བླ་མ་རྗེ་ལ་གསོལ་བ་འདེབས།གདུལ་བྱ་ཐུགས་རྗེས་བཟུང་དུ་གསོལ། །
ལ་བ་ལྡན་པའི་དགེ་འདུན་རྣམས། །ཕན་པའི་བསླབ་བྱ་འདི་ལ་ཉོན། །
ད་རེས་དཀོན་མཆོག་ལྷ་གྲལ་ཟུངས། །དོན་མེད་མ་འདུག་སྡོམ་པ་ཞུས། །
ཁེར་འགྲོས་མ་བྱེད་སྒྲིགས་ལམ་སྐྱོངས། །དགེ་འདུན་ཀུན་དང་མཐུན་པར་གྱིས། །
མཆེད་གྲོགས་ཕན་ཚུན་དབྱེན་མི་རུང༌། །ངན་པ་རྣམས་དང་དཔུང་མ་བསྒྲིལ། །
དགེ་འདུན་ནོར་ལ་དུག་བཞིན་འཛེམ། །སྤྱི་ཆུས་ལས་ལ་གོ་ཆོད་གྱིས། །
ཚོང་ལ་མ་དགའ་སེར་ཚུགས་ཤོར། །དམར་ཆོག་མ་བྱེད་རྐང་འདྲེན་ངན། །
ཆང་གྲལ་བཤམས་ན་བསྟན་པ་འཇིག །ཡ་རབས་རྣམས་ལ་མིག་ལྟོས་ལོངས། །
ཟ་ཉལ་སྐྱིད་ལོབ་རྣམ་གཡེང་སྤོངས། །ཕྱི་ཚུལ་ནང་ཁྲིམས་གཙང་མ་སྲུངས། །
རྒྱུན་དུ་བྱི་དོར་ཚོགས་བསགས་གྱིས། །རང་ལ་ཅི་དགོས་སློབ་གཉེར་སྦྱོངས། །
སྔོན་འགྲོ་དངོས་བཞིའི་ཁྲིད་ལ་ཞུགས། །དགེ་འདུན་ཚོགས་ལ་དྲིན་ཡོད་གྱིས། །
ཆོ་ག་ཁུངས་བཙུན་རྣམས་ལ་བརྟེན། །ལག་ལེན་སློབ་དཔོན་ངག་ལས་ཉོན། །
ཀུན་སྤྱོད་འདུལ་བ་གཙོ་བོར་གྱིས། །ནང་གི་ཉམས་ལེན་གསང་སྔགས་གལ། །
རི་ཁྲོད་བརྟེན་ནས་བོན་མཐུན་གྱིས། །ཉམས་རྟོགས་སྐྱེས་ནས་འགྲོ་ཕན་མཛོད། །
དེ་ལྟར་བྱས་ན་བོན་ཚུགས་ཟིན། །ཕྱི་མར་ས་ལམ་རིམ་གྱིས་བསྒྲོད། །
འདི་ཉིད་མཐོང་དང་ཐོས་པ་ཡིས། །བཙུན་པ་རྣམས་ལ་ཕན་པར་ཤོག །
ཅེས་པ་འདི་ནི་འདྲ་ཡུལ་ཆུ་མིག་དགོན་དུ་དགེ་འདུན་པ་རྣམས་འདུས་པ་ལ་བསླབ་བྱ་བགྱིད་སྐབས་སུ་གསུངས་པའོ།།