ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསྟོད་ཚོགས། >> མ་མཆོག་སྲིད་རྒྱལ་གྱི་ཀ་བསྟོད་བཞུགས་སོ། །
མ་མཆོག་སྲིད་རྒྱལ་གྱི་ཀ་བསྟོད་བཞུགས་སོ། །
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྣལ་འབྱོར་ནམ་མཁའ་ལྷུན་གྲུབ།] [ཟླ་ཚེས། 10-09-19] [ཀློག་གྲངས། ]

༧བསྭོ་མ་མ་ཛ་བྷྱོ། ཨེ་མ་ཧོ། །ཀ་དག་སྤྲོས་བྲལ་བོན་སྐུ་དབྱིངས་ཀྱི་ཡུམ། །ཁ་བ་ཅན་དུ་བོན་བསྟན་འཛུགས་པའི་ཕྱིར། །

ག་ན་བཞུགས་ཀྱང་མ་མཆོག་སྲིད་རྒྱལ་ཁྱེད། །ང་ཡིས་འབོད་པ་ཙམ་གྱིས་གཤེགས་སུ་གསོལ། །

ཅ་གྲུ་འཕྲང་གསུམ་འགོ་བའི་ནད་ལས་སྐྱོབས། །ཆ་ལུགས་མཛེས་འཛུམ་དགའ་བའི་མདངས་སྟོན་ལ། །

ཇ་ཆང་ཕུད་དང་རྒྱན་ལྡན་གཏོར་མའི་ཚོགས། །ཉ་སྐྱོག་ཐོད་པ་རིན་ཆེན་སྣོད་དུ་བཤམས། །

ཏ་ནོར་ལུག་ར་དཀོར་རྫས་རྟེན་འཛུགས་ནས། །ཐ་སྙད་བྲལ་བའི་མཆོད་པའི་ཐུགས་དམ་བསྐང་། །

ད་ལྟ་བདག་ཅག་དཔོན་སློབ་ཡོན་མཆོད་ལ། །ན་ཚ་སྡུག་བསྔལ་འཆི་བདག་ཅི་ཡོད་པ།།

པ་རྩལ་རྫུ་འཕྲུལ་དེ་ནི་ན་ཞན་ལ། །ཕ་རོལ་བྱད་དང་རྦོད་སྟོང་ཞི་བར་མཛོད། །

བ་ག་ཀློང་ཆེན་དབུ་བརྒྱ་ཕྱག་སྟོང་མ། །མ་མོ་མཁའ་འགྲོ་གཟེ་གྱད་སྤར་མའི་ཚོགས། །

ཙཀྲ་ཤ་འབལ་མཚོན་ཆ་ཕྱག་ན་བསྣམས། །ཚ་ཟེར་མེ་དཔུང་འབར་བའི་དབུས་ན་འགྱིང་། །

ཛ་ཐུན་བསྭོ་དང་བྷྱོ་བྷྱོ་རྦད་པའི་ཚེ། །ཝ་བརྒྱལ་འུག་རྒོད་སྤྱང་མོས་ངུ་འདུར་བྱེད། །

ཞ་ལོང་འོན་ལྐུགས་དལ་ཡམས་སྣ་ཚོགས་ཀྱིས། །ཟ་ལམ་དགྲ་ལ་སྟོན་ཅིང་དགྲ་ཡུལ་ཕུངས། །

འ་འུ་བདག་གིས་འདོད་པའི་དོན་ཀུན་འགྲུབ། །ཡ་མེད་དཔུང་དང་འཆི་བདག་འཇིགས་ལས་སྐྱོབས། །

ར་ས་ཡ་ན་སྨན་གྱི་མཆོད་པ་བཞེས། །ལ་རྒྱ་སངས་རྒྱས་བསྟན་པ་གཉན་པོ་སྲུང་། །

ཤ་ཟན་མ་མོ་མཁའ་འགྲོ་ཡན་ཆད་དུ། །ས་བཅུའི་དབྱིངས་ཀྱི་ཡུམ་ཆེན་ཕྱིན་ཆད་ཀུན། །

ཧ་ཧ་འཛུམ་པའི་ཞལ་གྱི་མདངས་སྟོན་ལ། །ཨ་དཀར་གཡུང་དྲུང་བསྟན་པའི་རྒྱལ་མཚན་འཛུག་པར་ཤོག །

ཅེས་པ་སྲིད་པའི་རྒྱལ་མོའི་ཞལ་གཟིགས་ཀ་བསྟོད་འདི་ནི་རྣལ་འབྱོར་ནམ་མཁའ་ལྷུན་གྲུབ་ཀྱིས་གཡས་རུའི་གཙང་བོའི་གྲུ་ཁར་སྲིད་རྒྱལ་ཞལ་གཟིགས་སྐབས་སུ་སྦྱར་བའོ། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག