ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> སྙན་རྩོམ། >> བློ་གཏད་བཅུ་ཕྲག་གི་གླུ།
བློ་གཏད་བཅུ་ཕྲག་གི་གླུ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྦ་སར་པཎྚི་ཏ་ཀུན་བཟང་རྒྱལ་མཚན།] [ཟླ་ཚེས། 10-12-10] [ཀློག་གྲངས། ]

(བློ་གཏད་བཅུ་ཕྲག་གི་གླུ་འདི། །བློ་ལ་གང་ཤར་དེ་ལེན་མཁན། །བློ་དམན་བྱ་བྲལ་བ་ཟུང་གིས། །བློ་རིག་དྭངས་དུས་སུ་སྨྲས་སོ། །)

མཆོག་རྩ་གསུམ་རྒྱལ་བ་འདུས་པའི་ཞལ། །དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་བ། །
མཚན་ཡོངས་གྲགས་རྒྱལ་བ་ཚུལ་ཁྲིམས་ཞེས། །དོན་སངས་རྒྱས་དངོས་དེར་ཕྱག་གིས་འདུད། །
ཕྲན་འདོ་མེད་བཙུན་པའི་གཟུགས་བརྙན་བདག ། དཔལ་སྔོན་བྱོན་གོང་མའི་བཞུགས་གནས་མཆོག །
ཚུལ་ངོ་མཚར་ཅན་གྱི་དབེན་པའི་རི། །ཡིད་འཕྲེང་བའི་གླུ་ཞིག་དབྱངས་སུ་ལེན། །
སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་བུའི་གླིང་། །ཐོབ་དཀའ་བ་མཆོག་ཆེན་བཞི་ལྡན་རྟེན། །
དོན་ཡིད་བཞིན་ནོར་བུ་ལས་ལྷག་པའི། །དཔེ་འཁོར་འདས་བསྒྲོད་པའི་ལམ་གྱི་མདོ། །
འདི་རྙེད་དུས་རྒྱལ་བ་གོང་མ་བཞིན། །ཚུལ་དམ་པའི་རྣམ་ཐར་སྐྱོང་འདོད་ཀྱིས། །
ཕྲན་བདག་གི་སེམས་པ་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
ལུས་ལྟེ་ཁྲག་འདོར་བའི་ཕ་ཡུལ་དུ། །དགྲ་ཞེ་ལ་སྡང་བའི་རླུང་འཚུབ་ཆེ། །
གཉེན་ཡིད་ལ་ཆགས་པའི་ལྕགས་སྒྲོག་དམ། །དེ་བླང་དོར་མི་ཤེས་མུན་པ་འཐུག །
སྙན་མི་སྙན་ཚིག་གི་མཚོན་ཆ་རྣོ། །སེམས་བཟོད་པའི་བུ་ཆུང་བདེ་སྐབས་མེད། །
དོན་དེ་ཕྱིར་བདག་ཡིད་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
ཡུལ་ཞིང་ཁང་ནོར་གྱི་བཙའ་རྫི་དང་། །བུ་ཕ་མ་གཉེན་འབྲེལ་སྐྱོང་ཁུར་རྣམས། །
དོན་མ་བརྟགས་སྣང་ངོར་སྤྲོ་དགའ་ཡང་། །ལམ་བྱང་ཆུབ་བསྒྲུབ་པའི་གེགས་རྐྱེན་དུ། །
མིང་སྙན་པོར་བཏགས་པའི་བདུད་རྗེ་ཡིན། །སེམས་ཆགས་ཞེན་ཅན་རྣམས་འདི་ཡིས་བསླུས། །
དོན་དེ་ཕྱིར་བདག་ཡིད་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
ལུས་སྟོབས་ཤེད་དར་བའི་གཞོན་དུས་འདིར། །གྲོགས་མེ་ཏོག་འཛུམ་འདྲ་མཛའ་མོར་བཀུགས། །
ལས་དགྲ་འདུལ་གཉེན་སྐྱོང་འབའ་ཞིག་གིས། །དུས་འདས་ཚེ་བསམ་བློ་མི་ཤེས་ཀྱང་། །
མགོ་འཆི་བདག་ཁ་ཆུས་བྲན་པའི་ཚེ། །བློ་འགྱོད་པའི་དུས་ཞིག་འབྱུང་ངེས་ཕྱིར། །
ཕྲན་བདག་གིས་སེམས་པ་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
ལས་ཟིན་པ་མེད་པའི་འཁོར་བའི་བོན། །སེམས་རྩོལ་བས་ཅི་ལྟར་བསྒྲུབས་ན་ཡང་། །
དོན་ལྟོ་རྒྱབ་གསོ་བ་ཁོ་ནའི་ཆེད། །ཚེ་ཕྱི་མར་སྐྱེས་ཆེན་འདེགས་པའི་དུས། །
རྒྱུ་ཟས་ནོར་ཡོད་ཀྱང་འཁྱེར་དབང་མེད། །ལུས་འདི་ཡང་མལ་དུ་བཞག་དགོས་ཕྱིར། །
ཕྲན་བདག་གི་སེམས་པ་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
དགྲ་འཆི་བདག་བདུད་པོ་ཐོག་རྒོད་བཞིན། །དུས་གློ་བུར་ཐོག་ཏུ་སླེབས་པའི་ཚེ། །
ནོར་བསགས་པ་ཡོད་ཀྱང་བླུ་ས་མེད། །གྲོགས་ཆུང་མ་བུ་དང་འགྲོགས་དབང་མེད། །
གཉེན་ཉེ་འབྲེལ་ཤི་གསོན་འབྲེལ་ཐག་ཆད། །གདོང་མིག་ཆུ་འཐོར་ཞིང་འགྲོ་དགོས་ཕྱིར། །
ཕྲན་བདག་གི་སེམས་པ་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
གཉེན་མཛའ་བཤེས་ཕ་མའི་བརྩེ་གདུང་དང་། །ཡུལ་འདོད་ཡོན་དགའ་བའི་ལོངས་སྤྱོད་དང་། །
ཆེ་སྙན་གྲགས་བཀུར་བསྟི་བྱས་པ་སོགས། །ཀུན་ལུས་མེད་བདུད་ཀྱི་འཆིང་ཞགས་རེད། །
བོན་འཇིག་རྟེན་འཁོར་བའི་ཕུན་ཚོགས་རྣམས། །མཆོག་རྒྱལ་བ་རྣམས་ཀྱིས་སྨད་པའི་ཕྱིར། །
ཕྲན་བདག་གི་སེམས་པ་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
མཆོག་སྐྱེས་བུ་དམ་པའི་བསྔགས་པའི་ཡུལ། །རི་སྤོ་མཐོན་ས་གཙང་ཉམས་དགའ་ཞིང་། །
གནས་ལྷ་ཡུལ་ལྟ་བུའི་དབེན་ཁྲོད་དུ། །ལུས་མི་ལྟོ་བ་ཡི་ཆས་སུ་ཞུགས། །
ངག་མི་སྨྲ་ལྐུགས་པའི་བརྟུལ་ཤུགས་བསླབ། །སེམས་རྣལ་དུ་ཕབ་ནས་བསྒོམ་འདོད་ཀྱིས། །
ཕྲག་བདག་གི་སེམས་པ་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
སེང་དཀར་མོ་འགྱིང་བའི་གངས་ཁྲོད་དང་། །གཅན་སྟག་མོ་འགྲིམས་པའི་ནགས་ཚལ་ཀློང་། །
བྱ་རྒོད་པོ་འཁྲེས་པའི་བྲག་ཕུག་དང་། །འབྲོང་དར་མ་རྒྱུ་བའི་རྫ་སྐྱིབས་ན། །
མིས་བདག་བཟུང་མེད་པའི་གནས་ཁང་མང་། །ཆར་ཆུ་ཐིག་འཇིག་པའི་དྭོགས་པ་མེད། །
དོན་དེ་ཕྱིར་དབེན་པའི་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
ཤིང་བྱང་ཆུབ་ལྗོན་པའི་བསིལ་གྲིབ་དང་། །རྩྭ་འཇག་མས་བསྐྲུན་པའི་སྤྱིལ་བུ་དང་། །
རྐྱང་མ་བུ་བརྩེ་བའི་སྤངས་ཀྱི་ལྗོངས། །བྱ་ངང་བ་འདུ་བའི་མཚོ་གླིང་རྣམས། །
རྗེ་སྒོམ་ཆེན་གོང་མའི་བཞུགས་གནས་ཡིན། །གནས་དེ་ན་བདེ་སྐྱིད་གཏེར་ཁ་ཡོད། །
དོན་དེ་ཕྱིར་དབེན་པའི་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
གནས་ངོ་མཚར་ལུང་སྟོང་དགོན་པ་ན། །ཆུའི་ལྷུང་སྒྲས་ཉམས་ཀྱི་གསལ་གྲོགས་བྱེད། །
བྱ་བྱིའུས་མི་སྙན་སྒྲོག་མི་ཤེས། །ཉམས་འཆར་བའི་རི་དྭགས་བག་ཕེབ་ཏུ། །
ལུས་རྩེད་འཇོ་བྱེད་ལ་ལྟད་མོ་མང་། །སེམས་ཉོན་མོངས་སློང་བའི་ཡུལ་རྐྱེན་མེད། །
དོན་དེ་ཕྱིར་དབེན་པའི་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
གནས་ཚལ་གསར་འཛུམ་པའི་དོ་ར་ན། །འབུ་བུང་བས་གླུ་ཆུང་ལེན་རྐྱེན་གྱིས། །
ཉམས་མགུར་གླུ་ལེན་ལ་སྤྲོ་རུ་འཇུག །ཕྱི་སྣང་ཡུལ་དེ་ཡི་སློབ་དཔོན་གྱིས། །
དོན་སེམས་ལ་གདམས་ངག་འཆར་དུ་འཇུག །དོན་སངས་རྒྱས་འཁྲུལ་མེད་རང་ལས་འཁྲུངས། །
དོན་དེ་ཕྱིར་དབེན་པའི་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
སོ་རབ་ཏུ་གསོད་པའི་དབེན་པ་ན། །དུས་རིང་ནས་ངལ་བའི་སེམས་ཉིད་འདི། །
གཤིས་མ་བཅོས་སྐྱོང་བའི་གང་ཟག་དེ། །མཆོག་རྩ་གསུམ་རྒྱལ་བས་ཉེ་བར་གཟིགས། །
ལྷ་དཀར་ཕྱོགས་ཚོགས་ཀྱིས་མཐུན་རྐྱེན་སྒྲུབ། །ཚེ་འདི་ཕྱིའི་བདེ་སྐྱིད་འགྲུབ་པ་ཡིན། །
དོན་དེ་ཕྱིར་དབེན་པའི་རི་ལ་སྐྱོ། །རི་ངོ་མཚར་ཅན་ནས་བསྒོམ་ལ་སྤྲོ། །
སེམས་དབེན་པར་སྤྲོ་པའི་གླུ་ཡི་ཚོམ། །གྲངས་བཅུ་གསུམ་དབྱངས་སུ་བླངས་པའི་དགེས། །
ཕ་བླ་མའི་རྣམ་ཐར་རྗེས་ཟིན་ནས། །ཚེ་སྒྲུབ་པ་རི་ལ་སྐྱེལ་ནུས་ཤོག །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག