ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> སྙན་རྩོམ། >> གསེར་འོད་ནོར་བུ་འོད་འབར་བཀླགས་པའི་མྱོང་ཚོར།
གསེར་འོད་ནོར་བུ་འོད་འབར་བཀླགས་པའི་མྱོང་ཚོར།
[རྩོམ་གྱི་ཡོང་ཁུངས། སྤྱི་སྤུངས་ཟིན་བྲིས།] [རྩོམ་པ་པོ། དགེ་བཤེས་བསྟན་འཛིན་སྦྱིན་པ།] [ཟླ་ཚེས། 11-05-16] [ཀློག་གྲངས། ]

གསེར་འོད་ཡིད་བཞིན་ནོར་བུ་ཞེས་སུ་གྲགས་པ་ལེའུ་བཅུ་དྲུག་གི་བདག་ཉིད་ཅན་དེ་དད་སྦྱིན་ཞིག་གི་ནང་དུ་ཚར་ལྔ་བཀླགས་ཞོར་གྱི་མདོ་དོན་མྱོང་ཚོར་དུམ་བུ་འདི་ལྟར།

༼༡༽

མཆོག་ལྔ་[1]གསང་བའི་གནས་མཆོག་ལྟ་ན་སྡུག །
འ་ཞ་གསང་བའི་རྣམ་འཕྲུལ་གློག་བས་མྱུར། །
བཙུན་ཆུང་ཉེར་ལྔའི་འཕྲིན་ལས་མེ་བས་ཚ། །
ནོར་བུ་འོད་འབར་དབུ་ཡི་གླེང་གཞི་བསླངས། །

༼༢༽

གར་ཚོམ་རོལ་མོའི་མཆོད་པ་སྤྲིན་ལྟར་གཏིབས། །
བརྒྱད་ཁྲི་བཞི་སྟོང་བོན་གྱི་ཁོག་ཆེན་དབུབ། །
བོན་སྤྱོད་རྩ་བ་གཞི་ཡི་ཀློང་ནས་བརྩམས། །
རྟོག་འཛིན་འཕྲུལ་པ་མུན་པའི་ཀློང་དུ་བརྫངས། །

༼༣༽

ཚེ་ནོར་སྤེལ་ཞིང་བར་ཆོད་དགྲ་འདུལ་ཕྱིར། །
ཏིང་འཛིན་གསུམ་གྱི་དམིགས་པས་ལམ་དྲངས་ཏེ། །
དུག་ལྔའི་གཟའ་རྒོད་ཡེ་ཤེས་རྙི་ཡིས་བཙིར། །
སྟོང་ཉིད་ཚད་མེད་ཟུང་འཇུག་མདེའུ་ཡིས། །
སྡུག་བསྔལ་བཞི་ཡི་ཕུང་པོ་ཤིགས་སེ་བཤིགས། །

༼༤༽

ཐབས་དང་ཤེས་རབ་ཡེ་ཤེས་མེ་ཆེ་ཡང་། །
འགྲོ་བ་དྲུག་གི་རྟོག་འཛིན་མུན་པ་འཐུག ། །
ཨ་དཀར་གཟུངས་ཀྱི་གློག་ཕྲེང་སྤེལ་མའི་བརྒྱུད། །
ཐར་པའི་ལམ་སྣ་སྔགས་ཚིག་ནུས་པས་དྲངས། །
མཐོང་ཐོས་དྲན་རིག་གྲོལ་བའི་བྱིན་ཆེན་དབབ། །

༼༥༽

དྲག་རྩུབ་བསྐལ་པའི་ཆུ་ཆེན་མཐའ་ནས་འབྲུག །
ནད་མུག་མཚོན་གྱི་བསྐལ་མེ་མཁར་ཤར་ཡང་། །
འཇིག་རྟེན་མུན་སེལ་སྒྲོན་མེ་དབྱིངས་ནས་འབར། །
གཟུངས་སྔགས་ཡི་གེའི་འཁོར་ལོ་ནང་ནས་འཁོར། །
དགྲ་བགེགས་མུན་པ་ནག་པོ་གཏིང་ནས་བསངས། །

༼༦༽

རྒྱལ་མཆོག་སྟོན་པའི་ཐུགས་དགོངས་མཁའ་བས་ཡངས། །
འ་ཞ་གསང་བའི་དཀའ་གནད་ཞུ་ཚིག་མཁས། །
གཡུང་དྲུང་གསང་གཟུངས་འཕྲུལ་ངག་དག་པས་བསྒྲགས། །
ཚེ་ནོར་ལོངས་སྤྱོད་འདོད་དགུ་ཆར་བས་མོད། །
འདི་ཕྱི་དོན་གཉིས་བསྒྲུབ་པའི་ཐབས་ལམ་མང་། །

༼༧༽

ཆེན་པོ་ལྔ་[2]ཡི་ཀུན་ཤོང་སྣོད་ཆེན་བཟང་། །
འཁོར་འདས་བོན་གྱི་སྤྲོས་ཚོགས་གཞི་ནས་དག །
ཁམས་ལྔའི་འབྱུང་བ་ཉག་གཅིག་ཀློང་དུ་ཐིམ། །
རྟོག་འཛིན་འཕྲུལ་པ་ཁྱབ་བདལ་ངང་དུ་ཞི། །
ལྟ་སྒོམ་སྤྱོད་འབྲས་ཟད་མེད་གཏེར་ཆེན་མཐོ། །

༼༨༽

ལྷ་བདུད་འགོ་བོ་སྐར་མའི་མདའ་བས་རྒོད། །
བརྡ་ཡིག་ཉེར་གཅིག་ཕོ་ཉས་སྟོན་འཁོར་དྲངས། །
རྫུ་འཕྲུལ་སྐུ་དང་བདུད་འདུལ་ཁྲོ་འཛབ་མཐུས། །
འབུམ་ཚོ་བཅུ་གཉིས་བདུད་སྡེའི་དཔུང་ཚོགས་གཤིགས། །
འདི་ཕྱིའི་ལེགས་ཉེས་རྒྱུ་འབྲས་བདེན་པས་ཕྱེས། །

༼༩༽

ཡང་གསང་རྩ་བའི་མདོ་གཟུངས་ལུ་གུའི་བརྒྱུད། །
ཚེ་ནོར་ལོངས་སྤྱོད་དགེ་འཁོར་ཡར་ལ་སྤེལ། །
འབྲི་དང་ཀློག་འདོན་བཀུར་བསྟིའི་ཆུ་རྒྱུན་གྱིས། །
མི་མཐུན་འགལ་རྐྱེན་བདུད་ཚོགས་མར་ལ་བསྣུབས། །
རྣམ་དག་གཟུངས་ཀྱི་ལེའུའི་ཡི་དམ་བཙན། །

༼༡༠༽

ཀུན་གཞི་ཁྱབ་བདལ་སྐྱེ་མེད་སྟོང་པའི་ངོས། །
འཁོར་འདས་རྟོགས་འཁྲུལ་རྟེན་འབྱུང་གཟུགས་བརྙན་བཀོད། །
ཐ་དད་བོན་སྤྱོད་རྣམ་གྲངས་རྩིས་བཤེར་གྱིས། །
ཐ་མི་དད་པའི་ཕུགས་ཀྱི་ངོ་བོ་བསྟན། །
ཕྱྭ་ཁམས་བདེ་ལ་བཀོད་པའི་ལེའུ་བསྩལ། །

༼༡༡༽

ཀླུ་བོན་གྱིམ་བུས་སྤྲུལ་པའི་སྟོབས་བསྒྱུར་ཞིང་། །
སྟོན་པ་འཁོར་བཅས་ཀླུ་ཡི་མཆོད་གནས་དྲངས། །
བྱམས་དང་སྙིང་རྗེས་གདུག་སེམས་ཞི་བར་བསྒྲུབས། །
བཟང་ངན་ལས་དང་མི་རྟག་བོན་བཤད་པས། །
དགེ་ལེགས་དཔལ་ཡོན་ལེགས་ཚོགས་ནང་ནས་རྒྱས། །

༼༡༢༽

ཀླུ་བདུད་མགོ་དགུས་དུག་ལྔའི་ཁ་མཆུ་ཡིས། །
སླར་ཡང་སྐྱེ་འགྲོ་ཟས་སུ་ཟ་བར་བརྩམས། །
དེ་ཚེ་སྟོན་མཆོག་ཐུགས་རྗེའི་རྣམ་སྤྲུལ་ལས། །
ཁྲོ་རྒྱལ་དྲག་པོའི་དཔུང་དམག་འབུམ་ཚོགས་ཆས། །
དྲག་འཇོམས་གཟུངས་ཀྱིས་གནོད་བྱེད་ཚར་ཐག་བཅད། །

༼༡༣༽

ཀླུ་རིགས་འཁོར་གྱིས་ཞི་བདེའི་དགའ་སྟོན་དུ། །
གསེར་དངུལ་རིན་ཆེན་འབྲུ་བཅུད་ནོར་དུ་སྤུངས། །
གཏང་རག་དངོས་གྲུབ་ཀུན་འདུས་ཡར་ལ་ཕུལ། །
སྟོན་པས་ཐུགས་དགོངས་མགུལ་ནས་གསུང་ཕྱུང་སྟེ། །
ཚེ་ནོར་ལོངས་སྤྱོད་འཕེལ་གཟུངས་མར་ལ་བསྩལ། །

༼༡༤༽

རིན་ཆེན་ལྔ་ཡིས་མཐིང་ཤོག་མཎྜལ་སྟེང་། །
ནོར་བུ་འོད་འབར་བཞེངས་པའི་དགེ་མཚན་གླེང་། །
དུག་ལྔའི་བདུད་བཏུལ་ཡེ་ལྔའི་སྐུར་བཞེངས་ཤིང་། །
ཡོན་ཏན་ལེགས་འབྱུང་བྱེ་བའི་དཔལ་ཡོན་ངོམས། །
བོན་ཉིད་ཀློང་དུ་ཐམས་ཅད་ཕྱག་རྒྱས་གདབ། །

༼༡༥༽

གཡུང་དྲུང་བོན་མཆོག་ནོར་འོད་ཕྱོགས་མཐར་ཁྱབ། །
དཔག་མེད་སྐྱེ་འགྲོའི་སྡུག་བསྔལ་མུན་པ་སེལ། །
ཕྱི་གསལ་ནང་གསལ་བདེ་གསལ་དོན་མཐོང་ནས། །
མཆོག་ཐུན་ཟད་མེད་གཏེར་གྱི་དངོས་གྲུབ་བསྙེམས། །
བཀྲ་ཤིས་སྨོན་ལམ་མི་འགྱུར་མཐའ་རུ་བརྟན། །

༼༡༦༽

ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བླ་བཅུ་ནས། །
ཚེ་ནོར་ཕྱྭ་གཡང་རྒྱལ་ལྕམ་སྤྱན་དུ་དྲངས། །
སྒྲུབ་གཤེན་མི་ནོར་ཡུལ་འཁོར་ལྟོས་བཅས་སྡེར། །
ཚེ་བཀྲག་དཔལ་ཡོན་རྒྱས་པའི་བྱིན་ཕབ་པས། །
བཀྲ་ཤིས་མི་འགྱུར་གཡང་གི་མཚོ་མོ་འཁྱིལ། །

ཐ་ཚན་མུ་ཙུག་སྨར་རོ། །

      [1] ༡གནས་མཆོག ༢ས་མཆོག ༣ཡུལ་མཆོག ༤རི་མཆོག ༥བྲག་མཆོག

      [2] ༡བྱམས་པ་ཆེན་པོ་ནམ་མཁའི་ཀློང་། ༢སྦྱིན་པ་ཆེན་པོ་ངང་གི་ཀློང་། ༣ཡེ་ཤེས་ཆེན་པོ་དབྱིངས་ཀྱི་ཀློང་། ༤ཡངས་པ་ཆེན་པོ་ཤེས་རབ་ཀློང་། ༥ཞི་བ་ཆེན་པོ་བདེ་ཆེན་ཀློང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག