ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསྟོད་ཚོགས། >> མཆོད་ཡུལ་ཀུན་མཉེས་ཁྱེར་བདེ་ཉུང་འདུས།
མཆོད་ཡུལ་ཀུན་མཉེས་ཁྱེར་བདེ་ཉུང་འདུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁན་ཆེན་ཀུན་བཟང་རྒྱལ་མཚན།] [ཟླ་ཚེས། 10-09-19] [ཀློག་གྲངས། ]

ཨེ་མ་ཧོ། །བླ་མ་སངས་རྒྱས་བོན་དང་ཡི་དམ་ལྷ། །སེམས་དཔའ་རིག་འཛིན་མཁའ་འགྲོ་ལྷན་སྐྱེས་སེམས། །
སྐྱབས་གནས་ཕྱི་ནང་གསང་བ་ཡང་གསང་ལ། །མཆོད་པ་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །
༧སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་ནས། །དོན་དམ་ཐུགས་རྗེས་དཔག་མེད་ཉོན་མོངས་འཇོམས། །
ཕྱི་ནང་གསང་བ་ཡང་བླ་མ་ལ། །མཆོད་པ་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །
༧མགྲིན་པ་འོག་མིན་དབྱིངས་ཀྱི་ཕོ་བྲང་ནས། །ཐུགས་རྗེའི་མངའ་བདག་འཁོར་བའི་ཚ་གདུང་སེལ། །
ཕྱོགས་བཅུའི་བདེར་གཤེགས་ཡི་དམ་ལྷ་ཚོགས་ལ། །མཆོད་པ་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །
༧ཐུགས་ཀ་འགྱུར་མེད་བདེ་བའི་མཁའ་སྤྱོད་ནས། །སྐུ་ལྔ་རབ་རྫོགས་བརྩེ་གདུང་གྲོགས་མཛད་པ། །
རིག་འཛིན་མཁའ་འགྲོ་འཁོར་དང་བཅས་པ་ལ། །མཆོད་པ་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །
༧སྲིད་པའི་རྒྱ་མཚོ་འཁྱིལ་བའི་དབལ་ཀློང་ན། །ལེགས་ཉེས་ལྟང་འཛིན་བཀའ་ཡི་བྱ་ར་མཛད། །
བཀའ་སྐྱོངས་གཏེར་བདག་དམ་ཅན་རྒྱ་མཚོ་ལ། །མཆོད་པ་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །
༧ཁྱེད་རྣམས་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་དཔོན་སློབ་ཚེ་འདིར་བསམ་དོན་འགྲུབ། །
ཕྱི་མ་བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས། །རབ་རྫོགས་འབྲས་བུ་སྐུ་གསུམ་མྱུར་ཐོབ་ཤོག །
༧འབྲས་བུ་སྐུ་གསུམ་བདེ་ཆེན་ཐོབ་ནས་ཀྱང་། །ཐབས་མཁས་བདེར་གཤེགས་སྤྲུལ་བའི་སྟོབ་ས་ཕྱུང་ལ། །
མཐའ་ཡས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །དཔག་མེད་འགྲོ་དོན་རྒྱ་ཆེན་ནུས་པར་ཤོག །།

ཅེས་མཆོད་ཡུལ་ཀུན་མཉེས་ཁྱེར་བདེ་ཉུང་འདུས་ཞེས་བྱ་བ་འདི་ནི།༧མཁན་པོ་ཀུན་བཟང་རྒྱལ་མཚན་གྱིས་ལྷ་ལྡན་རྡོ་རིང་འགྲམ་དུ་རྩོམ་པ་ཞེས་གནའ་བོའི་ཞལ་རྒྱུན་ལགས་སོ། །བཀྲ་ཤིས་ཤོག ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག