འོད་གསལ་ལྷ་ཞིག་བསོད་ནམས་ཟད་པས་མཁའ་ནས་དོག་ལ་བབ་ཀྱང་རུང་།།
ཨ་རྒེ་སྤྲེལ་ཞིག་རྔ་མ་ཆད་པས་མདོ་དབུས་ཁམས་གསུམ་གྲོལ་ཡང་རུང་།།
གང་ལྟར་ཅི་ཡིན་དབུ་ནག་བོད་ཅེས་བསིལ་ལྗོངས་འཛིན་མའི་བདག་པོ་སྟེ།།
ཕ་ཁྱིམ་གཅིག་ནས་འཚར་ལོངས་བྱུང་བའི་ཤ་རུས་ཁྲག་རྩ་གཅིག་པ་ཡིན།།
རྩ་གསུམ་དཔལ་གྱི་ཟླ་བོར་སོང་བའི་ཁྱོད་ཀྱི་འཚོ་བའི་གཏམ་རྒྱུད་ཡོད།།
དུ༔ཏི་དམྱལ་བའི་ཚང་ཟླ་འགྲོ་བའི་ཕམ་ཁའི་སྡུལ་བསྔལ་གླེང་ཚོད་མེད།།
ལོ་རབས་སྟོང་གི་གླེགས་བམ་བཀླགས་པས་ལོ་རྒྱུས་སེམས་ལ་ཁྲིགས་སེ་ཡོད།།
ཕ་དང་ཨ་མྱེའི་སྐྱིད་སྡུག་མཐོང་ཐོས་འདི་རུ་དྲན་པས་འགལ་བ་མེད།།
བྱ་རུ་ཅན་གྱི་ས་སྐྱོང་དབང་པོས་ཏི་སེའི་ཕ་མཁར་བཟུང་བའི་དུས།།
ཁྲི་བདུན་བང་སོ་ཨ་སྔོན་དབྱིངས་སུ་འཕོ་བ་ཆེན་པོ་བཏབས་པའི་དུས།།
གསང་གྲུབ་བརྒྱད་ཅུའི་ཚེ་དང་སྒྲུབ་པ་དུས་མཉམ་ལ་མོ་རྒྱབ་པའི་དུས།།
རྫོགས་ལྡན་དུས་ཀྱི་རྫོགས་ལྡན་འཚོ་བ་ལྷ་ཀླུའི་སྨོན་པ་ཞང་བོད་ཡུལ།།
རྒྱལ་གྱི་ཆབ་སྲིད་གཤེན་གྱི་བོན་སྲིད་ཐ་དད་དགར་བའི་བསམ་འདུན་སྣེར།།
རྣོ་ངར་རལ་གྲི་བོན་ལ་བསྐོར་བས་འཇའ་ལུས་སྒྱུ་མའི་ཐགས་པ་ཆད།།
ཁྲི་བདུན་མེས་པོས་དཀའ་ཚེགས་དུ་མས་ཞང་ཞུང་ཡུལ་ནས་བསྒྱུར་བའི་གཞུང་།།
རེ་ཞིག་ནེ་སླས་རྒྱལ་མོའི་ཀློང་དུ་གཞུགས་སུ་གསོལ་བའི་ལོ་རྒྱུས་གདའ།།
ཐུབ་པའི་དབང་པོའི་དངོས་ཀྱི་འཁོར་དུ་ཉན་ཐོས་ཁོ་ནར་ངེས་པའི་སྐབས།།
མཚུངས་མེད་ཀླུ་སྒྲུབ་ཞབས་ཀྱི་འཁོར་ལོ་ནཱ་ག་ལྗོངས་སུ་མ་བཀོད་སྔོན།།
དབལ་སོ་གངས་རིའི་ར་བས་བསྐོར་བའི་བསིལ་ལྗོངས་འཛིན་མའི་རྩེ་མོ་རུ།།
ཕ་ཆོས་ཐེག་པ་ཆེན་པོའི་གླེགས་བམ་གངས་དཀར་ཏི་སེའི་གཏོས་དང་མཉམ།།
སྤྱི་ལོའི་དུས་རབས་མ་ཚུགས་སྔོན་དུ་ལྷ་ཀླུ་མི་ཡི་ཞིང་ཁམས་སུ།།
བསྒྲགས་གསུམ་ཐེག་ཆེན་བོན་གྱི་འཁོར་ལོ་རིགས་གསུམ་མགོན་གྱིས་བསྐོར་བར་གསུངས།།
ཧི་མ་ལ་ཡའི་གདགས་སྲིབ་ལས་གཞན་ལྷ་ཀླུའི་ཡུལ་ཞིག་མ་དམིགས་པས།།
དཔལ་ལྡན་ཀླུ་སྒྲུབ་ཞབས་ཀྱི་ཐེག་ཆེན་ཁུངས་སྣེ་གང་ཐུག་གསལ་པོར་འདུག
སྟོན་མཆོག་གཤེན་གྱི་ཐུགས་ཀྱི་ཉིང་ཁུ་ཡོད་མེད་ཕྱོགས་ཀུན་འཇིག་པའི་ལྟ།།
རིག་ཚོགས་དྲུག་གི་རིག་པ་བསྣམས་ཏེ་འཕགས་ཡུལ་ལྗོན་པའི་རྩེ་མོ་ནས།།
འདི་ཀུན་སྟོང་པའི་གསུང་མཆོག་མཚུངས་མེད་ཁུ་བྱུག་དབྱངས་ཀྱི་བཀུག་པས་ན།།
ཉན་ཐོས་ཕྱོགས་ཀྱི་རྣ་བར་མ་སྙན་ཀླུ་སྒྲུབ་བདུད་ཀྱི་སྤྲུལ་པ་སྒྲོགས།།
བསིལ་མོའི་ལྗོངས་ན་ཕྱི་ནང་འཚམ་པའི་ཐེག་ཆེན་ཡང་རྒྱལ་འབྲུག་གི་སླག
ཚ་བའི་ཡུལ་ན་འཕགས་ཡུལ་བུ་ཡི་ལུས་བོངས་གོས་དང་མ་འཚམ་པས།།
དགྲ་བཅོམས་རྒྱལ་པོས་མ་གསུངས་པ་ཡི་ཐེག་ཆེན་ལྟས་ངན་གཏམ་སོ་ལོ།།
ཐེག་དམན་རྣ་བར་ཐེག་ཆེན་བཀའ་སྒྲུབ་སྙོག་དྲ་འདི་ཡི་ཅི་ཞིག་སྟོན།།
སྲོང་བཙན་སྒམ་པོས་དབུ་གཉིས་བརྩེགས་ནས་སུམ་གཉིས་ས་ལ་རྒྱང་བལྟ་བྱས།།
ཁྲི་སྲོང་ལྡེ་བཙན་བན་བོན་བར་དུ་འགལ་འབྲེལ་སྡུག་གི་ཁུར་པོས་མནན།།
ལྷ་སྲས་དར་མའི་རྟོག་སད་གཅིག་གིས་མགོ་ཟླུམ་ཁྱུ་ཚོགས་དབྱིངས་སུ་བཟླས།།
ཤཱཀྱའི་དགེ་སློང་དཔལ་གྱི་རྡོ་རྗེས་བཙན་པོ་ཚང་གི་རྩ་བ་བསློག།
ཁྲི་སྲོང་ལྡེ་བཙན་ཕོ་བློ་ཉེས་པས་ཨ་ཙ་ར་ཡི་གཏམ་ལ་ཉན།།
ཕ་གཞིས་གཏོར་བའི་འབར་འདེལ་ངོ་མ་ལྷོ་བལ་ཆོས་ལ་ཡིད་སྨོན་ཤོར།།
དེའི་རྐྱེན་རྒྱལ་སྲུང་བློན་ཆེན་དུ་མའི་ཚེ་སྲོག་གཤིན་རྗེའི་ལག་ཏུ་བཞག།
དེའི་རྐྱེན་ལོ་རྒྱུས་མཁན་པོ་འགའ་ཡིས་ཁ་སྣ་འདི་ལྟར་གཉེར་བཞིན་འདུག།
རྒྱལ་བློན་ནང་འཁྲུག་ཤོར་བའི་གཡུལ་སར་ཕུ་ནུའི་སྙིང་ཁྲག་ས་ལ་ཕོས།།
ཉེས་མེད་རྒྱལ་སྲུང་དཔའ་བོ་གསོན་པོ་རིམ་པ་དགུ་ཡི་ས་འོག་མནན།།
མཛོ་ཁལ་བརྒྱ་ཡི་གཤེན་གྱི་གླེགས་བམ་ཡར་ཀླུང་གཙང་པོའི་གཞུང་དུ་བཤོས།།
སྨྱུག་གཞུ་བཀང་བའི་ལྕགས་མདའ་ཞིག་གིས་བཙན་པོའི་རྒྱལ་ཁབ་ཏག་ཏག་བཟོས།།
ཤཱཀྱའི་དགེ་སློང་དཔལ་གྱི་རྡོ་རྗེས་སྤུ་རྒྱལ་བཙན་པོའི་ཁྱིམ་ཚང་བཏོར།།
ཤཱ་ཀྱའི་དགེ་སློང་དཔལ་གྱི་རྡོ་རྗེའི་བསླབ་གསུམ་བསྟན་པའི་རྩ་བ་ཆད།།
ཤཱཀྱའི་དགེ་སློང་དཔལ་གྱི་རྡོ་རྗེ་སྙིང་རྗེ་ཆེན་པོའི་དགྲ་ཟླར་ལང་།།
ཤཱཀྱའི་དགེ་སློང་དཔལ་གྱི་རྡོ་རྗེ་བསམ་ཞིང་བསམ་ན་སྙིང་རེ་ན།།
དགེ་སྡིག་མགོ་སྦྲེལ་འདི་ཕྱི་མཉམ་བཞེས་ཆོས་དང་སྲིད་གཉིས་མཉམ་དུ་བསྲེས།།
སྲོག་ཁྲིམས་གཅོད་པའི་ཁྲིམས་ཀྱི་མཁན་པོ་བླ་ཁྲི་སྟེང་ན་བླ་མའི་ཚུལ།།
ཁོག་ཏུ་སྦས་རྒྱུ་གྲུབ་མཐའི་འཁོན་འཛིན་ཁ་གཡང་འགྲོ་བའི་བདེ་རྩ་འབོད།།
མི་སྲིད་སྲིད་པའི་སྲིད་ཀྱི་ཆོས་འཁོར་ཤཱཀྱའི་དགེ་སློང་རྣམས་ཀྱིས་བསྐོར།།
ཆོས་སྲིད་བསྲེས་པས་ཆོས་པ་མ་གཙང་ཕྱི་མའི་གནས་སུ་ཤ་རེ་ཚ།།
སྲིད་ཆོས་འདྲེས་པས་སྲིད་མགོ་མ་ཐོན་གོ་ལ་ཧྲིལ་པོའི་རྗེས་ལུས་པ།།
སྲིད་ལ་ཆོས་བཀག་ཆོས་ལ་སྲིད་བཀག་སོ་སོར་སྐྱོང་བའི་ཡིད་འཕྲོག་མ།།
ཆོས་སྲིད་གང་མིན་མ་ནིང་མཁན་པོའི་འདུན་མའི་སྐལ་པ་ཡོད་མ་སིག།།
ཨ་རྫིད་ཨ་རྫིད་ད་དུང་ད་དུང་ཟོབ་བཅོས་འདི་ཡི་འཇིགས་སྣང་ལ།།
ཁྱོད་རང་ཤི་ན་ཁྱོད་རང་རྐྱང་པའི་སྤྲུལ་སྐུའི་རྣམ་པར་ཐར་པ་འདིའི།།
མཆོག་སྤྲུལ་ཆེན་མོའི་མཚན་གྱི་་གསོབ་ཏུ་རྟག་ལྟའི་ལྟ་ལ་ལྷང་ངེར་བཞུགས།།
དུས་གསུམ་མཁྱེན་པས་དུས་ངན་མི་ལ་ལམ་ངན་འདི་འདྲ་ཅིའི་ཕྱིར་བསྟན།།
མ་ཕམ་མཚོ་ཡི་མ་མ་དང་ནི་གངས་དཀར་ཏི་སེའི་ན་མཉམ་སྟེ།།
ཁ་བ་རི་བའི་ཨ་མྱེ་གཅིག་པུ་ཞྭ་དཀར་བོན་གྱི་རྒད་པོ་ལ།།
སྙིང་རྗེ་མེད་པའི་བྱང་ཆུབ་སེམས་དཔས་བོན་དང་མུ་སྟེགས་ཚོགས་རྣམས་ཟེར།།
ཁར་སོང་ཞིག་ལ་མི་ཆེན་ཞིག་གིས་བོན་པོ་ནང་པར་མི་ལོ་ཟེར།།
བསམ་གཏན་མཁར་དམེས་དེ་ནི་དེ་བཞིན་མངོན་པར་བསྟོད་ན་མཛེས་སོ་ཟེར།།
བོན་ལ་མི་མཐུན་ཆོས་ལ་མི་ལོ་སྐུ་ཉིད་མི་ཚེ་ཟད་བྱེད་དེ།།
ཐགས་ཁྲི་འུ་ལུའི་རིན་ཐང་མཚོན་པའི་མདའ་དང་འཕང་གི་གླེགས་བམ་ལ།།
བཤེས་གཉེན་ཞིག་གི་རྩ་ཆེའི་མི་ཚེ་དེབ་དེར་ཟད་པ་སྐྱོ་བ་ལ།།
ད་ནི་ལོ་ཟླའི་ཚེ་ལྷག་ཡོད་ན་ཁྱོད་ཀྱི་སྨྲ་བ་ངག་གི་སྒོ།།
ཤིན་ཏུ་བསྡམ་སྟེ་གནས་པར་གྱུར་ན་སངས་རྒྱས་བསྟན་ལ་ཕན་མོད་ཀྱང་།།
ལས་ངན་ལོག་པའི་སྐྱེས་བུ་འཁྲུལ་ཟིན་ཅིས་ཀྱང་བྱ་ཐབས་དཀའ་བ་སྟེ།།
སྒྲོ་སྐུར་སྟོང་གིས་བྱས་པའི་རྣམ་སྨིན་མྱོང་དུ་སྒུགས་རྒྱུ་ཁོ་ནར་ཟད།།
མཆོག་གསུམ་སྐྱབས་ཚིག་དབྱངས་སུ་གྱེར་ལ་མདོ་བཞི་འཛེར་བཞིན་དུ།།
ཕྱི་པའི་གྲས་ལ་བཙན་གྱི་རྫོངས་འདི་ཅི་ཞིག་མཚོན་ནམ་ཤོད་དང་ཀྱེ།།
བཀའ་བཀོད་རྒྱུད་འཛིན་བྱང་ཐག་ཆོད་པའི་ངན་ལོང་ཤོར་བའི་བཙན་གཏམ་ལ།།
གོ་ལ་ཧྲིལ་པོའི་བོན་པོ་ཡོངས་ཀྱིས་མགོ་བོ་སྒུར་ནས་འདུག་ཐབས་བྲལ།།
སྨྲ་བ་ངན་པའི་ལྟས་ངན་སྣ་ཚོགས་མིག་དང་རྣ་བའི་ལམ་ཁ་ན།།
དུས་ངན་སྙིགས་མའི་ཐལ་འཚུབ་ལྷན་དུ་འཚང་པའི་རྣམ་པས་ཡོང་བ་ལ།།
ཐན་ཟློག་འཕྲིན་ལས་མཁན་པོའི་འདུ་བྱེད་ནམ་ཡང་མ་གཡེལ་ཞུ་བ་ཡི།།
ཚིག་བཅད་འདི་ནི་སྐྱ་ཀ་ཁྲི་མོའི་བཀག་སྐད་ཚུལ་གྱིས་སྒྲོགས་པ་ཡིན།།