འོ་ན་དེ་རིང་འཕྲུལ་ངག་གཡུང་དྲུང་བོན་རྒྱུད་དུ་གཏོགས་པའི་འདུས་པ་རྣམས་ལ་བསྟན་པའི་ཆེ་བ་དང་འབྲེལ་བའི་བསླབ་བྱ་ཅུང་ཟད་བགྱིད་ན། དེ་ཡང་ཇི་སྐད་དུ། ཕན་དང་བདེ་བ་ཀུན་ཀྱི་འབྱུང་བའི་གནས། །རྣམ་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཞེས་གསུངས་པ་ལྟར་འདི་ཕྱི་གཉིས་སུ་ཕན་བདེ་མཐའ་དག་གི་འབྱུང་གནས་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡིན་ལ། དེ་ལས་འཕྲུལ་ངག་བདེན་པ་གཡུང་དྲུང་བོན་གྱི་བསྟན་པ་ནི།ཇི་སྐད་དུ། མདོ་སྔགས་ཟུང་འབྲེལ་འཕྲུལ་ངག་གཡུང་དྲུང་བོན།། ཞེས་གསུངས་པ་ལྟར། མདོ་སྔགས་རྫོགས་ཆེན་གསུམ་ཕྱོགས་རེ་བའི་བསྟན་པ་རེ་ཆོས་ལུགས་གྲུབ་མཐའ་གཞན་དང་གཞན་ཀུན་ལ་ཡོད་ཀྱང༌། དེ་གསུམ་ཟུང་འབྲེལ་གྱི་བསྟན་པ་མ་ནོར་བ་ནི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཡིན་ལ། བསྟན་པ་དེ་ཉིད་འཛིན་པ་ལ་རེ་ཞིག་བོད་ཡུལ་གྱི་དབང་དུ་བྱས་ན་བསྟན་པའི་བདག་པོ་བྲུ་ཞུ་སྤ་རྨེའུ་སོགས་ནས་བརྒྱུད་པའི་གྲྭ་ས་ཡ་བཞི་སོགས་ཀྱི་བརྒྱུད་པའི་བཀའ་སྲོལ་ཤིན་ཏུ་མང་ཡང༌། གངས་ཅན་གྱི་ལྗོངས་སུ་མདོ་སྔགས་བླ་མེད་ཡོངས་རྫོགས་ཀྱི་བསྟན་པ་གང་ཟག་གཅིག་གིས་ལག་ལེན་དུ་འདེབས་པའི་བཀའ་སྲོལ་འཛིན་པ་པོ་ནི། སྔ་རབས་སུ་རྨེའུ་དམ་པ་ཡབ་སྲས་དང༌། བར་དུ་རྗེ་སྨན་རི་བ་མཉམ་མེད་ཡབ་སྲས་དང༌། ད་ལྟའི་དུས་སུ་དེའི་རིང་ལུགས་ཕྱོགས་ཀུན་སྤེལ་བ་པོ་མདོ་ཁམས་ཤར་རྫ་བ་ཆེན་པོ་ཡབ་སྲས་རྣམས་ཡིན་ལ། དེ་ཡང་སྔོན་དུས་སུ་བསྟན་པའི་བདག་པོ་རྨེའུ་དམ་པ་རིན་པོ་ཆེ་ཡབ་སྲས་རྣམས་བྱོན་ནས་བཀའ་རྟེན་སྡཻ་ལྔ་སོགས་གཞུང་དང༌། རྣམ་ཀློང་རྒྱལ་གསུམ་གསང་སྔགས་བཀའ་དྲུག་སོགས་སྒྲུབ་ཕྲིན་དང༌། ཨ་རྫོགས་སྙན་གསུམ་སོགས་གདམས་པ་རྣམས་སྤེལ་ནས་སྒྲུབ་བརྒྱུད་ཀྱི་བཀའ་བབ་མདོ་སྔགས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཉི་མ་ལྟར་གསལ་བར་མཛད་ནའང་བར་སྐབས་སུ་ཧ་ཅང་འཕེལ་རྒྱས་མ་བྱུང་ལ། དེ་ནས་ཇི་སྐད་དུ། སྟོང་རྒྱུང་སྤྲུལ་པ་ཤེས་རབ་རྒྱལ་མཚན་གྱིས། །དབུས་རིའི་དཀྱིལ་དུ་བསླབ་གསུམ་བསྟན་པ་སྤེལ།། ཞེས་སོགས་བསླུ་མེད་གཡུང་དྲུང་ལུང་གིས་རྗེས་སུ་བསྔགས་པའི་རྗེ་རྒྱལ་བ་གཉིས་པ་དཔལ་མཉམ་མེད་པ་ཆེན་པོ་བྱོན་ནས་གངས་ཅན་གྱི་ལྗོངས་སུ་་འགྱུར་བསྟན་པའི་རྒྱལ་མཚན་ཕྱར། བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུའི་ཕྲིན་ལས་རྒྱས་པར་མཛད་པས་བསྟན་པའི་བདག་པོ་དཔལ་ལྡན་སྨན་རི་བ་ཞེས་པའི་སྙན་གྲགས་དེ་ནས་བྱུང༌། རྒྱལ་བ་གཉིས་པ་རྗེ་སྨན་རི་བ་ཆེན་པོ་འདི་ནི། ཕྱི་ལྟར་ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ། ནང་ལྟར་བྱང་ཆུབ་ཀྱི་སེམས་གཉིས་ཐུགས་རྒྱུད་ལ་ཡང་དག་པར་མངའ་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ། གསང་བ་ལྟར་ན་གསང་སེམས་བླ་ན་མེད་པའི་ལྟ་དགོངས་ཟབ་མོ་ལ་དབང་བསྒྱུར་བའི་ངེས་པ་དོན་གྱི་རྣལ་འབྱོར་བ་ཆེན་པོ་སྟེ། དེ་ཉིད་ཀྱི་སྐུ་ཆེ་བའི་ཡོན་ཏན་སླར་ཡང་ཅུང་ཟད་སྨོས་ན། བསྟོད་པ་རྣམ་རྒྱལ་ཁང་བརྩེགས་ལས། ལྷ་རྣམས་འདུལ་ཕྱིར་སྣང་བ་མདོག་ཅན་ཞེས། །ཀླུ་རྣམས་འདུལ་ཕྱིར་ཡེ་ཤེས་སྙིང་པོ་ཞེས། །མི་རྣམས་འདུལ་ཕྱིར་མི་ལུས་བསམ་ལེགས་ཞེས། །སྐུ་སྤྲུལ་དུ་མ་མཛད་པའི་སྨན་རི་བ། །ཞེས་སོགས་གསུངས་པ་ལྟར་བསྟན་པའི་ཞིང་ས་ལྷ་ཀླུ་མི་གསུམ་གྱི་འདྲེན་པ་ཆེན་པོ་དེ་ཉིད་སླར་ཡང་པུར་རྒྱལ་བོད་ཀྱི་ཡུལ་དུ་བསམ་བཞིན་དུ་འཕྲུལ་ངག་བསྟན་པའི་བདག་པོ་རུ་བྱོན་པ་སྟེ། དེའང་ཐོག་མར་མདོ་སྨད་རྒྱ་རོང་ཆུ་ཆེན་དུ་སྐུ་བལྟམས། ད་ལྟའི་གདུལ་བྱའི་དོན་ལ་དགོངས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང༌། ཕྱ་བླ་གཡུང་དྲུང་རྒྱལ་མཚན་སོགས་ཁམས་དབུས་གཙང་གསུམ་གྱི་བཤེས་གཉེན་ཆེན་པོ་དུ་མ་བསྟེན། རྒྱུ་འབྲས་བླ་མེད་ཀྱི་ཐེག་པའི་གཞུང་དང་གདམས་པ་ཀུན་ལ་གསན་བསམ་མཐར་ཕྱིན་པར་མཛད། མདོ་སྔགས་སྤྱི་དང་ངེས་དོན་གསང་སེམས་སྙིང་པོའི་བདུད་རྩི་མཐའ་དག་ལྷག་མེད་དུ་བཞེས། གཡས་རུ་དབེན་ས་དང་ན་ལེན་ཏྲ་དང་གསང་ཕུ་ཉེའུ་ཐོག་སོགས་རང་གཞན་གྱི་འཆད་ཉན་གྱི་འདུས་སྡེ་དུ་མར་མཚན་ཉིད་སྡེ་ལྔའི་གྲ་སྐོར་མཛད་པས་རབ་འབྱམས་ཆེན་པོའི་མཚན་རྟགས་བཞེས་ཏེ་མཁས་པའི་རྒྱལ་རྔ་ཕྱོགས་བཅུར་བརྡུང༌། ལ་མོ་དར་རྩེ་དང་ཕྱུག་མོ་དཔལ་རི་སོགས་སྒྲུབ་གནས་དུ་མར་ཡུན་རིང་པོར་སྒྲུབ་པའི་རྒྱལ་མཚན་བཙུགས་པས་ལྷ་སྲས་ཀེང་ཙེ་ལེན་མེད་སོགས་ཡི་དམ་དུ་མས་རྗེས་སུ་བཟུང་སྟེ་ཞལ་མངོན་སུམ་དུ་གཟིགས། དགོངས་པའི་གསང་མཛོད་ནང་ནས་རྡོལ་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཉི་ཟེར་ལ་ན་བཟའ་འགེལ་བ་དང་ནམ་མཁའ་ལ་འཕུར་བ་སོགས་ཀྱི་རྫུ་འཕྲུལ་དུ་མར་བསྟན། བྱེ་བྲག་ཏུ་བོན་སྡེ་མཐའ་དག་གི་གཞུང་ལུགས་བཤད་པ་དང་འབྲེལ་བ། བཤད་པ་ཁྲིད་རིམ་དང་འབྲེལ་བ། ཁྲིད་རིམ་ཉམས་ལེན་དང་འབྲེལ་བའི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པས་བསྟན་པ་ཐམས་ཅད་ཀྱི་བདག་པོར་གྱུར། དེ་ལས་ཀྱང་ཁྱད་པར་རིག་འཛིན་མཁའ་འགྲོའི་ལུང་བཞིན་གཙང་དཔལ་ལྡན་སྨན་རིའི་རི་ཁྲོད་དུ་སྒྲུབ་སྡེའི་འདུ་གནས་བཏབ་ནས་སྐད་རིགས་མི་གཅིག་པ་བཅོ་བརྒྱད་ཀྱི་གདུལ་བྱ་བསྡུས་ནས་བཤད་སྒྲུབ་ཀྱི་བོན་གྲྭ་བཙུགས་ནས་འཆད་ཉན་དང་སྒོམ་སྒྲུབ་ཟུང་འབྲེལ་གྱི་བཀའ་སྲོལ་བཙུགས། ཁྱད་པར་དུ་ཟླ་དུས་ཀྱི་གསོ་སྦྱོང་དང་འབྲེལ་བར་སྟོང་མཆོད་ཀྱི་ཚོགས་བསགས་དང༌། སྒྲུབ་མཆོད་བཅུ་གཉིས་དང་འབྲེལ་པར་ཁྲོ་ཕུར་གྱི་གཏོར་ཆེན་སོགས་སྒྲུབ་སྡེའི་ཞལ་བཀོད་ཀྱི་རྣམ་བཞག་མཛད། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་སྤེལ་བས་སྙིགས་མའི་དུས་འདིར་བཀའ་དྲིན་འགྲན་ཟླ་དང་བྲལ་བ་སྟེ། བསྟོད་ཆེན་ལས། ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ན་བཙུགས། །བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་ཕྱར། །སྙན་པའི་དུང་ཆེན་སྒྲ་ནི་ཕྱོགས་བཅུར་སྒྲོག །ཅེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་རྗེ་དེ་ཉིད་ཀྱི་རིང་ལུགས་འདི་ནི་དབྲ་བཙུན་ཆེན་པོས། ཚད་གསུམ་ཟུང་འབྲེལ་བདེན་གཉིས་དོ་མཉམ་ན། །བདག་དོན་ལྷུན་གྲུབ་གཞན་དོན་དེ་ལས་འབྱུང༌། །ཞེས་དང༌། ལྟ་བ་མཐོ་ལ་སྤྱོད་པ་ཞིབ་བ་དེ། །མཁའ་ལ་ཉི་ཤར་ཉི་འོད་ཀུན་ཁྱབ་འདྲ། །སེམས་ཅན་ཀུན་ཀྱི་རྒྱུ་སྨིན་ནུས་པ་དང༌། །ཀུན་གྲོལ་འཕྲུལ་གྱི་ལྡེ་མིག་ཡིན་པར་གསུངས། །ཞེས་སོགས་གསུངས་པ་ལྟར་གཞན་ལས་ལྷག་པའི་ཁྱད་པར་གྱི་ཆེ་བ་མང་ཡང་གཙོ་བོ་བཞི་ཡོད་དེ། ཕྱིའི་ཀུན་སྤྱོད་སོ་ཐར་དང་མཐུན་པ། ནང་གི་བློ་སྦྱོང་བྱང་སེམས་དང་མཐུན་པ། གསང་བའི་ཉམས་ལེན་གསང་སྔགས་དང་མཐུན་པའི་སྒོ་ནས་གང་ཟག་གཅིག་ལ་སྡོམ་པ་སུམ་ལྡན་གྱི་བཅའ་བ་མཛད། ཐུན་མོང་མདོ་ལམ་ལ་སྔོན་འགྲོ། ཐུན་མིན་གསང་སྔགས་ལ་དངོས་གཞི། ཁྱད་པར་རྫོགས་ཆེན་ལ་རྗེས་ཀྱི་ཉམས་ལེན་དུ་མཛད་པའི་སྒོ་ནས་སྨིན་གྲོལ་གཅིག་ལ་མདོ་སྔགས་འགལ་མེད་ཀྱི་བཀའ་སྲོལ་སྤེལ། ལྟ་བ་རྫོགས་ཆེན་གྱི་མན་ངག་ལ་བརྟེན་ནས་དོན་རྒྱུད་ཀྱི་བྱིན་རླབས་ལེན། སྒོམ་པ་གསང་སྔགས་ཀྱི་རིམ་གཉིས་ལ་བརྟེན་ནས་ཉམས་ལེན་གྱི་གཞུང་ལམ་བསྲང༌། སྤྱོད་པ་འདུལ་བའི་བསླབ་པ་ལ་བརྟེན་ནས་རྗེས་འཇུག་གི་མིག་ལྟོས་སྤེལ་བས་ཉམས་ལེན་གཅིག་ལ་ལྟ་སྤྱོད་ཟུང་འབྲེལ་གྱི་ལག་ལེན་བསྐྱངས། བཀའ་གཞུང་ཉན་བཤད་ཀྱི་སྒོ་ནས་ཐོས་བསམ་གྱི་མཐའ་རྒྱ་བཅད། སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་སྒོམ་པའི་སྲོག་མཁར་བཙུགས་པས་འཇུག་ཚུལ་གཅིག་ལ་བཤད་སྒྲུབ་གཉིས་མཉམ་གྱི་རྗེས་བཞག་མཛད་པ་སྟེ། སློབ་དཔོན་མངའ་རིས་པ་ཆེན་པོས། འདུལ་ཁྲིམས་བསླབ་བྱའི་མངའ་བདག་དྲང་སྲོང་རྒྱལ། །ཟབ་ལམ་སྔགས་ཀྱི་བདག་ཉིད་གསང་འདུས་གཤེན། །གནས་ལུགས་རྫོགས་ཆེན་དོན་རྟོགས་ཀུན་ཏུ་བཟང༌། །བརྒྱུད་གསུམ་མངའ་བདག་མཁས་གྲུབ་སྤྱན་གཅིག་པ། །ཞེས་སོགས་གསུངས་པ་བཞིན་ནོ། །དེའང་མདོར་ན་རྗེས་འཇུག་གི་བཅའ་བ་ལ་སྡོམ་གསུམ་ཡར་ལྡན་དུ་བསླབ་པ། སྨིན་གྲོལ་གྱི་བཀའ་སྲོལ་ལ་མདོ་སྔགས་འགལ་མེད་དུ་སྤྱོད་པ། ཉམས་ལེན་གྱི་ཕྱག་ལེན་ལ་ལྟ་སྤྱོད་ཟུང་འབྲེལ་དུ་སྤྱོད་པ། འཇུག་ཚུལ་གྱི་རྗེས་བཞག་ལ་བཤད་སྒྲུབ་གཉིས་མཉམ་དུ་མཛད་པ་སྟེ། ཁྱད་པར་གྱི་ཆེ་བ་བཞི་དང་ལྡན་པའི་སྒོ་ནས་རྒྱལ་བའི་བསྟན་པ་བཙུགས་པ་དེ་ལྟ་བུ་ནི་རྒྱལ་བ་སྨན་རི་བའི་བསྟན་པ་མ་ནོར་བ་ཡིན་པས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཡིན་པའི་རྒྱུ་མཚན་དེ་ལྟར་ཡིན། དེའི་བརྒྱུད་འཛིན་ལུང་ཟིན་གྱི་མཁན་རབས་ཉེར་ལྔ་སོགས་མང་ཡང༌། དུས་དེང་སང་ཙམ་ན་སྤྱིར་བསྟན་པ་ཡོངས་རྫོགས་དང་ཁྱད་པར་རྗེ་མཉམ་མེད་ཆེན་པོའི་སྒྲུབ་བརྒྱུད་ཀྱི་རིང་ལུགས་བཀའ་སྲོལ་དྲི་མ་མེད་པ་འཛིན་པའི་ངེས་པ་དོན་གྱི་བསྟན་འཛིན་ནི་དཔལ་ལྡན་ཤར་རྫ་བ་ཆེན་པོ་ཡིན་ཏེ། དེ་ནི་ཇི་སྐད་དུ་སྲིད་པ་ཁ་བྱང་ལས། ང་ཡི་མཆོག་གི་སྤྲུལ་པ་ལས། །ཕྲོམ་གཤེན་འོད་ཟེར་ཕོག་པ་ཞིག །བརྡ་ལ་བཀྲ་ཤིས་མཚན་ཅན་འབྱུང༌། །ཞེས་སོགས་གསུངས་པ་བཞིན་སློབ་དཔོན་དྲན་པ་ནམ་མཁའ་དང་གཞན་ཡང་ལོ་ཙཱ་བ་ཤ་རི་དབུ་ཆེན་སོགས་དང་དགོངས་པ་དབྱེར་མེད་ཀྱང་གདུལ་བྱའི་དོན་དུ་དུས་སྐབས་དང་མཐུན་པའི་བཤེས་གཉེན་གདུལ་བྱ་མིའི་གཟུགས་སུ་བསྟན་པ་ཡིན་པས་ལམ་མས་སྦྱངས་ཀྱི་གང་ཟག་ཅིག་དང་མཉམ་པའི་གནས་མེད། སྐུ་གཞོན་དུས་ནས་རང་བྱུང་གི་རྟོགས་པ་མངའ་བས་གྲུབ་པའི་ས་ལ་བཞུགས་ཀྱང་ད་ལྟའི་དུས་འདིར་གྲུབ་པ་བས་བཙུན་པའི་སྒོ་ནས་བསྟན་པ་ལ་ཕན་ཆེ་བར་གཟིགས་ནས་སྐུ་བཙུན་པའི་ཆས་སུ་ཞུགས་ཏེ་མདོ་སྔགས་རྫོགས་ཆེན་དང་བཅས་པའི་ཉམས་བཞེས་བསྐྱངས། ཁྱད་པར་དུ་མཁས་མཆོག་མུ་ལ་རིན་ཆེན་གྱིས། སྤྱིར་ཡང་བོན་སྒོ་ཕྱི་ནང་ཐམས་ཅད་ཀུན། །རང་སེམས་ཉིད་ཀྱི་རྩལ་ཁ་ཡིན་ལགས་ཏེ། །གོང་མའི་བཀའ་ལུང་གཙོ་བོར་འཛིན་པ་དེ། །བཀའ་བརྒྱུད་ནུབ་པར་མི་གཏོང་དོན་ཆེད་དོ། །ཞེས་གསུངས་པ་བཞིན། བོན་སྡེ་ཕྱི་ནང་གསར་རྙིང་ཐམས་ཅད་ཀྱི་བརྒྱུད་པ་མ་ཉམས་པར་མཆིས་ཀྱང་བསྟན་པ་སྔ་དར་གྱི་མཛད་མདོ་གསུམ་སོགས་བཀའ་དང༌། བཀའ་རྟེན་སྡེ་ལྔ་དང་འཕྲུལ་སྒྲོན་རྣམ་ལྔ་སོགས་ལ་བརྟེན་ནས་བཀའ་བབ་གཙང་སྟོན་བཅོ་བརྒྱད་དང༌། རྗེ་སྨན་རི་བས་བཤད་སྒྲུབ་ཀྱིས་སྲོལ་བཏོད་པའི་གོང་མའི་རིང་ལུགས་ཀྱི་བཀའ་སྲོལ་རྩ་བར་བཟུང་ནས་སྤེལ། ཉམས་ལེན་སྒྲུབ་བརྒྱུད་ཀྱི་བསྟན་པའི་བཀའ་བབ་ཀྱི་བདག་པོར་བཞུགས་ཀྱང་དེ་ལ་འཆད་ཉན་གྱི་རྒྱབ་རྟེན་མེད་ན་བསྟན་པའི་གཞུང་ལམ་མི་ཟིན་པར་དགོངས་ནས་འགྲོ་དོན་གྱི་གཙོ་བོར་འཆད་ཉན་ཁོ་ནར་མཛད། བསྟན་འགྲོ་ལ་ཕན་པར་དགོངས་པའི་ཐུགས་བསྐྱེད་བཟང་པོས་སློབ་མའི་ཚོགས་པ་བསྐྱངས་པ་ལས། འཇིག་རྟེན་གྱི་ཆེ་ཐབས་དང་ལས་ཀའི་རྣམ་བཞག་སོགས་ལ་གཏན་ནས་མི་དགྱེས། ཆེ་རྒུ་ཐམས་ཅད་ཀྱི་མཆོད་གནས་གྱུར་ཀྱང་དབེན་པར་བྱ་བཏང་གི་བརྟུལ་ཞུགས་ཁོ་ནས་སྐུ་ཚེ་རིལ་པོ་འདའ་བར་མཛད། ་དར་གྱི་དཔེ་རྒྱུད་རྣམས་མི་ཉམས་པའི་ཆེད་དུ་བྲི་བཀོད་དང་ཁྱད་པར་གསུང་ཚོགས་རྣམས་པར་དུ་འགོད་པར་གནང་བས་བསྟན་པ་ལ་རྗེས་བཞག་གཞན་ལས་ཆེ་བ་སྟེ། མདོར་ན་སྐྱེས་རབས་ཀྱི་རྣམ་འཕྲུལ། ཉམས་ལེན་གྱི་ཕྱག་བཞེས། མདོ་སྔགས་ཀྱི་བཀའ་སྲོལ། འཆད་ཉན་གྱི་མཛད་པ། སློབ་མའི་འཚོ་སྐྱོང། བྱ་བཏང་གི་བརྟུལ་ཞུགས། བཀའ་དྲིན་གྱི་རྗེས་བཞག་གང་ལ་བསམས་ཀྱང་རྗེ་མཉམ་མེད་ཆེན་པོའི་བསྟན་པ་སྤེལ་བ་ལ་ད་ལྟའི་བསྟན་འཛིན་ཐམས་ཅད་ཀྱི་སྤྱི་གཙུན་ན་ནོར་བུའི་ཏོག་ལྟར་མངོན་པར་འཕགས་པ་ཁོ་ནའོ། །དེ་ལྟར་ན་ཆེ་བ་དེ་ལྡན་གྱི་རིང་ལུགས། རྗེ་མཉམ་མེད་ཆེན་པོའི་བཀའ་སྲོལ། དཔལ་ཤར་རྫ་བ་ཆེན་པོའི་རྗེས་བཞག་དེ་ལྟ་བུ་ནི་འདྲ་བ་གཞན་དང་མི་འདྲ། གྲུབ་མཐའ་གཞན་དང་མི་མཉམ་པས། འཇིག་རྟེན་པའི་ཁ་སྐད་ལའང༌། གསེར་མོ་རྒྱང་དང་དངུལ་མོ་རྒྱང༌། །འོད་ཡོད་མེད་རྒྱང་ནས་བལྟས་ན་ཤེས། །ཞེས་ཟེར་བ་ལྟར་ད་ལྟར་ཡང་དངོས་སུ་བཞུགས་པ་ཡིན། དེ་ལྟ་བུའི་རིང་ལུགས་འདི་ནི་རང་རེ་འཕྲུལ་ངག་བོན་གྱི་རྗེས་འཇུག་རྣམས་ཀྱིས་བསམ་པར་བྱ་བའི་གཞི་དང་འཇུག་པར་བྱ་བའི་ཡུལ་མ་ནོར་བ་ཡིན་པས། ཐོག་མར་ཕ་ཆོས་གང་ཡིན་འདྲ་བ་ནང་ནས་ངོ་ཤེས་པ་ཞིག་དགོས། བར་དུ་འཇུག་ཡུལ་ངོས་ཟིན་ནས་སྔོན་བྱོན་གོང་མའི་མཛད་སྲོལ་རྗེས་འཇུག་གདུལ་བྱའི་ཉམས་ལེན་བྱ་བ་ཡིན་པས་དེའི་རྗེས་སུ་འཇུག་ནུས་པ་ཞིག་དགོས། མཐར་རྗེས་སུ་ཞུགས་ནས་ཀྱང་དམ་པ་གོང་མའི་རིང་ལུགས་བཞིན་དུ་གཟུགས་བརྙན་ཙམ་དུ་མ་སོང་བར་ཕ་ཤུལ་བུས་ཟིན་པ་ཞིག་བྱ་དགོས། དེས་ན་དེའི་དབང་དུ་བྱས་ན། ཐོག་མར་ཚུལ་ཁྲིམས་ཀྱིས་གཞི་བཟུང་དགོས་པས་འཇིག་རྟེན་ཚེ་འདི་དོན་དུ་གཉེར་བའི་རྗེས་སུ་མི་འབྲང་བར་མཐའ་གཉིས་སུ་མ་ལྷུང་བའི་སྒོ་ནས་འདུལ་བའི་རིང་ལུགས་ཚུལ་བཞིན་དུ་བསྐྱངས། བར་དུ་ཐོས་བསམ་གྱིས་གཞུང་བསྲང་དགོས་པས་ཟང་ཟིང་གི་འདུ་ལོང་དང་ཆེ་ཐབས་ཀྱི་བྱ་བཞག་ལ་མི་རེ་བར་རིག་པའི་གནས་དང་བསྟན་པའི་བོན་མཐའ་དག་ལ་སློབ་སྦྱོང་དང་གདམས་པའི་སྒྲོ་འདོགས་ལེགས་པར་བཅད།ཐ་མར་སྒོམ་སྒྲུབ་ལ་མཐར་སྐྱེལ་དགོས་པས་ཁ་བཤད་ལ་བོན་དུ་རེ་བ་དང༌། རྔ་རོལ་ལ་སྒྲུབ་ཕྲིན་དུ་རེ་བའི་རྣམ་བཞག་ཙམ་ལ་ཡིད་རྟོན་བྱེད་པའི་ལུགས་མ་ཡིན་པར་གསང་སྔགས་ཀྱི་བསྙེན་སྒྲུབ་དང༌། སེམས་ཕྱོགས་ཀྱི་ཉམས་ལེན་སྤྱི་དང་ཁྱད་པར་བླ་མེད་ཐེག་པའི་ཉམས་ལེན་རྣམས་མཐར་ཕྱིན་པ་ཞིག་བྱེད་དགོས་པ་ཡིན་པས། དེ་ལྟར་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་ལ་བརྟེན་ནས་མཉམ་མེད་རྒྱལ་བའི་རིང་ལུགས་དང་མཇལ་བ་དོན་ཡོད་པ་ཞིག་ལ་འདུན་པ་གཏད་ནས། ད་ལྟར་རང་རེ་དལ་འབྱོར་གྱི་མི་ལུས་ལན་ཅིག་རྙེད་པ་འདི་ལ་སྙིང་པོ་ལོན་ངེས་པ་ཞིག་ལ་རྡོག་གཏད་བཅའ་དགོས་པས་དེ་ལྟར་ཡིད་ལ་ངེས་པར་མཛོད་ལགས།
ཞེས་རྒྱ་རོང་མུ་རྡོ་ལྷ་གཉན་གྱི་ཞོལ་དུ་བྲག་སྟེང་རྒྱལ་པོའི་མངའ་ཞབས་ཀྱི་བོན་དགོན་དར་རྒྱས་གླིང་དུ་སྙིང་པོའི་སྐོར་གྱི་དབང་ཁྲིད་ཀྱི་བཀའ་འབྲེལ་བགྱིད་པའི་སྐབས་སུ་བྲིས།