༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ལ་ཕུལ་བའི་ཞུ་ཡིག
རྒྱལ་ཀུན་ཡེ་ཤེ༷ས་རང་གཟུགས་རྒྱལ་གཤེན་བསྟན༵་པའི་བདག་ཉིད་ཆེ། །སྨྲ་སེང་མཁྱེན་ར༷བ་གཏེར་ཆེན་སྨྲ་དབང་འཛི༵ན་ལ་ཟླ་བྲལ་བ། །ཕྱོགས་བཅུའི་རྒྱ༷ལ་བ་སྲས་བཅས་ཕྱོགས་མེད་རྣམ༵་རོལ་སྒྱུ་འཕྲུལ་གར། །སྨན་རིའི་མཚ༷ན་ལྡན་མཉམ་མེད་སྨན་སློབ་ད༵ག་གི་ཞབས་ལ་འདུད། །གང་གི་ཞབས་ཟུང་པདྨའི་འཛུམ་རིས་ཅན། །ཐབས་ཤེས་ཉི་ཟླ་འབར་བའི་གདན་དང་བཅས། །གདོང་ལྔ་ཟུང་བཞིས་བཏེགས་པའི་གསེར་གྱི་ཁྲིར། །གཡོ་མེད་བཞུགས་པའི་མདུན་སྟེགས་ནོར་བུའི་དྲུང༌། །བོ༷ན་སྒོར་ཞུགས་ནས་བརྒྱ༷་བའི་སྟོན་པ་ལ། །དད་ཅིང་རྣམ་དཀར་དགེ༷་ལ་དགའ་བ་ཙམ། །ངེས་ལེ༷གས་སྒྲིབ་བྱེད་དད་ཟས་ལྷུ༷ན་པོའི་སྟེགས། །བདེན་གྲུ༷བ་རོ་ལྡན་རྒྱ༷་མཚོ༷ས་དད་ཕྱག་བརྩེགས། །ཞུ་མཆིད་དབྱངས་ཀྱི་རྒྱལ་མོའི་རྒྱུད་མངས་ལས། །དྲངས་པའི་བཅོས་མིན་སྙིང་གི་རང་མདངས་ནི། །དབྱངས་སུ་རྫོགས་པའི་སྙན་ཚིག་དྲི་ཟའི་གླུ། །མཁས་པ་དགྱེས་པའི་མཆོད་སྤྲིན་འབུལ་འདི་བཞེས། །གཤེན་བསྟན་རིན་ཆེན་འབྱུང་གནས་ས་མུ་དྲ། །གསང་གསུམ་འཛིན་མའི་ཁྱོན་དུ་ཡོངས་བཟུང་བ། །དཔལ་ལྡན་རྣམ་པར་རྒྱལ་བའི་དྲན་དབང་ཁྱོད། །ལས་སྣང་དག་པས་སྤྱི་བོའི་རྒྱན་དུ་ཐོབ། །མཁས་མང་བདེ་ཆེན་འཁོར་ལོའི་དཀྱིལ་ན་ཞབས་ཟུང་ནོར་བུའི་ཅོད་པན་མཛེས། །ལུང་རིགས་སྨྲ་བའི་འདུས་གྲྭའི་དབུས་ན་ལེགས་བཤད་ངག་གི་རོལ་མོ་སྙན། །རིས་མེད་གྲུབ་མཐའ་རྒྱ་མཚོ་འཛིན་དབུས་གཤེན་བསྟན་རྒྱལ་མཚན་མཐོན་པོར་བསྒྲེངས། །རབ་འབྱམས་བྱེ་བ་ཕྲག་བརྒྱའི་ཞིང་ན་གསང་གསུམ་མི་ཟད་འབྱམས་སུ་ཀླས། །གང་གི་མཚན་སྙན་གྲགས་པའི་བ་དན་དཀར། །དཀར་གསལ་ཟླ་བའི་དཔལ་ལ་ཅོ་འདྲི་ཞིང༌། །ཞིང་ཁམས་རྒྱ་མཚོའི་མཐའ་ལ་ཁྱབ་པའི་དཔྱིད། །དཔྱིད་ཀྱི་ཕོ་ཉས་སྙན་དབྱངས་ཕྱོགས་སུ་སྒྲོགས། །རྒྱལ་ཀུན་སྙིང་རྗེ་དག་པའི་འཛུམ་ཟེར་ཅན། །ཐུགས་བསྐྱེད་ཟླ་བའི་མ་མ་ལས་ཐོན་ཏེ། །རིས་མེད་གདུལ་བྱ་གླིང་བཞིའི་མཁའ་དབྱིངས་སུ། །མཛད་ཕྲིན་རི་དྭགས་གཟུགས་ཅན་སྣང་བས་ཁྱབ། །དེ་ཡང་ཉེ་ཞོ་སྤྲིན་གྱིས་མ་གོས་པར། །བསྟན་འགྲོའི་ཕན་བདེ་ཀུ་མུད་དགའ་ཚལ་བཞད། །རྒུད་མུན་ཚ་གདུངས་འཇོམས་པའི་བདུད་རྩིའི་རླབས། །སྤྲོ་བཞིན་བཞུགས་པའི་བཀའ་དྲིན་གཞལ་མཐའ་བྲལ། །གང་གི་བརྩེ་ཆེན་ཆུ་འཛིན་ཁང་བཟང་ནས། །གནང་སྐྱེས་ཤེལ་སྐུ་ལྷ་དར་སྒྲུབ་སྨན་ཆར། །སྙིམ་པའི་པདྨོ་སྤྱི་བོར་ཟུམ་པའི་དབུས། །བབས་པས་རབ་དགའི་སྦྲང་རྩི་མཁའ་ལ་འཕྱུར། །འདི་ན་ཆོས་བརྒྱད་བཙན་པོའི་ཁོལ་པོ་བདག །ཟིན་མེད་ཞགས་པ་རྟག་འཛིན་རྟོད་ཕུར་ཅན། །དབང་མེད་ཀུན་བྱེད་ཡན་ལག་བཞི་བསྡམས་ནས། །མ་འདས་ཙམ་དུ་མཆོག་གསུམ་སྐྱབས་ལ་བརྟེན། །རེབ་གོང་གསེར་ལྗོངས་སྟོད་ཀྱི་སྨན་རི་ཞེས། །ས་འཛིན་མཐོན་པོའི་བང་ན་འདུལ་བའི་སྡེ། །བཤད་སྒྲུབ་སྨིན་གྲོལ་གླིང་འདི་སྐྱོང་ཁུལ་དུ། །གནས་ཀྱང་ནུས་པ་མཁའ་དབྱིངས་པདྨོའི་སྤུན། །བདག་བློའི་པདྨའི་འཁྲི་ཤིང་ཕྲ་མོའི་རྩེར། །སྨིན་པའི་ཟེའུ་འབྲུ་འདམ་གྱིས་མ་གོས་ཀྱང༌། །ར་ཡིག་གཉིས་པས་གཞིབས་པས་མ་ཚིམས་ན། །རྐང་བས་བསྣུན་པའི་འདབ་མ་སྐྲག་ཅིང་འདར། །དེ་ན་མདོ་སྔགས་རིག་པའི་གནས་མང་པོ། །མགྲིན་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ནས། །དྲངས་པའི་འཕྲུལ་འཁོར་ཕྱོགས་ཀྱི་བུ་མོས་སྒྲོགས། །ངོ་མཚར་གཏམ་བཟང་རྒྱུན་ཆད་མེད་པར་ཐོས། །དམུ་དབང་སྲས་པོའི་བསྟན་པའི་ཉི་མ་ནི། །སྐྱ་རེངས་སྣང་བ་འཛིན་པའི་ཐུགས་བསྐྱེད་ཀྱིས། །ལེགས་པར་དྲངས་པ་རྣམ་པར་གསལ་བའི་འོད། །རང་བཞིན་གློ་བུར་དག་པའི་དབྱིངས་ན་བདེ། །ཨེ་མ་མཁྱེན་རབ་རྒྱ་མཚོའི་ཀློང་ཡངས་སུ། །རྒྱང་རིང་གནས་ཀྱང་གདུང་སེམས་ཟླ་བའི་གཟུགས། །འགོག་མེད་འཆར་བ་ཡེ་ཤེས་དག་པའི་ཁྱིམ། །དོན་གཉིས་ནོར་བུས་གཏམས་ལས་མཆོག་ཐུན་སྩོལ། །མདོ་སྔགས་གཞུང་གི་དཀའ་གནད་མདུད་པའི་རྒྱ། །གྲོལ་བའི་གསུང་གི་གཞན་གསོས་བུ་མོའི་དབྱངས། །རྫོགས་ལྡན་དཔྱིད་ཀྱི་དུས་སྟོན་དང་འགྲོགས་ནས། །ཡིད་དབང་ལྷ་མོས་མྱོས་པའི་བདུད་རྩི་བྱིན། །ལྟ་བ་སྣ་ཚོགས་རྐང་འཐུང་འཁྲིགས་པའི་ཚལ། །ལུང་རིགས་དྲི་ཡི་བཞོན་པའི་བང་རྩལ་གྱིས། །རིང་ལུགས་རང་སྒྲ་ཡལ་འདབ་བསྐྱོད་པའི་དབྱངས། །དབྱར་དུས་དབྱར་རྔ་བརྡུང་བའི་ཟོལ་གྱིས་གྲག །དེ་ལས་སྔོན་བྱུང་ཡུམ་སྲས་གཤེན་གསུམ་བརྒྱུད། །ལྷ་ཀླུ་མི་གཤེན་རིང་ལུགས་དྲི་མེད་ནི། །གསེར་གདམས་གསེར་གྱི་ཞུན་མ་གསེར་ཐུར་སོགས། །དྲན་པས་བ་གོར་མཁས་པར་གནང་ཞེས་ཐོས། །ཙནྡན་དྲི་བཟང་ལྷོ་རླུང་ཐབས་ཀྱིས་ཁྱེར། །དེ་ཡི་བྱུང་ཁུངས་རང་ངམ་གཞན་ཤེས་ཕྱིར། །ལོག་རྟོག་དྲི་ངན་འཐུལ་བ་འགོག་པའི་གཏམ། །སྨྲ་བའི་སེང་གེས་གངས་རིའི་རྩེ་ནས་སྒྲོགས། །མཁྱེན་གཏེར་གཞོན་ནུ་མི་ཡི་ཚུལ་བཟུང་བ། །ཁྱོད་ཀྱི་ལྗགས་རྩེ་བསྐྱོད་པའི་འཕྲུལ་འཁོར་ལས། །ལེགས་བཤད་སྒྲ་དབྱངས་སྡུད་དང་སྒྲོགས་པའི་གར། །སྐལ་བཟང་རྣ་བའི་ཨུཏྤལ་རྒྱན་དུ་ཤར། །ལྷན་སྐྱེས་ཡེ་ཤེས་རལ་གྲི་རྣོན་པོའི་རྩེས། །ཀུན་རྟོག་དྲ་བ་རྦད་ཀྱིས་བཅད་དང་ལྷན། །ཨེ་ཝཾ་ཟུང་འཇུག་རྩེ་དགས་རབ་མྱོས་པ། །རིགས་བརྒྱའི་ཁྱབ་བདག་ཁྱོད་ལས་སུ་ལ་རེ། །གསུང་སྲས་པད་དཀར་གཞོན་ནུ་དུ་མའི་ཚོགས། །རྒྱལ་ཁབ་ཀུན་ན་རྒྱལ་བསྟན་སྦྲང་རྩིའི་མཛོད། །ཕྱོགས་སུ་འགྱེད་པའི་སྔོན་མེད་དགའ་སྟོན་ལ། །རྐང་དྲུག་འབུམ་གྱིས་མགྲིན་པའི་སྤྲིངས་ཡིག་འགྲེམས། །དཔལ་ལྡན་སྨན་རི་བ་ཡི་རིང་ལུགས་ཀྱི། །བཀའ་སྲོལ་དྲི་མེད་པདྨ་དཀར་པོའི་ཚལ། །ཁྱོད་ཐུགས་ཀུན་གསལ་ནོར་བུའི་གཟུ་འོད་ཀྱིས། །འཛམ་གླིང་ཡངས་པའི་ཁྱོན་ལ་ཁྱབ་པར་བྱས། །བོན་སྲིད་ཐབས་ཤེས་སྒེག་མོའི་རྐང་རྩེ་ཡིས། །ཕན་བདེ་མྱ་ངན་མེད་པའི་འཛུམ་དཀར་གྲོལ། །ནུས་མཐུ་འགྲམ་པར་བཟུང་བའི་སྦྲང་ཆང་གིས། །གདུལ་བྱ་བ་ཀུ་ལ་ཡི་མེ་ཏོག་བཞད། །ཁྱོད་ཞལ་ལོངས་སྐུའི་མཚན་དཔེ་གསལ་རྫོགས་པ། །བདག་བློའི་མེ་ལོང་དྭངས་པར་དུས་ཀུན་བྲིས། །ཡིད་ཀྱི་ཡན་ལག་བདུན་པའི་པི་ཝང་རྒྱུད། །ངག་རིག་ཡལ་འདབ་ལྔ་བས་རྒྱུན་དུ་བརྡུང༌། །དེ་ལྟའི་རྣམ་པར་ཐར་བའི་དོན་ཟབ་གདངས། །རང་སེམས་དྲི་ཟའི་བུ་མོ་ཟླ་བཞིན་མས། །རྒྱུད་མངས་སྒྲ་ལ་འགུགས་པའི་ཆོ་ག་འདིས། །བྱེད་པོས་མ་བྱས་ཡིད་དབང་ཕྱོགས་དེར་དྲངས། །འོད་ཀྱིས་སྒེག་ལྡན་ཉི་མའི་བུ་མོ་ཞིག །གླིང་གཞན་མཁའ་ལ་རེ་ཞིག་གར་བྱེད་ཀྱང༌། །ནམ་ཞིག་འཛམ་གླིང་མཛེས་པའི་སྐྱེད་ཚལ་ལ། །རྗེས་ཆགས་ཡོད་དམ་ཤར་རིའི་རྩེ་ལ་བལྟས། །གངས་རིའི་མེ་ཏོག་ཕྲེང་བ་ཡིས། །རབ་མཛེས་ནོར་འཛིན་ཡངས་པ་རུ། །ཁྱོད་སྐུ་ཟླ་བའི་དཀྱིལ་འཁོར་དེས། །བདུད་རྩིའི་འཛུམ་རླབས་ནམ་ཞིག་སྤྲོ། །ནམ་ཡང་ཡིད་ན་མི་འདོར་བའི། །ཟུར་ཕུད་རྩེ་མོའི་ཅོད་པན་དུ། །ཁྱེད་ཞབས་བཀྲ་ཤིས་འཁོར་ལོའི་རིས། །འགོད་པའི་སྐལ་བ་ནམ་ཞིག་འཐོབ། །གངས་ཅན་སྨན་གྱི་རི་བོའི་རྩེར། །རྒུད་མུན་དྲུངས་ནས་འབྱིན་མཛད་པའི། །སྐལ་བཟང་པདྨོ་སྟོང་གི་གཉེན། །སྨྲ་བའི་ཉི་མ་ནམ་ཞིག་འཆར། །དམ་པའི་གཤིས་ལ་ཕྱོགས་འཛིན་གྱི། །ཞེན་པ་མེད་ཀྱང་གདུལ་བྱའི་ངོར། །རང་རང་མོས་པ་ཐ་དད་པའི། །རེ་བའི་འབྲས་བུ་ནམ་ཞིག་འགྲུབ། །དེ་ཕྱིར་ལྟོས་བཅས་སྙིང་རྗེའི་ཡུལ། །ཀུན་ཀྱིས་ཐོད་པའི་མེ་ཏོག་ནི། །ས་ལ་བཀྲམ་པའི་མི་ཕྱེད་ཕྱག །མཚོ་ལ་རྨ་བྱའི་ཟློས་གར་བཞིན། །འཛམ་གླིང་མཛིན་མའི་མཛེས་རྒྱན་དུ། །གང་གི་ཞལ་སློབ་ཞབས་ཀྱི་རྡུལ། །འདོད་འཇོ་ནོར་བུའི་རྩེ་དགའ་ཅན། །གྲགས་པ་དཀར་པོའི་དོ་ཤལ་ངོམས། །དེ་ཕྱིར་མགོན་ཁྱེད་གསང་བ་གསུམ་གྱི་མཛོད། །འདྲེན་བྱེད་བཅུད་དུ་སྨིན་པའི་ཉེར་བསྡོགས་སུ། །ནམ་ཡང་བླ་མའི་སྣང་བ་མི་འབྲལ་བའི། །རྣལ་འབྱོར་བརྩོན་པའི་མན་ངག་དང་དུ་བླངས། །མཁས་མང་རལ་བའི་རྩེ་ན་ངལ་གསོ་བའི། །ཞབས་སྐྱེས་ཟླ་བ་དཀར་པོའི་ཅོད་པན་དེ། །མཁའ་དབྱིངས་མཐའ་ལ་སོར་མོས་མ་རེག་བར། །མཛད་ཕྲིན་འོད་དཀར་དང་བཅས་བཞུགས་གསོལ་འདེབས། །གཤེན་བསྟན་ནོར་བུའི་འབྱུང་གནས་མཛོད་ཕུགས་ནས། །གདམས་ངག་དབུལ་བ་སེལ་བའི་ཡིད་བཞིན་ནོར། །སྐལ་ལྡན་རྒྱལ་མཚན་རྩེ་མོའི་ཏོག་ཆེན་དུ། །མཐུ་བྱིན་འོད་ཟེར་འཕྲོ་བ་ཁྱོད་ཀྱིས་སྩོལ། །དུས་སྙིགས་སྲིན་པོ་ཁྲོས་པའི་ཕྱོགས་འཛིན་གྱི། །སྡང་མིག་བགྲད་དེ་བསམ་སྦྱོར་རྩུབ་མོའི་མཚོན། །བསྣུན་པའི་འཚེ་བ་བྱུང་ན་ཁྱོད་ཐུགས་ཀྱི། །སྲུང་བ་གཡུང་དྲུང་གུར་དུ་བདག་ཟུངས་ཤིག །དྲི་མེད་ཡེ་ཤེས་སྤྱན་གྱིས་ཉེ་བར་གཟིགས། །བརྩེ་ཆེན་ཐུགས་རྗེ་བདུད་རྩིས་རིང་དུ་སྐྱོངས། །བྱིན་རླབས་མི་ཟད་དངོས་གྲུབ་ཆར་ལྟར་འཇོ། །འདི་ཕྱི་ཀུན་ཏུ་བདེ་བའི་སྐྱབས་འཇུག་ཞུ། །གང་ལ་དད་པའི་མེ་ཏོག་ཅན་གྱི་མཚོར། །འདོད་དོན་ཟླ་བའི་གཟུགས་བརྙན་རྣམ་པར་གསལ། །སྙན་ཚིག་དབྱངས་ཅན་ངང་མོས་རྩེད་འཇོ་རོལ། །གདུངས་ཤུགས་རླབས་ཕྲེང་གཡོ་བཞིན་གུས་པས་བཏེགས། །
ཞེས་རེབ་གོང་རིག་པ་འབྱུང་བའི་ཡུལ་གསེར་ལྗོངས་སྟོད་ཀྱི་ས་འཛིན་སྨན་རི་མཐོན་པོའི་མགུལ། བཤད་སྒྲུབ་སྨིན་གྲོལ་གླིང་གི་དགོན་སྡེ་བོན་བརྒྱ་བླ་བྲང་གི་མཆོག་གསུམ་མཆོད་པའི་ལྷ་ཁང་ནས། སྐྱེ་མིང་ཙམ་འཛིན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་ལྷ་དར་ཁ་བའི་མདངས་འཛིན་དང་བརྙན་པར་བཅས་ལུགས་རྙིང་གི་ཟླ་བའི་ཚེས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཏེ་ཕུལ།