར་ཞལ་མྱུར་མཇལ་ཏེ། །
གསུང་ལ་སྤྱོད་པའི་སྐལ་བཟང་ནམ་ཞིག་ཅེས། །
ཡིད་ལ་སྨོན་པའི་རི་མོ་བགྱིད་བཞིན་མཆིས། །
ཨེ་མ་ཞི་བའི་ནགས་མཐོངས་གང་ན་བར། །
རང་རིག་འོད་གསལ་གཅིག་ཏུ་གཞོལ་བའི་འབྲས། །
རིག་པ་རང་ཤར་ཉིད་ལས་གཞན་དུ་ཟླ། །
ཀུན་གསལ་ཨུཏྤལ་དཀར་བོའི་རྩེ་ན་གཡོ། །
བརྒྱད་ཁྲི་བཞི་སྟོང་དགོངས་པ་ལེགས་སྨྲ་སྨྲ་དང་སྒྲུབ་པས་གསལ་བར་མཛད། །
མཛད་ཕྲིན་ཕན་ཚུན་འགྲན་ལྟར་བསྟན་འཛིན་འཛིན་མས་ཐེག་དཀའ་མང་བྱོན་ཡང་། །
ཡང་དག་ལམ་བཟང་ཇི་བཞིན་འདོམས་མཁས་མཁས་གྲུབ་བྱེ་བའི་གཙུག་གི་དཔལ། །
དཔལ་མགོན་བླ་མ་མཉམ་མེད་རྒྱལ་དབང་དབང་ཕྱུག་བརྒྱད་ལྡན་རྗེས་བསྔགས་འོས། །
མཛོད་ཆེན་ལྔ་སོགས་ལེགས་བཤད་དུ་མའི་པོད། །
དྲི་ཟའི་འཇིག་རྟེན་རྫོགས་པའི་སྙན་འགྱུར་གྱིས། །
ངག་དབང་ལོངས་སྤྱོད་འཁོར་ལོར་ཞུགས་སོ་ཞེས། །
དབྱངས་ཅན་ཐུགས་ཉིད་འཕྱང་མོ་ཉུག་ཏུ་ངལ། །
སྔོན་རབས་མཁས་པའི་རྣམ་རིག་སོར་རྩེ་ཡིས། །
མ་ཁྲོལ་རྒྱུད་དོན་ཞེ་གཉིས་སྦས་པའི་མདུད། །
རྟོགས་པའི་ནང་བྱན་རལ་གྲིས་ཕྱུངས་པས་ན། །
གྱེར་སྤུངས་དཔའ་བོའི་གྲགས་དཀར་བསྙལ་གྱིས་དོགས། །
སྙིང་རྗེ་གཟིགས་པ་དག་པའི་སྤྱོད་ཡུལ་ནི། །
དམན་ལ་ཆེས་ཆེར་འབབ་པའི་ཐུན་མིན་གྱི། །
གྲགས་པའི་སྤྲིང་ཡིག་ཕྱོགས་སུ་ཀློག་པའི་མོད། །
ཕྱོགས་ཀྱི་བུ་མོ་རྣ་ལུང་གཅིག་ཏུ་ངོམས། །
མཆོག་དམན་བར་མའི་སྐྱེ་བོའི་གཏོང་ཕོད་ལག །
སེར་སྣའི་ཞགས་པས་དམ་དུ་བཅིངས་སྐབས་འདིར། །
དངོས་པོ་གང་བྱུང་མཆོད་སྦྱིན་བསྟབ་པ་ལ། །
ཁྱོད་ལས་གཞན་འགའ་སྲིད་ན་བཙལ་དུ་མེད། །
དགེ་ལེགས་རྩ་བ་དཔལ་ལྡན་བླ་མ་མ་ལུས་གནས་སྐབས་གསུམ་གྱི་སྐྱབས། །
སྐྱབས་མཆོག་གང་གི་གསང་གསུམ་རྣམ་ཐར་ཐར་འདོད་འགྲོ་ལ་གཅིག་ཏུ་ཕན། །
ཕན་དང་བདེ་བའི་འབྱུང་གནས་བསྟོད་བསྔགས་བསྔགས་པའི་བ་དན་སྲིད་པ་ཀུན། །
ཀུན་ནས་ཁྱབ་པ་མགོན་ཁྱེད་སྐུ་ཚེ་ཚེ་བདག་ལྷ་དང་དབྱེར་མེད་ཞུ། །
ཤིང་རྟ་ཆེན་པོ་དཔལ་ལྡན་སྨན་རི་བའི། །
བརྒྱུད་འཛིན་མཁས་མང་ཚངས་སྤྱོད་འདུལ་སྡེ། །
སིན་དྷུའི་རྒྱ་མཚོ་འཕྱུར་ལ་ཅོ་འདྲི་བས། །
སྲིད་པ་ཉམ་ངའི་ཕྱི་མཐའ་བཟུང་བར་སྨོན། །
རིང་ནས་སྲིད་པའི་འཁོར་ལོ་འཁོར་བ་ཡི། །
བ་ལང་ཡིད་ཅན་འགྲོ་བ་མཐའ་དག་ཀུན། །
སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །
མཐུ་ཆེན་རྒྱལ་སྲས་དཔའ་བོར་འགྱུར་ཞིག་གུ། །
ལི་ཁྲིའི་ཐིག་ལེ་མཁའ་ལ་རབ་རྒྱུ་ཡང་། །
མེ་ཏོག་ས་ལ་གནས་པའི་དོན་བྱེད་ལྟར། །
རེ་ཞིག་ཡུལ་གྱིས་བསྐལ་བར་གྱུར་ན་ཡང་། །
མཐའ་འཁོབ་གྲྭ་ཆུང་བརྩེ་བས་མི་འདོར་འཚལ། །
བཀྲ་ཤིས་ཚིག་ཕྲེང་དངུལ་སྲང་ལྷ་རྫས་བཅས། །
བཀྲ་ཤིས་ཟླ་བའི་ཚེས་ལ་གུས་བཏེགས་པས། །
བཀྲ་ཤིས་རེ་ཁས་དུད་པའི་ཞབས་སེན་གྱིས། །
བཀྲ་ཤིས་དགེ་ལེགས་དཔལ་གྱིས་རྗེས་འཛིན་ཤོག །