ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསྟོད་ཚོགས། >> རྗེ་འགྲོ་བའི་མགོན་པོ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་གྱི་སྐུ་བསྟོད་བཞུགས།
རྗེ་འགྲོ་བའི་མགོན་པོ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་གྱི་སྐུ་བསྟོད་བཞུགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མངའ་རིས་བསོད་ནམས་རྒྱལ་མཚན།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

སྐྱབས་མཆོག་དམ་པ་མཉམ་མེད་འགྲོ་བའི་མགོན། །མཁས་གྲུབ་དུ་མའི་གཙུག་རྒྱན་རིན་པོ་ཆེ། །

ཐོས་བསམ་བསྒོམ་བསྒྲུབས་ཉན་བཤད་སྲོལ་ཆེན་བཙུགས། །བསྟན་པའི་མངའ་བདག་མཁས་གྲུབ་སྤྱན་གཅིག་པ། །

རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་གསལ་མཁས་མཆོག་ཕུལ་དུ་ཕྱིན། །

རབ་འབྱམས་གནས་ལྔ་རིག་པའི་པཎྚི་ཏ། །རྒྱལ་བའི་རྒྱལ་ཚབ་མཁས་གྲུབ་རིན་པོ་ཆེ། །

མཚན་ལྡན་འགྲོ་བའི་མགོན་པོ་སྤྱན་གཅིག་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །

ཡོངས་འཛིན་མཁས་མང་རྒྱ་མཚོའི་ཐུགས་བཅུད་བླངས། །འཆད་རྩོད་རྩོམ་གསུམ་རིག་པའི་ཚ་ཟེར་གྱིས། །

སྡེ་སྣོད་གསུམ་ལ་བློ་གྲོས་སྤོབས་པ་ཐོབ། །ལུང་རིགས་དབང་ཕྱུག་མཁས་གྲུབ་སྤྱན་གཅིག་པ། །

རྗེ་བཙུན་བླ་མའི་ཞབསལ་གསོལ་འདེབས། །འདུལ་ཁྲིམས་བསླབ་བྱའི་མངའ་བདག་དྲང་སྲོང་རྒྱལ། །

ཟབ་ལམ་སྔགས་ཀྱི་བདག་ཉིད་གསང་འདུས་གཤེན། །གནས་ལུགས་རྫོགས་ཆེན་དོན་རྟོགས་ཀུན་ཏུ་བཟང་། །

རྒྱུད་གསུམ་མངའ་བདག་མཁས་གྲུབ་སྤྱན་གཅིག་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །

འདྲེན་པ་ཆེན་པོ་མཚུངས་མེད་བཀའ་དྲིན་ཅན། །རབ་འབྱམས་མཆོད་སྤྲིན་ནམ་མཁའ་གང་བས་མཆོད། །

དུག་ལྔའི་དབང་གྱུར་མི་དགེའི་ལས་རྣམས་བཤགས། །བདག་སོགས་འགྲོ་ཀུན་ཐུགས་རྗེས་རྒྱུན་བཟུང་ནས། །

བསླབ་གསུམ་བསྟན་པའི་སྲོག་ཤིང་འཛུག་པར་ཤོག །

      ཅེས་ལྔ་བརྒྱའི་འདྲེན་མཆོག་མཉམ་མེད་སེམས་དཔའ་ཆེན་པོས་ས་གསུམ་འགྲན་ཟླ་དང་བྲལ་བའི་རྗེ་བཙུན་སྨན་རི་བ་ལ་མཆོད་པར་བརྗོད་པའི་ཚུལ་འདི་ནི། ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་ལ་བརྟེན་ནས། སློབ་འབངས་མངའ་རིས་བསོད་ནམས་རྒྱལ་མཚན་གྱིས་ཕུལ་བ་དགེ་ལེགས་འཕེལ། དགེའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག