ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> སྙན་རྩོམ། >> སྨན་རིའི་དཀར་ཆག་པདྨ་བཞད་པའི་ཚལ་ཆེན།
སྨན་རིའི་དཀར་ཆག་པདྨ་བཞད་པའི་ཚལ་ཆེན།
[རྩོམ་གྱི་ཡོང་ཁུངས། གཡུང་གླིང་བ་ཨ་དཔལ་བཟང་གི་ཟིན་བྲིས།] [རྩོམ་པ་པོ། མཁན་ཆེན་བསོད་བློ།] [ཟླ་ཚེས། 11-06-01] [ཀློག་གྲངས། ]

        ཨཱོྃ་སྭ་ཏི། ཨེ་མ་ཧོ། མ་གཡོས་བདེ་ཆེན་རྒྱལ་པོ་ཀུན་ཏུ་བཟང་། །མ་སྐྱེས་རང་འབྱུང་ལོངས་སྤྱོད་རྫོགས་པའི་སྐུ། །མ་འགག་རྩལ་ཆེན་སྤྲུལ་སྐུའི་ཕྲིན་ལས་ཅན། །མ་བཅོས་ལྷུན་གྲུབ་སྐུ་གསུམ་སངས་རྒྱས་བསྟོད། །ངོ་མཚར་གྲངས་མེད་རྒྱན་པའི་སྨན་རི་ཡི། །དཀར་ཆག་པད་ཚལ་བཞད་པའི་ལྟད་མོ་འདི། །གུས་ལྡན་བསོད་ཅན་རྣམས་ཀྱིས་གཟིགས་པའི་ཚེ། །མདོངས་གསལ་དབྱར་རྔ་ཐོས་པའི་དགའ་སྤྲོ་ཆེ། །ཡུལ་ཆེན་བཅོ་བརྒྱད་ཡུལ་གྱི་སྙིང་པོ་ཡི། །མཆོག་མཐུན་གྲུབ་གནས་དཔལ་ལྡན་སྨན་རི་འདི། །འཛམ་གླིང་ཉེར་ལྔ་ཡུལ་གྱི་གཙོ་བོ་དང་། །གངས་ཅན་བོད་ཀྱི་ལྟེ་བ་ཡིན་པའི་ཕྱིར། །མདུན་དུ་ཡུལ་ཆེན་བྱ་བའི་གྲོང་ཞིག་ཡོད། །གཡོན་ན་ཏི་སེ་ཡ་བོ་བྱ་བ་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལས་ཡང་། །ཡུལ་ཆེན་བཅོ་རྒྱད་ཡུལ་གྱི་སྙིང་པོ་རི། །ཞེས་དང་། མཆོག་མཐུན་གྲུབ་གནས་དཔལ་ལྡན་སྨན་རི་བ་ཞེས་པའི་གཞུང་འདི་བྱུང་།འདི་ན་ཚིག་གཉིས་མི་གསལ་་་་་་་་་་་་་་གཞི་ཀླུ་ཡི་ཕོ་བྲང་དབུས་ན་ལེགས། །ཀླུ་རྣམས་དགེ་བ་བཅུ་ལ་སྤྱོད་པའི་རྟགས། །མདུན་ན་ཀླུ་ར་བྱ་བའི་ཆུ་མིག་ཡོད། །རྒྱབ་ན་ཀླུ་དགའ་བྱ་བའི་རི་བོ་ཡོད། །འོད་ཟེར་ཉག་ཐག་ལྷ་ནས་རྒྱུན་ཆད་མེད། །ལྷ་རྣམས་དགེ་བཅུ་རྒྱུན་དུ་སྤྱོད་པའི་རྟགས། །མདུན་ན་ལྷ་ལྡན་བྱ་བའི་གྲོང་ཞིག་ཡོད། །རྒྱབ་ན་དཀར་འགོང་བྱ་བའི་རི་བོ་ཡོད། །རིག་འཛིན་མཁའ་འགྲོའི་ལུང་ལས། །ལྷ་ཀླུ་མི་གསུམ་དགེ་བཅུ་སྤྱོད་པ་དང་། །ཞེས་པའི་གཞུང་འདི་བྱུང་། ། གཡུ་འབྲུག་དགུང་ནས་གྲགས་པའ་ཇི་ལྟ་བ། །ལུག་རིག་བོན་སྒྲ་ཕྱོགས་བཅུར་སྒྲོགས་པ་ཡིས། །འཛམ་གླིང་ཕྱོགས་བཅུར་དད་ལྡན་དང་འདྲེན་ཕྱིར། །གཡོན་རི་དབྱར་རྔ་ལ་ཞེས་བྱ་ས་ཡི། །འཡུ་འབྲུག་དགུང་དུ་རྒྱུག་འདྲའི་རི་བོ་ཡོད། །རིག་འཛིན་མཁའ་འགྲོའི་ལུང་ལས། །ལུང་རིགས་མངའ་བདག་འབྲུག་སྒྲ་གཡོ་བ་ཅན། །འཛམ་གླིང་ཕྱོགས་བཅུར་དད་ལྡན་དང་བ་འདྲེན། །ཞེས་པའི་ལུང་འདི་བྱུང་། །དབལ་ཕུར་བསྒྲུབས་གནས་བྱིན་ཆེན་ཡིན་པའི་ཕྱིར། །ལྷོ་ན་དབལ་རི་བྱ་བ་ཟུར་གསུམ་ཡོད། །བསྟན་དགྲ་དམ་ཉམས་ཐམས་ཅད་འདུལ་བའི་ཕྱིར། །ཕུར་འདེབས་བྱ་བའི་ལུང་པའི་དཀྱིལ། །རྡོ་ཡི་གཏོར་མ་ཕུར་པ་རང་བྱོན་ཡོད། །རང་དོན་གང་བསམ་འགྲུབ་ཅིང་གཞན་དོན་དུ། །སྟོང་གསུམ་གར་སྐྱེས་བླང་ནས་ལྡིང་པའི་ཕྱིར། །གཡས་ནས་བསམ་ལྡིང་བྱ་བའི་གྲོང་ཞིག་ཡོད། །འགྲོ་ཀུན་མཐོ་རིས་གོ་འཕང་བགྲོད་པའི་ཕྱིར། །མདུན་ན་གོ་ཉག་ལ་ཞེས་བྱ་བ་ཡོད། །གཙང་ཁྲིམས་སྡོམ་གསུམ་བསྟན་པ་དར་བ་དང་། །ཁམས་གསུམ་འཁོར་བའི་དོང་ནས་སྤྲུག་པའི་ཕྱིར། །འོག་ནས་གཙང་ལུང་ཁམས་ལུང་བྱ་བ་ཡོད། །སངས་རྒྱས་བོན་བསྟན་མེ་ལྟར་འབར་བའི་དོན། །ཞབས་ནས་བསྟན་འབར་ཞེས་བྱ་གྲོགས་དང་ལྡན། སྨན་རིའི་གནས་སུ་མཁས་གྲུབ་གང་བྱོན་རྣམས། །གྲུབ་ཆེན་བརྒྱད་ཅུ་གཤེན་གྱེར་རྨ་དབྱིལ་སོགས། །བྲུ་ཞུ་སྤ་རྨེའུ་གཙུག་རྒྱན་ཡིན་པའི་ཕྱིར། །སྨན་གྱི་གནས་ལ་རྫུ་འཕྲུལ་དགོན་པ་ཆགས། །རི་བོའི་རྩེ་ལ་ཆགས་ཀྱང་ཀུན་གྱིས་གུས། །རིག་འཛིན་མཁའ་འགྲོའི་ལུང་ལས། །བདེར་ཆེན་དགོངས་རྒྱུད་བླ་མ་ཆེ་དྲུག་དང་། གདུང་རྒྱུད་བཅུ་གསུམ་མཁས་པ་མི་བཞི་དང་། །ལོ་པཎ་གཤེན་བརྒྱད་གཤེན་གྱེར་རྨ་དབྱིལ་དང་། །བྲུ་ཞུ་སྤ་རྨེའུ་གཙུག་རྒྱན་རིན་པོ་ཆེ། །མི་འཇེད་འདུལ་མཛད་སྤྲུལ་སྐུ་སྐར་ཚོགས་བཀྲ། །མཁྱིན་བརྩེའི་དབང་ཕྱུག་འགྲོ་དོན་མཛད། །ཅེས་གསུངས། །སྨན་རིའི་བླ་མ་རིམ་བྱོན་ཐམས་ཅད་ཀུན། །བདུད་སྟེ་མ་ལུས་ཟིལ་གྱིས་གནོན་པ་དང་། །དགྲ་དང་བགེགས་ལས་རྣམ་པར་རྒྱལ་བའི་སྐུ། །གཡས་རི་བྲག་དཀར་སེང་གེ་གནམ་མཆོངས་འདྲ། །རྩེ་ལ་རྣམ་རྒྱལ་སྐུ་གཟུགས་རང་བྱོན་ཡོད། །རིག་འཛིན་མཁའ་འགྲོའི་ལུས། །བདུད་བཞི་ཟིལ་གནོན་རྣམ་པར་རྒྱལ་བའི་སྐུ། །ཞེས་པའི་གཞུང་འདི་བྱུང་། །སེམས་ཅན་ཉོན་མོངས་ལས་ངན་ཐམས་ཅད་ཀྱི། །བློ་ཡི་མུན་པ་མ་ལུས་སངས་མཛད་ཕྱིར། །གཡུ་བྱ་ཁུ་བྱུག་གསུང་སྙན་སྒྲོགས། །སྨན་རིའི་དགེ་འདུན་འདུས་སྡེ་རྒྱ་མཚོ་ཡིས། །བོན་གྱི་དབྱངས་སྙན་ཕྱོགས་བཅུར་སྒྲོགས་པའི་རྟགས། །མདུན་ནས་བྱ་ཕུལ་བྱ་བའི་སྤང་བཟང་ཡོད། །རིག་འཛིན་མཁའ་འགྲོའི་ལུང་ལས། །ཉོན་མོངས་སངས་མཛད་ཡུལ་བྱ་ཁུ་བྱུག་གསུང་། །ཞེས་གསུངས་སོ། །སྨན་རིའི་དགོན་ལ་གསང་བ་སེམས་ཕྱོགས་དོན། །ཁྲིད་ཅིང་བསྒོམ་སྒྲུབ་མཛད་པའི་སྐལ་ལྡན་ཀུན། །ཐུགས་ཉིད་ནམ་མཁའ་འདྲ་བ་འོང་བའི་ཕྱིར། །མདུན་རི་གླང་ཆེན་ཆུ་མཐུང་འདྲ་བ་ལ། །གནམ་མཐོང་མཁར་སྣ་བྱ་བའི་སྒྲུབ་གནས་ཡོད། །རིག་འཛིན་མཁའ་འགྲོའི་ལུང་ལས། །ཐུགས་ཉིད་ནམ་མཁའ་འདྲ་བའི་སྨན་རི་བ། །གསུངས་སོ། །སྨན་རིའི་དགོན་འདིར་འཚོགས་པའི་ལས་ལྡན་ཀུན། །བསོད་ནམས་ལོངས་སྤྱོད་ཟས་ནོར་འཕེལ་བ་དང་། །ཡོན་ཏན་རིན་ཆེན་གླིང་ལ་སྤྱོད་པའི་དོན། །མདུན་རི་རིན་ཆེན་སྤུངས་པ་བྱ་བ་ཡོད། །རིག་འཛིན་མཁའ་འགྲོའི་ལུང་ལས། །ཡོན་ཏན་རིན་ཆེན་གླིང་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །སྨན་རིའི་མཁན་སློབ་རྣམས་གཉིས་མཛད་ཕྲིན་ནི། །ཉི་ཟླ་ཤར་བའི་འོད་ཟེར་ཇི་བཞིན་དུ། །སྟོང་གསུམ་མ་ལུས་ཡོངས་ལ་ཁྱབ་པའི་ཕྱིར། །མདུན་རི་བཀྲ་ཤིས་རྩེ་བྲག་བྱ་བ་ཡོད། ཤར་ཕྱོགས་ཉི་ཟླ་རྩེ་དང་ནུབ་ཕྱོགས་སུ། །འོད་ཟེར་རྩེ་མོ་བྱ་བ་རྣམ་གཉིས་ཡོད། །རིག་འཛིན་མཁའ་འགྲོའི་ལུང་ལས། །འཕྲིན་ལས་ཉི་ཟླ་གཉིས་ཤར་འོད་ཟེར་བཞིན། །ཞེས་གསུངས་སོ། །རྣམ་པར་རྒྱལ་བའི་ཁང་བཟང་དབྱེར་མེད་པའི། །མཆོག་མཐུན་གྲུབ་གནས་སྨན་རིའི་ཕོ་བྲང་གི། །རྒྱབ་རི་སྨན་གྱི་ས་འཛིན་གནས་མཆོག་ལ། །དབུས་སུ་ཨར་མོ་ལི་ཀིའི་རྡོ་ལེབ་ཡོད། །བདེར་གཤེགས་སྟོང་དང་རིག་འཛིན་བརྒྱད་ཅུ་དང་། །མཁའ་འགྲོ་སྟོང་གི་སྐུ་རྣམས་རང་བྱོན་ཡོད། །ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞི་རང་བྱོན་ཡོད། །དུས་བཞི་རྒྱལ་མོ་བཞི་ཡིས་དབང་སྒྱུར་ཚུལ། །དཔྱིད་གསུམ་དཔྱིད་ཀྱི་རྒྱལ་མོས་དབང་རྒྱུར་ཏེ། །སྨན་སྣ་སུམ་བརྒྱ་དྲུག་ཅུ་ས་ལ་སྐྱེས། །དབྱར་གསུམ་དབྱར་གྱི་རྒྱལ་མོ་དབང་རྒྱུར་ཏེ། །དར་ཟབ་རིན་ཆེན་ཟས་ནོར་ལོངས་སྤྱོད་དང་། །གནས་མཆོག་འདི་རུ་དང་དུ་བསྡུད་པར་བྱེད། །རྒྱབ་ཏུ་སྲིད་རྒྱལ་དྲེའུ་ནག་མོ་དང་། །ཡུམ་སྲས་སྡེ་ལྔ་མི་བདུད་འབྱམས་པ་དང་། །བྱ་ར་མ་གསུམ་ལ་སོགས་རང་བྱོན་ཡོད། །གཡས་ན་དམག་དཔོན་ཧུར་པ་ཤེལ་ཁྲབ་དང་། །བྲག་བཙན་ཨ་བསེ་ལ་སོགས་རང་བྱོན་ཡོད། །གཡོན་ན་མདོ་ཁམས་ལྷ་བཙན་རྒྱལ་པོ་དང་། །རྨ་གཉེན་པོམ་ར་ཏི་སེ་རྒྱལ་པོ་དང་། །ཆུ་སྲིན་སོགས་ཀྱི་ཕ་ཝང་རང་བྱོན་ཡོད། །མདུན་ན་འཛམ་སྔོན་ནོར་ལྷ་མཆེད་བརྒྱད་དང་། །འཛམ་སེར་འཛམ་ནག་ལ་སོགས་རང་བྱོན་ཡོད། །གཡས་ཕྱོགས་བྱང་ལམ་བ་ཡི་དུར་ཁྲོད་ལ། །རིག་འཛིན་ཕོ་རྒྱུད་ཐམས་ཅད་རྒྱུན་དུ་འཚོགས། །ཐོད་པ་འཕོས་ཚད་བྱང་ཆུ་ལམ་ལ་འཁོད། །གཡོན་ཕྱོགས་གང་ལ་བྱ་བའི་དུར་ཁྲོད་ལ། །མཁའ་འགྲོ་མོ་རྒྱུད་ཐམས་ཅད་རྒྱུན་དུ་འཚོགས། །ཐོད་པ་འཕོས་ཚད་ཀུན་བཟང་གོ་འཕང་ཐོབ། །རིག་འཛིན་མཁའ་འགྲོའི་ལུང་ལས། །སྐུ་གསུམ་ཀློང་ནས་འགྲོ་བའི་དཔལ་དང་མགོན། །བདེར་གཤེགས་སྟོང་དང་ཐུགས་རྗེས་ཆེན་པོ་ཡིས། །སེམས་དཔའ་རིག་འཛིན་མཁའ་འགྲོ་བསམ་ལས་འདས། །གྲངས་མེད་བསྐལ་པ་སངས་རྒྱས་གྲངས་མེད་ནི། །འགྲོ་དྲུག་དོན་ལ་ཐུགས་རྗེའི་ཉི་མ་ཤར། །ཞེས་གསུངས་སོ། །མཆོག་མཐུན་གྲུབ་གནས་སྨན་རིའི་གནས་མཆོག་ལ། །སྡེ་སྣོད་གསུམ་དང་སྒོ་བཞི་མཛོད་དང་ལྔ། །བོན་སྒོ་བརྒྱད་ཁྲི་བཞི་སྟོང་གཏེར་ཁ་ཡོད། །དེ་ཡི་རྟགས་སུ་གཡོན་རི་ཕོ་བ་རི། །དེ་ནས་གཡས་རུ་སྤུ་གསེར་ལ་ཡི་བར། །རྒྱབ་རི་དར་ཡོལ་འཐེན་འདྲའི་རི་བོ་ཡོད། །གཡས་ན་ཁྱུང་ལུང་བྱ་བའི་རི་བོའི་རྩེར། །སེང་གེ་གནམ་མཆོངས་འདྲ་བའི་རི་བོ་ཡོད། །གཡོན་ན་གཡུ་ལུང་བྱ་བའི་ལུང་པའི་དཀྱིལ། །གཡུ་འབྲུག་དགུང་རྒྱུད་འདྲ་བའི་རི་བོ་ཡོད། །མདུན་རི་རིན་ཆེན་ཕྱེ་མར་དཔུང་འདྲ་བའི། །བླ་རི་ཕྱུག་མོ་བྱ་བའི་རི་བོ་ཡོད། །རིག་འཛིན་མཁའ་འགྲོའི་ལུང་ལས། །སྡེ་སྣོད་བོན་དང་སྒོ་བཞི་མཛོད་དང་ལྔ། །བརྒྱད་ཁྲི་བཞི་སྟོང་བོན་གྱི་གཏེར་མཛོད་བསྡོལ། །ཞེས་གསུངས་སོ། །དེ་ཡང་ཕྱི་ཡི་གནས་ཀྱི་ཆགས་ཚུལ་ཟུར་ཙམ་ཡིན། །ཞེས་པར་བརྗོད་ན་བསམ་གྱི་མི་ཁྱབ་བོ། །དེ་ནས་ནང་བསྟན་ཅུང་ཟད་བརྗོད་པ་ལ། །སྐུ་རྟེན་གཙོ་བོ་རྟག་གཟིགས་རྒྱལ་འདུས་ལ། །གང་མཇལ་བདེ་ཆེན་ཞིང་དུ་སྐྱེ་བར་འགྱུར། །ཀུན་བཟང་བྲུ་ཤ་རྒྱལ་བ་འདུས་པ་ལ། །གང་མཇལ་ངན་སོང་གསུམ་ལ་འགྲོ་མི་བསྲིད། །ཚེ་དབང་གསུང་བྱོན་སྐུ་འབྲས་རྣམ་གསུམ་ལ། །གང་མཇལ་ཕྱི་མར་རིག་འཛིན་གྲལ་ལ་གནས། །སྟོང་རྒྱུང་སྤྲུལ་པ་ཤེས་རབ་རྒྱལ་མཚན་གྱིས། །ཀླུ་ཡི་ཕོ་བྲང་ཁམས་ཆེན་ནག་ར་ན། །རྫུལ་འཕྲུལ་སྟོབས་ཀྱིས་རིག་འཛིན་མཁའ་འགྲོ་བཅས། །གྲངས་མེད་སྤྲུལ་ནས་ཁམས་ཆེན་དུམ་བཅུ་དྲུག །སྐད་ཅིག་ཙམ་ལ་བྲིས་པའི་གསུང་རྟེན་འདི། །མཇལ་བ་ཙམ་གྱིས་ཕྱི་མར་མངོན་སངས་རྒྱས། །གཡས་རུ་ཀ་པ་ཁམས་ཆེན་གནས་མཆོག་ནས། །བྲུ་སྟོན་ཉི་མ་རྒྱལ་གྱིས་གདན་དྲངས་པའི། །ཁམས་ཆེན་ནག་བྲིས་དུམ་པ་བཅུ་དྲུག་འདི། །གང་མཇལ་ཐེག་ཆེན་ས་ལམ་ཡོན་ཏན་རྫོགས། །གཤེན་ཆེན་ཀླུ་དགས་འབྲི་མཚམས་མཐའ་ཀར་ནས། །གདན་འདྲེན་ཞུས་པའི་ཁམས་ཆེན་ནག་བྲིས་འདི། །རྟེན་མཆོག་འདི་ལ་མཇལ་ཚད་མངོན་སངས་རྒྱས། །རྣམ་མཁྱེན་གཤེན་རབ་ཚེམ་དུང་འཕར་ཆེ་ཆུང་། །ཞལ་མཇལ་གསུང་ཐོས་གང་བྱུང་འགྲོ་བ་ཀུན། །མཐོ་རིས་གོ་འཕང་ཐོབ་པ་གོར་མ་ཆགས། །རྣམ་མཁྱེན་ཐུགས་ལས་བྱོན་པའི་ཤ་རི་རམ། །གང་མཇལ་བོན་སྐུ་ཐོབ་པ་གོར་མ་ཆགས། །རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་སོགས། སྨན་རིའི་མཁན་རབ་རིམ་བྱོན་སྐུ་གདུང་རྣམས། །མཇལ་ཚད་ཚེ་གཅིག་ལུས་གཅིག་མངོན་སངས་རྒྱས། །མ་མཇལ་གསོལ་བ་བཏབས་ཀྱང་མི་ལུས་ཐོབ། །ཐུན་ར་ལོ་པཎ་མཆོད་རྟེན་དབུ་གསུམ་ལ། །གང་མཇལ་ཤེས་རབ་ཕར་ཕྱིན་ཐོབ་པར་ངེས། །ཐུན་ར་ནང་གི་མཉམ་མེད་ཞབས་རྗེས་དང་། །ཀུན་དཟང་རྒྱལ་མཚན་ཞབས་རྗེས་ཕྱོགས་བཞི་དབུས་ལྔ་དང་། །རིན་ལྷུན་ཤེས་བསྟན་ལ་སོགས་སྨན་རི་བའི། །མཁན་རྒྱུད་རིམ་བྱོན་ཕྱག་རྗེས་ཞབས་རྗེས་རྣམས། །གང་མཇལ་ངན་སོང་བར་དོར་འཇིགས་མི་དགོས། །གནམ་དབོན་མཁས་ཆེན་ཤེས་རབ་དགོངས་རྒྱལ་གྱིས། །ཞབས་རྗེས་ཕྱག་རྗེས་གང་མཇལ་སེམས་ཅན་རྣམས། །འདི་ཕྱི་བར་དོ་གསུམ་གྱི་བར་ཆོད་སེལ། །འོག་མིན་བདེ་ཆེན་ཞིང་དང་དབྱེར་མེད་པའི། །ངོ་མཚར་འབུམ་གྱི་རྒྱན་པའི་སྨན་རི་ལ། །སྟོང་གསུམ་འཇིག་རྟེན་བསྐོར་ར་སྐོར་བ་བས། །གནས་མཆོག་འདི་ལ་སྐོར་བ་བྱིན་རླབས་ཆེ། །བསྐལ་མང་བསོད་ནམས་ཚོགས་ཆེན་བསགས་པ་བས། །སྨན་རིའི་ལས་ཚན་འཛིན་པ་བསོད་ནམས་ཆེ། །རིག་འཛིན་མཁའ་འགྲོའི་ལུང་ལས། །བསྟན་འཛིན་གཤེན་རབ་དེ་དང་ཕྱོགས་བཅུ་ཡི། །བསྐལ་སྟོང་སངས་རྒྱས་སེམས་དཔའ་རིག་འཛིན་དང་། །རིག་ལྔ་མཁའ་འགྲོ་རྒྱུད་གསུམ་བླ་མ་བཅས། །སྟོང་གསུམ་བདེར་བཀོད་སངས་རྒྱས་སྨན་རི་བ། །ཞེས་གསུངས་སོ། །སྨན་རིའི་གནས་སུ་གྲངས་མེད་བསྐལ་བར་དུ། །སྐལ་སྟོང་སངས་རྒྱས་གྲངས་མེད་འགྲོ་འདུལ་དོན། །གཡུང་དྲུང་བོན་གྱི་སྒྲ་ཆེན་རྒྱུན་དུ་སྒྲོགས། །དེ་ཡི་ཐུགས་རྗེས་འཛམ་གླིང་དགེ་འདུན་དང་། །ཁམས་གསུམ་སེམས་ཅན་ཀུན་ལ་སྦྱིན་གཏོང་བས། །གནས་འདི་མང་ཇ་གཅིག་གཏོང་བསོད་ནམས་ཆེ། །རིག་འཛིན་མཁའ་འགྲོའི་ལུང་ལས། །བསྐལ་སྟོང་སངས་རྒྱས་གྲངས་མེད་འགྲོ་འདུལ་དོན། །སྡེ་སྣོད་བོན་དང་སྒོ་བཞི་མཛོད་དང་ལྔ། །ཐེག་པ་རིམ་དགུ་མཛད་པ་བཅུ་གཉིས་དང་། །མཛད་པ་དྲུག་ཅུ་བརྒྱད་ཁྲི་བཞི་སྟོང་སྒོ། །ལས་བཞི་རྒྱུན་ལྔ་ཕྱི་ནང་གསང་གསུམ་ནི། །གྲངས་མེད་བསྐལ་པ་འཕྲུལ་ངག་བོན་སྒྲ་སྒྲོགས། །དུག་ལྔའི་དགྲ་བཅོམ་བོན་གྱི་གཏེར་མཛོད་བརྡོལ། །གྲངས་མེད་འདུལ་མཛད་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གནས་འདིར་ཚོགས་བསགས་སྒྲིབ་སྦྱོངས་གང་བྱེད་རྣམས། །ལས་ངན་སྡིག་ཆེན་ཡིན་ཀྱང་བྱང་འགྱུར་ཏེ། །རིག་འཛིན་མཁའ་འགྲོའི་ལུང་ལས། །སྐལ་ལྡན་སེམས་ལ་བོན་གྱི་ཟླ་བ་ཚེས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རིམ་པ་རྫོགས། །དུག་གསུམ་དུག་ལྔ་ཁམས་གསུམ་ས་དགུ་སྟེ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཕྱག་མས་འདེབས། །ཞེས་གསུངས་སོ། །གཞན་ཡང་གནས་འདིར་རྒྱལ་ཚབ་རིམ་བྱོན་དང་། །དེ་དག་གདུང་ལ་བྱོན་པའི་རིང་བསྲེལ་དང་། །སྐུ་དང་ཡིག་གེ་རང་བྱོན་ཐམས་ཅད་དང་། །ཞབས་རྗེས་ཕྱག་རྗེས་ལ་སོགས་གང་མཇལ་རྣམས། །ཕྱི་མར་ངན་སོང་གནས་ལ་འགྲོ་མི་བསྲིད། །རྒྱལ་བ་གཉིས་པའི་ཚོགས་གྲལ་གང་འཕྲོད་ཀུན། །ཡུལ་མཆོག་གནས་བཞིའི་ཐུགས་རྗེས་བྱིན་གྱིས་རླབས། །འཁོར་བ་མེད་པའི་ས་ཆེན་བགྲོད་པར་འགྱུར། །རིག་འཛིན་མཁའ་འགྲོའི་ལུང་ལས། །སྐལ་ལྡན་རྣམས་ལ་སྤྱི་རྒྱ་རླབས་ཀྱིས་གཅོད། །སྐལ་མེད་རྣམས་ལ་ཐུགས་རྗེས་བྱིས་གྱིས་རླབས། །འཁོར་བར་མེད་པའི་ཞིང་མཆོག་སྨན་རི་བ། །ས་ཆེན་དྲི་མེད་དེ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །སྨན་རི་བ་ལ་དད་གུས་ཡོད་པ་རྣམས། །སེམས་ཅན་མ་ལུས་ཐུགས་རྗེས་ལྕགས་ཀྱུ་ཡིས། །ངན་སོང་གནས་ནས་མཐོ་རིས་འདྲེན་གྱུར་ཏེ། །བྱང་ཕྱོགས་ཐར་ཤོར་རྒྱ་སྒོ་བྲག་ཡང་ཡོད། །རིག་འཛིན་མཁའ་འགྲོའི་ལུང་ལས། །རྒྱུད་ལུང་སྨན་གྱི་རྒྱལ་པོ་འགྲོ་ཀུན་སྐྱོབས། །ཐུགས་རྗེའི་ལྕགས་ཀྱུས་ངན་སོང་མཐོ་རིས་འདྲེན། །ཞེས་གསུངས་སོ། །དཀར་ཆག་རྒྱས་པ་གཞན་དུ་གསལ་ཞིང་། །སྨན་རིའི་དཀར་ཆག་བསྡུས་པ་པདྨ་བཞད་པའི་ཚལ་ཆེན་འདི་ནི། གཤེན་གྱི་་འདི་ན་ཚིག་གཉིས་མི་གསལ་་་་་་་་་་གནམ་བོན་རྒྱ་གར་ཤེས་རབ་དགོངས་རྒྱལ་གྱིས། བཀྲ་ཤིས་སྨན་རིའི་དགོན་དུ་སྦྱར་བའོ། བཀྲ་ཤིས། དགེའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག