ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> སྙན་རྩོམ། >> ཇོ་བཙུན་མ་རྣམས་ཀྱིས་གནས་གཞི་སྐྱོང་ཚུལ་གྱི་མགུར་ཤེལ་དཀར་སིལ་མ་ཞེས་བྱ་བ་བཞུགས།
ཇོ་བཙུན་མ་རྣམས་ཀྱིས་གནས་གཞི་སྐྱོང་ཚུལ་གྱི་མགུར་ཤེལ་དཀར་སིལ་མ་ཞེས་བྱ་བ་བཞུགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དཔྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

ཚེ་རབས་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །
ཁྱིམ་སྤངས་དགེ་ལ་ཞུགས་པའི་བཙུན་མ་རྣམས། །ཉེ་བར་མཁོ་བའི་བསླབ་བྱ་འདི་ལ་ཉོན། །
སྡུག་བསྔལ་འཁོར་བའི་ཁྱིམ་གྱི་གཞི་དང་རྟེན། །ཟ་མ་མོ་ལུས་ཡིན་ནོ་ཇོ་བཙུན་རྣམས། །
ད་རེས་ལན་གཅིག་དགེ་བའི་སྒོར་ཞུགས་པ། །ལས་འཕྲོ་སྐལ་བ་བཟང་ངོ་ཇོ་བཙུན་རྣམས། །
སྐྱིད་སྡུག་གཉིས་ཀྱི་ས་མཚམས་ད་རིས་ཡིན། །བློ་ཐག་རྦད་ཀྱིས་ཆོད་དང་ཇོ་བཙུན་རྣམས། །
སྐྲ་ལོ་བྲེག་ནས་མི་ཁྱིམ་སྤངས་ན་ཡང༌། །རང་ཁྱིམ་གཡོག་མོ་མ་བྱེད་ཇོ་བཙུན་རྣམས། །
ཚེ་འདིའི་གཞི་མེད་ཕྱི་མའི་ལམ་མེད་པའི། །མགོ་རིལ་སྐྱ་དགེ་མ་བྱེད་ཇོ་བཙུན་རྣམས། །
མོ་རིགས་བདག་མེད་འཁྱམས་ན་རང་གཞན་ཕུང༌། །མི་སྔོན་ཇོ་མོ་མ་བྱེད་ཇོ་བཙུན་རྣམས། །
ཐར་བའི་ལམ་སྟོན་དྲིན་ཆེན་བླ་མ་ཡིན། །སྙིང་ནས་མགོ་འབུལ་ཞུས་ཤིག་ཇོ་བཙུན་རྣམས། །
མང་ཤེད་བཟུང་ནས་འདུལ་ཚུགས་འཛིན་དགོས་པས། །དགོན་གནས་ལྷ་གྲལ་ཞུགས་ཤིག་ཇོ་བཙུན་རྣམས། །
དགེ་རྒན་མེད་ན་རང་མགོ་མི་ཐོན་པས། །འགོ་འཛིན་དགེ་རྒན་སྟེན་ཅིག་ཇོ་བཙུན་རྣམས། །
བོན་གྱི་གཞི་རྟེན་འདུལ་ཁྲིམས་སྡོམ་པ་ཡིན། །རབ་བྱུང་ཚུལ་བཞིན་ཞུས་ཤིག་ཇོ་བཙུན་རྣམས། །
སྒྲིགས་ལམ་མེད་ན་རྒན་མོའི་འདུས་ར་འདྲ། །ཕྱི་བཅའ་ནང་ཁྲིམས་གྱིས་ཤིག་ཇོ་བཙུན་རྣམས། །
རྒན་ལ་བཀུར་སྟི་ནད་པའི་གཡོག་ལ་སོགས། །བྱ་བ་མགོ་འཇུག་མ་ནོར་ཇོ་བཙུན་རྣམས། །
ལུས་ནི་དགྲ་ཡིན་ཞག་གཅིག་མ་ལེགས་ན། །ཚེ་གཅིག་ཆུད་ཟོས་འགྲོའོ་ཇོ་བཙུན་རྣམས། །
སེམས་ནི་གདོན་ཡིན་དབང་མེད་འགྱུར་བ་སླ། །རང་སྐྱོན་རང་གིས་རྟོགས་ཤིག་ཇོ་བཙུན་རྣམས། །
གྲོང་དགོན་རི་ཁྲོད་གང་ཡིད་ཁྲིམས་གྲོགས་བསྟེན། །ཁེར་འགྲོས་གཏན་ནས་མི་རུང་ཇོ་བཙུན་རྣམས། །
གཟན་ཤམ་ཚུལ་གོས་རྒྱལ་པོའི་བཀའ་ཤོག་འདྲ། །རྒྱུན་དུ་འབྲལ་མེད་གྱིས་ཤིག་ཇོ་བཙུན་རྣམས། །
མི་སྐྱ་གྲྭ་རིགས་སླ་ང་ནག་པོ་ཡིན། །རྒྱང་ཐག་རིང་པོར་ཞོག་ཅིག་ཇོ་བཙུན་རྣམས། །
ཁྱད་པར་བན་དེ་ཁྲེལ་མེད་མཛེ་ཕོ་ཡིན། །གདོང་ནས་ལྟག་པ་སྟོན་ཅིག་ཇོ་བཙུན་རྣམས། །
མོ་རིགས་སེམས་ཁ་མི་ནོན་ཁོང་ཁྲོ་ཆེ། །རང་ལ་དམ་བཅའ་གྱིས་ཤིག་ཇོ་བཙུན་རྣམས། །
འདོད་ཆགས་ཆེ་བ་ཕལ་ཆེར་རང་དབང་དཀའ། །རྒྱུན་དུ་བྱ་ར་གྱིས་ཤིག་ཇོ་བཙུན་རྣམས། །
ཉམ་ཆུང་མཐོ་སར་སླེབས་ན་ང་རྒྱལ་ཆེ། །གྲོགས་ལ་ཁྱད་གསོད་མ་བྱེད་ཇོ་བཙུན་རྣམས། །
ཕྲག་དོག་ཡོད་ན་མཉམ་དུ་གཤིབ་ཐབས་མེད། །འགྲན་སེམས་སྣ་བཟུར་མ་ཆེ་ཇོ་བཙུན་རྣམས། །
མི་བདེའི་རྩ་བ་དབྱེན་དང་ཕྲ་མ་ཡིན། །ཁ་དང་ཨོལ་མདུད་མནན་དགོས་ཇོ་བཙུན་རྣམས། །
སྒོས་མཐུན་ཡོད་ན་གཞན་མ་དགྲ་རུ་འགྱུར། །གཉིས་གསུམ་ཁ་རུབ་མ་བྱེད་ཇོ་བཙུན་རྣམས། །
བུད་མེད་ངན་ལོབ་སོང་ན་བཅོས་པར་དཀའ། །ཟ་ལོབ་འཕྱོར་སྣང་མ་དྲན་ཇོ་བཙུན་རྣམས། །
སེམས་བཟང་ངང་རྒྱུ་འཇམ་ན་ནམ་ཡང་སྐྱིད། །མཐུན་འཇུག་འགྲོགས་མཁས་དགོས་སོ་ཇོ་བཙུན་རྣམས། །
དགེ་འདུན་རྩ་བ་བློ་སེམས་མཐུན་པ་ཡིན། །གཅིག་རྐུབ་གཉིས་ཀྱིས་མ་འདྲེན་ཇོ་བཙུན་རྣམས། །
སྤྱི་ཆུས་མེད་ན་རང་ཆུས་ཤུགས་ཀྱིས་འཆོར། །རང་འདོད་གཤོ་ངན་མ་འདྲེན་ཇོ་བཙུན་རྣམས། །
ཚོགས་འདོན་བོན་སྤྱོད་བསླབ་བྱ་ཁྲིད་ཡིག་སོགས། །གང་དགོས་སློབ་གཉེར་གཟོབ་ཅིག་ཇོ་བཙུན་རྣམས། །
མང་པོ་འདུས་ན་དཀོར་གྱི་སྒྲིབ་པ་ཆེ། །དམིགས་འདོན་དཀོར་སྦྱངས་གྱིས་ཤིག་ཇོ་བཙུན་རྣམས། །
བླ་མའི་ཕྱག་གཡོག་སྤྱི་ལས་ཅི་དགོས་རྣམས། །ཕྱི་མའི་དགེ་བར་ཤེས་དགོས་ཇོ་བཙུན་རྣམས། །
ཡ་རབས་དགེ་སྦྱོར་ཅན་ལ་མིག་ལྟོས་ལེན། །བོན་དང་ཅི་མཐུན་གྱིས་ཤིག་ཇོ་བཙུན་རྣམས། །
བསླབ་བྱ་འདི་ཉིད་མཐོང་དང་ཐོས་པ་ཡི། །ཇོ་བཙུན་རྣམས་ཀྱི་བློ་སྣ་བོན་ལ་འགྱུར། །
ས་ཕྱོགས་གཙང་མར་བཙུན་མའི་འདུས་སྡེ་ཆགས། །འདུལ་ཚུགས་ཟིན་ནས་དགེ་སྦྱོར་འཕེལ་བར་ཤོག །

      ཅེས་པ་འདི་ནི་སྒྲུབ་སྡེ་བྱང་ཆུབ་གླིང་དུ་རང་སློབ་དགེ་བཙུན་མ་འགའ་ཞིག་གིས་བློ་མཐུན་བགྱིས་ནས་གནས་གཞི་བཟུང་བའི་ཚེ་སྒྲིགས་ལམ་གྱི་བསླབ་བྱ་སྣ་ཚོགས་བགྱིད་པའི་སྐབས་སུ་གསུངས་པའོ།།

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག