བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །
བླ་མའི་ས་ལ་བཞུགས་པའི་ཚོགས་རྣམས་ཀྱིས། །རང་ལ་དགོས་པའི་བསླབ་བྱ་འདི་ལ་གསོན། །
སངས་རྒྱས་བསྟན་པའི་བདག་པོ་བླ་མ་ཡིན། །བསྟན་ལ་རིམ་པར་ཞུགས་ཤིག་བླ་མ་རྣམས། །
བླ་མ་བཟོ་བྱེད་སྟོན་པའི་བོན་ཁྲིམས་ཡིན། །རིང་ལུགས་ཚུལ་བཞིན་སློབས་ཤིག་བླ་མ་རྣམས། །
མི་གཞི་མེད་ན་ཡོན་ཏན་སྐྱེ་བ་དཀའ། །རང་གིས་རང་ལ་སོམས་ཤིག་བླ་མ་རྣམས། །
ཡོན་ཏན་མེད་ན་བླ་མ་འོང་ཐབས་མེད། །རང་ཆུས་འདུན་མ་ཤོམས་ཤིག་བླ་མ་རྣམས། །
བསླབ་ཤེས་མེད་པའི་བླ་མ་ལོང་བ་ཡིན། །སློབ་གཉེར་མཐའ་རུ་ཕྱུང་ཞིག་བླ་མ་རྣམས། །
སེམས་རྒྱུད་མ་འདུལ་མཁས་ཀྱང་དགོས་པ་མེད། །ཁ་བཤད་རླུང་ལ་མ་བསྐུར་བླ་མ་རྣམས། །
མདོ་སྔགས་ཡོངས་རྫོགས་ཉམས་སུ་ལེན་པའི་ཚུལ། །མཉམ་མེད་རིང་ལུགས་སྐྱོངས་ཤིག་བླ་མ་རྣམས། །
ཆོས་ལུགས་བསྲ་བསྲེ་བྱས་ན་བསྟན་ལ་གནོད། །རང་ལུགས་གཙང་མ་གྱིས་དང་བླ་མ་རྣམས། །
རྟོགས་པ་མཐོ་ཡང་བསླབ་པའི་ཁྲིམས་མེད་ན། །བསྟན་པའི་གཞི་རྟེན་མེད་དོ་བླ་མ་རྣམས། །
བླ་མའི་མཛད་པ་འཆོལ་ན་ཐམས་ཅད་ཉམས། །རང་བཟོའི་སྲོལ་རེ་མ་བཏོད་བླ་མ་རྣམས། །
སྒོམ་སྒྲུབ་མེད་ན་ཉམས་རྟོགས་མི་སྐྱེ་བས། །དབེན་པར་ཉམས་ལེན་གྱིས་དང་བླ་མ་རྣམས། །
བསྙེན་སྒྲུབ་མ་བྱེད་ནུས་མཐུ་མི་ཐོན་པས། །ཡི་དམ་ལྷ་བསྙེན་གཟོབས་ཤིག་བླ་མ་རྣམས། །
ཆ་ལུགས་སྤྱོད་པ་རྩིང་ན་རྩི་བཀུར་ཆུང༌། །མཛེས་ལ་གཙང་བར་དགོས་སོ་བླ་མ་རྣམས། །
ངག་འཁྱལ་སྨྲ་བ་མང་ན་ཉན་མཁན་དཀོན། །ཁ་སྒོ་དམ་པོ་གྱིས་ཤིག་བླ་མ་རྣམས། །
སེམས་ལ་བསམ་རྒྱུ་མང་ན་ཆ་མི་འཇོག །སེམས་རྒྱུད་བརྟན་པོ་གྱིས་ཤིག་བླ་མ་རྣམས། །
བྱ་བྱེད་ལས་རྒྱུ་མང་ན་མཐའ་ཆུས་ལད། །རང་ཚུགས་ཐུབ་པར་གྱིས་ཤིག་བླ་མ་རྣམས། །
རང་འདོད་ཆེ་ན་རོགས་དང་གཤིབ་ཐབས་མེད། །བློ་ཁོག་ཡངས་པར་གྱིས་དང་བླ་མ་རྣམས། །
ཚེ་འདི་དྲན་ན་འདུལ་ཚུགས་རིམ་གྱིས་ཤོར། །ཆོས་བརྒྱད་གཉེར་ཁ་མ་སྐྱོང་བླ་མ་རྣམས། །
རྒྱུ་ནོར་འདོད་པ་ཆེ་ན་ཇེ་ཞེན་འགྲོ། །རྣམ་གཡེང་གྲོང་མཐའ་མ་བསྐོར་བླ་མ་རྣམས། །
དཀོར་རྫས་ཆུད་ཟོས་བཏང་ན་ལན་ཆགས་ཆེ། །ཕྱི་མར་བུ་ལོན་མ་བྱེད་བླ་མ་རྣམས། །
སེམས་རྒྱ་ཆུང་ན་བསྟན་པའི་ཆུས་མི་ཐོན། །བློ་ཤེད་ཆེ་བར་གྱིས་དང་བླ་མ་རྣམས། །
ཕན་སེམས་ཆུང་ན་གཞན་དོན་མི་འོང་བས། །སེམས་བསྐྱེད་སྨོན་འདུན་གཟོབས་ཤིག་བླ་མ་རྣམས། །
ང་རྒྱལ་ཆེ་ན་ཡོན་ཏན་སྐྱེ་འཕྲོ་ཆད། །ཞི་ཞིང་དུལ་བ་གྱིས་དང་བླ་མ་རྣམས། །
ཟུར་ཟ་ཆེ་ན་བསྟན་ཆུས་འོང་ཐབས་མེད། །བློ་མཐུན་དཔུང་བསྒྲིལ་གྱིས་ཤིག་བླ་མ་རྣམས། །
ཕྲག་དོག་ཤོར་ན་སེམས་རྒྱུ་གཏིང་ནས་རུལ། །བླ་མའི་ནང་རྟགས་མ་སྟོན་བླ་མ་རྣམས། །
བདག་འཛིན་ཇེ་རྒོད་སོང་ན་གོལ་བའི་རྟགས། །བདུད་ཀྱི་དབང་དུ་མ་གཏོང་བླ་མ་རྣམས། །
རྒྱལ་བའི་བསྟན་དང་མཐུན་ན་ཉམས་ལེན་ཡིན། །རང་བཟོ་ནམ་ཡང་མ་བྱེད་བླ་མ་རྣམས། །
རང་སེམས་རྣམ་པར་དག་ན་བླ་མ་ཡིན། །རང་ཡིད་དཔང་པོར་གྱིས་ཤིག་བླ་མ་རྣམས། །
བསླབ་བྱ་འདི་ཉིད་གཟིགས་ཤིང་གསན་པ་ཡི། །བླ་མ་རྣམས་ཀྱི་ཐུགས་ལ་གསོས་ཐེབས་ནས། །
རྒྱལ་ཁམས་ཚུལ་ལྡན་བླ་མས་ཡོངས་གང་ནས། །ཕན་བདེའི་ལམ་བཟང་ཕྱོགས་བཅུར་རྒྱས་པར་ཤོག །
ཅེས་པ་འདི་ནི་འདྲ་ཡུལ་བྲག་ར་དགོན་དུ་བླ་གྲྭ་འདུས་པ་མང་པོར་སྔོན་འགྲོའི་ཚོགས་བཤད་རྒྱ་ཆེར་བགྱིད་པའི་སྐབས་སུ་གསུངས་པའོ།།