ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསྟོད་ཚོགས། >> མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་ལ་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་བཞུགས།
མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་ལ་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་བཞུགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་ཆེན་རྒྱལ་མཚན།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

ཨེ་མ་ཧོ། བདེ་ཆེན་ལྷུན་གྲུབ་བོན་སྐུའི་ངང་ཉིད་ལས། །མ་འགག་རོལ་བ་ལོངས་སྐུའི་འོད་ཟེར་གསལ། །

ཅི་མཛད་ཐབས་མཁས་སྤྲུལ་སྐུའི་འཕྲིན་ལས་ཅན། །སྐུ་གསུམ་ངོ་བོ་མཉམ་མེད་རིན་པོ་ཆེ། །

ཚད་མེད་ཐུགས་རྗེས་འགྲོ་བ་སྐྱོབ་པའི་ཕྱིར། །མོས་པས་སྤྱན་འདྲེན་བརྩེ་བས་འདིར་གཤེགས་ཤིག །

ཉི་ཟླ་པད་མ་བརྩེགས་པའི་གདན་སྟེང་དུ། །དགྱེས་པའི་ཚུལ་གྱིས་བརྟན་པར་བཞུགས་སུ་གསོལ། །

ལུས་ཀྱིས་ཕྱག་བགྱིས་སྣ་ཚོགས་རྒྱན་དང་བཅས། །ངག་གིས་ཕྱག་བགྱིས་སྤྲོ་དགའི་དབྱངས་དང་བཅས། །

ཡིད་ཀྱིས་ཕྱག་བགྱིས་བརྩེ་བའི་མཆོག་བསྐྱེད་པའི། །སྒོ་གསུམ་རྣམ་དག་སྦྱར་ལ་གུས་ཕྱག་འཚལ། །

བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །མི་དགེ་བཅུ་སོགས་འགལ་བ་ཅི་བགྱིས་པ། །

མཁྱེན་ལྡན་བརྩེ་བའི་སྤྱན་སྔར་མཐོལ་ཞིང་བཤགས། །ལས་སྒྲིབ་མ་ལུས་ཐུགས་རྗེས་བྱང་བར་མཛོད། །

ཕྱི་ནང་གསང་གསུམ་མཆོད་སྤྲིན་རྣམ་དག་ཚོགས། །སྒྲིབ་གཉིས་རྣམ་བྱང་ཚོགས་གཉིས་རབ་རྫོགས་ཕྱིར། །

རྩེ་གཅིག་མོས་པའི་སྟོབས་ཀྱིས་མཆོད་པ་འབུལ། །ཐུགས་རྗེས་ཆེན་པོའི་དབྱིངས་སུ་བཞེས་སུ་གསོལ། །

སྔོན་སྦྱངས་ལས་གྲུབ་དལ་འབྱོར་ཕུན་སུམ་ཚོགས། །ཐར་བའི་ལམ་མཆོག་ཕ་རོལ་ཕྱིན་བཅུ་སྤྱོད། །

རྒྱུ་འབྲས་ལས་ལ་བློ་ཡིས་ཐེ་ཚོམ་བྲལ། །བསྟན་འཛིན་སྐྱེས་བུའི་ཞབས་ལ་གུས་ཕྱག་འཚལ། །

ལྷུན་པོའི་སྐུ་ལ་བསླབ་གསུམ་འོད་སྟོང་འབར། །ཚངས་པའི་མགུལ་ལས་བརྒྱད་ཁྲི་བཞི་སྟོང་སྤྲོས། །

མཉམ་པའི་ཐུགས་ལ་ཇི་ལྟ་ཇི་སྙེད་གསལ། །རྗེ་འགྲན་ཟླ་བྲལ་ལ་གུས་ཕྱག་འཚལ། །

ཚད་མེད་ཐུགས་རྗེས་འགྲོ་ལ་བུ་བཞིན་སྐྱོབ། །དབང་བཞི་ཡོངས་རྫོགས་སྐུ་བཞིའི་ལྷ་ཞལ་ཁུམ། །

ཉིས་བརྒྱ་ལྔ་བཅུའི་བསྟན་པའི་སྲོག་ཤིང་བཙུག །བསླབ་གསུམ་དབང་ཕྱུག་ཞབས་ལ་གུས་ཕྱག་འཚལ། །

བརྒྱད་ཁྲི་བཞི་སྟོང་རྒྱ་མཚོའི་ཀློང་ཡངས་ནས། །རྣམ་གསུམ་ཤེས་རབ་རིག་པའི་གློག་འཕྲེང་འཁྱུག །

ཚད་གསུམ་ཟུང་འབྲེལ་ལུང་རིག་འབྲུག་ལྟར་སྒྲོགས། །ལུང་རིག་མངའ་བདག་ཞབས་ལ་གུས་ཕྱག་འཚལ། །

སྦྱངས་པའི་སྟོངས་ལས་ཤེས་བྱའི་དཀྱིལ་འཁོར་གསལ། །བརྩེ་བའི་སྟོབས་ཀྱིས་འགྲོ་ལ་མ་ལྟར་བྱམས། །

བདེ་ལེགས་ཀུན་འབྱུང་ཡོན་ཏན་ཀུན་གྱི་གཏེར། །མཁྱེན་བརྩེའི་བདག་ཉིད་ཞབས་ལ་གུས་ཕྱག་འཚལ། །

མཐའ་བྲལ་ལྟ་བའི་སྤྱི་རྒྱ་རླབས་ཀྱིས་གཅོད། །ཤུགས་ཆེན་སྤྱོད་པས་ཉོན་མོངས་བརྡར་ཤ་གཅོད། །

གཡོ་མེད་བསྒོམས་པས་སེམས་ཉིད་གཏིང་མདངས་གསལ། །རྗེ་བཀའ་དྲིན་ཅན་ལ་གུས་ཕྱག་འཚལ། །

རྣམ་དག་ཡེ་སྲུང་ཀུན་བཟང་རང་ས་ཟིན། །རྣམ་བཞིའི་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ། །

མཆོག་ཐུན་དངོས་གྲུབ་རེ་དོགས་མེད་པར་ཐོབ། །རྗེ་ཐུགས་རྗེ་ཅན་ལ་གུས་ཕྱག་འཚལ། །

བྱིན་རླབས་བརྒྱུད་པའི་སྤྲིན་དཔུང་མཁའ་ལ་འཁྲིགས། །འགག་མེད་རོལ་བའི་སྤྲིན་ཆར་ཀློང་དུ་འཁྱིལ། །

སྡུག་བསྔལ་ཉོན་མོངས་ཚ་གདུང་བསིལ་མཛད་པ། །བརྒྱུད་གསུམ་འཛིན་པའི་ཞབས་ལ་གུས་ཕྱག་འཚལ། །

འཆད་པའི་ངག་གིས་གདུལ་བྱ་སྤྲོ་ཞིང་དང་། །རྩོམ་པའི་སྟོབས་ཀྱིས་ཐེག་དགུ་རབ་གསལ་ཞིང་། །

རྩོད་པའི་ཤུགས་ཀྱིས་ལོག་རྟོགས་བྲག་རི་གཞོམ། །བསྟན་པ་གསལ་བྱེད་མཛད་ལ་གུས་ཕྱག་འཚལ། །

འདིས་བསྟོད་དགེ་དང་དུས་གསུམ་བསགས་པའི་མཐུས། །བདག་འཛིན་ཉོན་མོངས་སྡུག་བསྔལ་གྲོལ་ནས་ཀྱང་། །

བདེ་ཆེན་བྱང་ཆུབ་མཆོག་གི་ལམ་ཕྱེད་ནས། །མཁའ་ཁྱབ་འགྲོ་བ་ཀུན་མཁྱེན་མྱུར་འཐོབ་ཤོག །

བདག་ཀྱང་འདི་ནས་བླ་མེད་མ་ཐོབ་པར། །ལམ་གྱི་བར་ཆད་ཞི་དང་མཐུན་རྐྱེན་ཚོགས། །

ཐེག་ཆེན་ལམ་བགྲོད་དོན་གཉིས་ལྷུན་འགྲུབ་ནས། །སྐུ་གསུམ་སྤྲུལ་པས་འགྲོ་བའི་དོན་བྱེད་ཤོག །

    ཅེས་མཉམ་མེད་པ་གདན་ས་རིན་ཆེན་རྒྱལ་མཚན་གྱིས་བསྟོད་པ་ཕུལ་པ་རྫོགས་སོ། ། དགེའོ། ། བཀྲ་ཤིས་སོ།།  

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག