ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> སྙན་རྩོམ། >> ཀུན་མཁྱེན་ཤར་རྫ་བའི་མཛོད་ཆེན་ལྔ་ལ་བསྔགས་པ།
ཀུན་མཁྱེན་ཤར་རྫ་བའི་མཛོད་ཆེན་ལྔ་ལ་བསྔགས་པ།
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། རྩོམ་པ་པོ་སུ་ཡིན་མ་ཤེས།] [ཟླ་ཚེས། 10-12-24] [ཀློག་གྲངས། ]

གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་གཡུང་དྲུང་བོན། །

གང་ལས་བྱུང་ཞིང་ཇི་ལྟར་དར་བའི་ཚུལ། །

ལེགས་བཤད་གཏམ་གྱི་མཛོད་ཁང་ཁ་བྱེ་བས། །

གཞུང་འདིས་བསྟན་པའི་རིང་ལུགས་བདེ་བླག་མཐོང་། །

སྡེ་གསུམ་རིམ་དགུའི་ཐེག་པ་ཇི་སྙེད་པ། །

གདུལ་བྱའི་སྣོད་དང་མཚམས་པར་བསྡུས་པའི་མཛོད། །

མདོ་སྔགས་ལམ་གྱི་རིམ་པ་ཀུན་གསལ་བ། །

འདི་ཡིས་བསྟན་པ་ཀུན་གྱི་ཉམས་ལེན་ཤེས། །

ཡོངས་རྫོགས་ཐེག་པའི་གྲུབ་མཐའ་མ་ལུས་པ། །

ལུང་དང་རིག་པའི་སྲང་ལ་ལེགས་གཞལ་ནས། །

ངོ་མཚར་མཛོད་ཆེན་གསར་དུ་བསྒྲུབས་པ་ཡིས། །

བློ་གསལ་ཡིད་ལ་མཁས་པའི་ངེས་ཤེས་སྦྱིན། །

ཁྱད་པར་བསྒྲགས་གསུམ་སྐོར་བཞི་མན་ངག་གི །

མཐར་ཐུག་དབྱིངས་རིག་རིན་པོ་ཆེ་ཡི་མཛོད། །

ཀུན་བཟང་དགོངས་པའི་ཀློང་ནས་རང་བརྡོལ་བས། །

སྙིགས་མའི་དུས་སུ་སངས་རྒྱས་མཛད་པ་བསྒྲུབས། །

ཡང་ཟབ་ཐུགས་ཀྱི་གསང་བ་ནམ་མཁའི་མཛོད། །

གདུལ་བྱའི་དོན་དུ་སྙིང་རྗེས་ལེགས་ཕྱེ་པའི། །

བྱིན་རླབས་དྲོད་རླང་མ་ཡལ་ཐུལ་ལེ་བས། །

སྐལ་ལྡན་རྣམས་ལ་གྲུབ་གཉིས་འདོད་དགུ་སྟེར། །

མཛོད་དང་འདུལ་བ་མདོ་སྔགས་ཀུན་འཛོམས་ཞིང་། །

མཛོད་ཆེན་འདི་རྣམས་བསྟན་པའི་སྙིང་པོ་ཡིན། །

མཛོད་ཁང་འདི་ལ་རིམ་དགུ་ཐེག་པ་འདུས། །

མཛོད་ལྔའི་འདི་འདྲ་སུས་ཀྱང་བསྡུས་པ་དཀའ། །

ཨ་ དཔལ་བཟང་གི་ཟིན་བྲིས་ལས་བཏུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག