ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསླབ་བྱ། >> ལེགས་པར་བཤད་པའི་གཤེན་དབྱངས།
ལེགས་པར་བཤད་པའི་གཤེན་དབྱངས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྟོན་པ་གཤེན་རབ་མི་བོ་ཆེ།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

རྒྱལ་བོའི་ཁྲིམས་ལ་རྣམ་པ་གཉིས་ཡིན་ཏེ། །དོན་དམ་དངོས་པོར་བདེན་པའི་བོན་ཁྲིམས་དང་། །
ཀུན་རྫོབ་མཚན་མ་བདེན་པའི་བཀའ་ཁྲིམས་གཉིས། །འདི་ནི་ཀུན་རྫོབ་མཚན་མའི་བཀའ་ཁྲིམས་སྟོན། །
སྤྱིར་ན་སྲིད་པ་གསུམ་གྱི་སེམས་ཅན་ལ། །དབང་ཆེན་རྒྱལ་བོ་མེད་ན་སྣང་སྲིད་འཆོལ་བུར་འགྲོ། །
གཟའ་ཆེན་ཉི་ཟླ་མེད་ན་སྐར་ཚོགས་དོན་མི་ནུས། །ཟིལ་གནོན་ཁྱུང་ཆེན་མེད་ན་འུག་པའི་སྤུ་རུ་སླང་། །
ཀང་ཀ་རྒོད་པོ་མེད་ན་ཏི་ཏས་གཤོག་རྒྱང་བྱེད། །གསུང་སྙན་ཁུ་བྱུག་མེད་ན་ལྕོ་གའི་འགྱུར་སྐད་མཁས། །
དཔའ་རྩལ་སེང་གེ་མེད་ན་འཁྲོ་བའི་གདོང་བ་གཉེར། །རིས་བཀྲ་སྟག་མོ་མེད་ན་ཝ་མོའི་དཔྲལ་འཛུམ་སྟོན། །
ཁ་དྲག་བསེའུ་མེད་ན་ཚེ་དེ་ལག་པ་རྡེབ། །ངར་ཆེན་གཡུ་འབྲུག་མེད་ན་བུང་བས་ཟེར་སྐད་ཆེ། །
སྟོབས་ལྡན་གླང་ཆེན་མེད་ན་བ་གླང་གད་ལ་འདྲེ། །ཤུགས་ལྡན་རྟ་མཆོག་མེད་ལྷོ་བསེ་བང་སྣ་རིང་། །
དུག་འཇོམ་རྨ་བྱ་མེད་ན་ཙུ་ཙེས་ཁ་དོག་ལེགས། །དཔག་བསམ་ལྗོན་པ་མེད་ན་ཏ་ལ་སྐྱེ་བ་བཟང་། །
ལྷ་དབང་བརྒྱ་བྱིན་མེད་ན་ཉེ་དབང་གོང་ལ་འཕྱོ། །ཐང་བཟང་སླག་ཆེན་མེད་ན་ལྷ་མིན་དམག་ཚོགས་འཐོར། །
གཙུག་ན་རིན་ཆེན་མེད་ན་གདོལ་བ་མགོ་ལ་མཐོ། །དབུས་ཀྱི་ལྷུན་པོ་མེད་ན་རི་ཕྲན་འཐོར་བུར་འགྲོ། །
འཁོར་ལོའི་བསྒྱུར་རྒྱལ་མེད་ན་རྒྱལ་འབངས་དབྱེ་བ་མེད། །དེ་ཕྱིར་དབང་ཆེན་རྒྱལ་བོའི་བཀའ་ཁྲིམས་གཙོ། །
རྒྱལ་བོའི་བཀའ་ཁྲིམས་འཇག་ན་ཞིང་ཁམས་བདེ། །གསེར་གྱི་ཐིག་ཤིང་དྲང་ལ་དབང་ཁ་གཏད། །
གས་དང་ཡོན་པོར་སོང་ན་ཐབས་ཀྱིས་བཅོས། །དྲང་བོ་དྲང་ཞིང་འཇིག་རྟེན་ཀུན་ན་བདེ། །
ཡོ་དང་འཁྱོག་པོར་སོང་ན་ཀུན་དང་འགལ། །རྒྱལ་བོ་རྒྱལ་ས་གནོན་པ་རྒྱལ་བོའི་ཁྲིམས། །
གཡོ་བསྐྱོད་མེད་པར་གནས་པ་ཀུན་ལ་བརྗིད། །མཆིད་ཚིག་དུས་སུ་སྨྲ་བ་ཤན་འབྱེད་འབྲུག །
ཅལ་ཅོལ་མང་ན་རྨངས་ཀྱི་ཤག་ཀ་རྒྱུ། །རྒྱལ་བོའི་སྨྲ་བ་ཚིག་གཅིག་མི་འགྱུར་ཚད། །
བཟང་བོ་མི་བསྟོད་ངན་པ་སྨད་མི་བྱ། །གཞན་སྐྱོན་མི་འདོན་ཐབས་ཀྱིས་སྤང་བླང་བྱ། །
དུང་དུང་ཡོད་ཀྱང་བྱ་བ་ངང་གིས་བསྲིང་། །བློན་པོ་མང་ཡང་བློ་གྲོས་གཅིག་ལ་གཏད། །
རྒྱལ་བུ་མང་ཡང་རྒྱལ་ས་གཅེན་གྱིས་བཟུང་། །བཙུན་མོ་མང་ན་རྒྱལ་རྒྱུད་འཆོལ་བའི་རྒྱུ། །
མེ་ཏོག་མང་ཡང་ཨུད་འབར་དཀོན་པའི་ཚད། །མཐོན་པོ་གོང་དུ་མི་གཏོང་ཐད་སོར་བཞག །
དམའ་བ་རིས་སུ་མི་འབོར་རང་སོར་སྐྱོངས། །བཙུན་མོ་རང་མལ་བཟུང་བ་རང་གི་ཁྲིམས། །
འགྲོ་འདུག་བྱ་བ་མང་ན་ཁ་མདའ་འཕོག །ཤག་བཤེས་ཁྱོ་ལ་དགའ་ན་རང་ཆུས་ལད། །
རྒྱལ་བོའི་བཀའ་ལས་འདས་ན་ཁྲིམས་ལ་གཏུག །བཙུན་མོ་མགོ་ལོ་མཐོ་ན་རྒྱལ་རྒྱུད་ཆད། །
དབང་ཆེན་ལག་ཏུ་གཏད་ན་ཆུས་ཆེན་འཆོར། །བློ་ཕུག་མོ་ལ་དྲིས་ན་བྱ་བ་ལད། །
བློན་པོ་ཆགས་ཤེས་བཤེར་བ་རང་གི་ཁྲིམས། །ཤེས་ལྡན་མང་ཡང་མདུན་མ་ཉུང་དུ་གཅོད། །
བྱ་བ་རང་ཉིད་མཁས་ཀྱང་གཞན་ལ་དྲིས། །གཡོ་སྒྱུ་ཟ་འདོད་མང་ན་གཞན་གྱིས་ཁྲེལ། །
བློ་ཐག་རང་གིས་ཆོད་ཀྱང་རྗེ་ལ་དྲི། །བློ་རྒྱ་ཁེར་རྐམ་ཆེ་ན་རྗེ་དང་འགལ། །
དབང་ཡོད་གདུག་སྡང་ཆེ་ན་རྨང་དང་འབྲས། །བྱ་བ་ཆོད་ཟིན་མེད་ན་ཆབ་སྲིད་འཆོར། །
ཨམ་ཚད་ཚོད་བཟོ་བྱས་ན་རང་ལ་འཁོར། །ཅལ་ཅོལ་སྨྲ་བ་དགའ་བ་རྫུན་ལ་ཐོག །
ཐབས་ལ་མཁས་དེད་དཔོན་ཚང་གིས་ཁྲིམས། །གང་དང་མཐུན་པ་གང་ཡང་སྟབས་སུ་བདེ། །
བདག་གཞན་གཉིས་ཀ་མགུ་བ་རྒྱལ་གྱི་རབ། །རིན་ཐང་སེམས་ལ་སྲིང་ན་གང་གི་མཆོག །
ཐེག་སྟོབས་ཁལ་དང་སྦྱར་ན་རན་པའི་ཚད། །གཡོ་སྒྱུ་ཟོལ་ཟོགས་མང་ན་ཚོང་ལམ་འགག །
དྲང་བོ་དྲང་བཞིན་བྱེད་པ་ཟད་མེད་གཏེར། །ནམ་དགོས་དུས་སུ་སླེབས་པ་ཟད་མེད་རྫས། །
ཚོད་ལ་མཁས་པ་དེད་དཔོན་དམག་གི་ཁྲིམས། །བྱ་བ་བརྟག་ཅིང་གཟབ་པས་དོན་ཆེན་འགྲུབ། །
མ་བརྟག་མ་གཟབ་ཐོ་ཆོས་རང་ཉིད་ཕུང་། །མ་བསམ་མ་མནོས་བྱ་བ་ཚར་ཙ་ལད། །
མི་ཐུབ་གཡུལ་ལ་བརྒལ་བ་རང་སྲོག་ཆད། །བློ་གྲོས་ཤོམ་ལ་མཁས་ན་ཐབས་ཀྱིས་འདུལ། །
ཅི་བྱེད་ངང་ཐག་སྲིང་ན་ཤུགས་ཀྱིས་འདུལ། །གཡོ་སྒྱུ་ཟོལ་སོགས་མདུན་མ་ཚར་ཛ་ལད། །
བློ་སེམས་ཁ་གཅིག་མཐུན་ན་ལེ་མེད་བྱ། །སྡང་བའི་དགྲ་ལ་བྱམས་པའི་གཉེན་ཡང་རུང་། །
དེ་ཕྱིར་བྱ་བ་བརྟག་ཅིང་རན་ཚོད་བཟུང་། །འཕྲལ་དུ་ཕམ་རྒྱལ་གོང་བ་མ་ལོན་ཀྱང་། །
ཕུགས་སུ་རང་གི་ཆུས་ལ་ཆེ་ཁེ་རྩི། །འཁོར་འབངས་རང་སར་འདུག་པ་རང་ལུགས་ཁྲིམས། །
རང་ཕན་ཟས་ནོར་བསགས་པ་རང་ཆུས་ཡིན། །རོགས་ཕན་གཞུང་ཁྲལ་འདེབས་པ་སྲིད་འཛིན་ཡིན། །
བྱ་བ་དགེ་ལ་བྱས་ན་ངོ་སོ་ཡིན། །ལྟང་མ་དགྲ་ལ་བླང་ན་ཡ་མེད་ཡིན། །
ཇུ་གང་གཉེན་ལ་བསྐྱལ་བ་མདོ་ཡོད་ཡིན། །གྲུང་བོ་ཡིན་ཀྱང་དཔྱད་ཅིང་བརྟག་པར་སྨྲ། །
མཁས་པ་ཡིན་ཡང་ཆག་ལ་གཞལ་ཞིང་བྱ། །དཔའ་བོ་ཡིན་ཡང་གོ་གསུམ་ཚད་དང་སྦྱར། །
མཛངས་མ་ཡིན་ཡང་གང་མེད་བྱ་བ་བཤོལ། །སྡར་མ་ཡིན་ཡང་རོགས་ལ་དཔྱད་ཅིང་འཛེམ། །
ཡ་མེད་མིན་ཡང་རང་ཆུས་ཐབས་ཀྱིས་བཙལ། །ཕྱུག་པོ་ཡིན་ཡང་ཟས་ནོར་ཚོད་ཀྱིས་བཟུང་། །
མང་དུ་འཕེལ་ན་དགེ་བའི་སྟོབས་སུ་འཇུག །མཆོད་པའི་ཞིང་ས་དག་པའི་ཞིང་ལ་བསགས། །
སྦྱིན་པའི་ཞིང་ས་དམའ་བའི་ཡུལ་ལ་གཏོང་། །རྨོངས་པའི་རང་རྒྱུད་བཅིང་ན་ཡི་དྭགས་ཡིན། །
མིག་གིས་མཐོང་ཡང་དོན་ལ་ཕན་པ་མེད། །གཏོང་ཕོད་ཆུང་བའི་ཟས་ནོར་རྩྭ་འགོའི་ཟིལ། །
དགྲ་ཟུན་གང་གིས་གང་འཇོམ་གང་མ་ངེས། །ཕྱུག་པོ་ངན་གཡུང་རི་དྭགས་གཏེར་སྲུང་ཡིན། །
ཕན་པོ་ངན་མང་ཞེ་བུའི་འདུན་ཚོགས་ཡིན། །དཔའ་བོ་ཚོད་མེད་ཟིལ་བསྒྱུར་འདྲེས་དེད་ཡིན། །
ཚོང་དཔོན་ནོར་སྲེད་འོད་དགའ་མེར་མཆོང་ཡིན། །ཕོ་མོ་དབྱལ་མེད་མགྲིན་བཟང་ལེ་ལོ་ཡིན། །
གནས་བརྟན་རྒད་པོ་སྲིད་པའི་ཆགས་འཇལ་ཡིན། །དེད་དཔོན་ཤུལ་རིང་བསྐོས་པའི་དྲང་ཤིང་ཡིན། །
སྐྱིད་སྡུག་ཉམས་མྱོང་རན་པའི་ཚོད་འཛིན་ཡིན། །ཡུལ་གྱི་མི་ཆེན་དཔྱད་ཀྱི་མེ་ལོང་ཡིན། །
བློ་གྲོས་ཐབས་ལྡན་ཀུན་གྱི་སྡུམ་ཤིང་ཡིན། །རིགས་ངན་ཁོང་ཁྲོ་ཀུན་གྱི་འདོར་ཤིང་ཡིན། །
རྒྱུད་ངན་གྱོང་བོ་ཀུན་གྱི་གདུག་འདྲེ་ཡིན། །ཁ་སྤྱང་ནེ་ཙེ་མདོ་དོན་འཆོར་འདྲེ་ཡིན། །
ཁ་འཇམ་ཁུང་སྒྱུ་རྒྱལ་ཁམས་ཕུང་འདྲེ་ཡིན། །མཛའ་མཐུན་མང་ན་ཐ་མ་བྱེད་འདྲེ་ཡིན། །
བཞིན་ལེན་དྲག་ན་ཐ་མ་འཁོང་འདྲེ་ཡིན། །འཕྱར་གཡེང་མང་ན་རླུང་གི་འཁྱེར་འདྲེ་ཡིན། །
དེ་ཕྱིར་བྱ་བ་ཐམས་ཅད་བརྟག་ལ་གཟབ། །འཇིག་རྟེན་ཁམས་ན་རྒྱལ་བོ་གཉེན་ལགས་ཀྱང་། །
རྒྱལ་བོའི་གོང་དུ་ཆེ་བ་བླ་མཆོད་ཡིན། །ཚངས་རྒྱུང་ཞིང་ལས་རི་རབ་མཐོ་ལགས་ཀྱང་། །
དེ་བས་གོང་དུ་དཔག་བསམ་ལྗོན་ཤིང་ཡིན། །སྲིད་པའི་རྩེ་ལ་བྱ་ཁྱུང་གནས་ལགས་ཀྱང་། །
གསུང་དབྱངས་ཀུན་ལ་སྙན་པ་ཁུ་བྱུག་ཡིན། །སྐྱེད་མོ་ཚལ་ལ་ཤང་ཤང་བརྗིད་ལགས་ཀྱང་། །
སྐད་འགྱུར་སུམ་བྲགྱ་སྒྲོག་པ་ནེ་ཙོ་ཡིན། །བར་སྣང་མཁའ་ལ་གཡུ་འབྲུག་ངར་ཆེ་ཡང་། །
བཙུན་སྙན་བརྗིད་ལྡན་ཀ་ལ་པིང་ཀ་ཡིན། །ཁ་བ་གངས་ལ་སེང་གེ་འགྱིང་ལགས་ཀྱང་། །
མང་ལ་ཁས་དྲག་བསེའུ་རུ་གཅིག་ཡིན། །རྒྱ་མཚོའི་གླིང་ལ་ཆུ་སྲིན་གཏུམ་ལགས་ཀྱང་། །
སྟོབས་ཤུག་ཐོགས་པ་མེད་པ་ཨུན་ཆེན་ཡིན། །མེ་ཏོག་གླིང་ལ་ཨུད་འབར་དཀོན་ལགས་ཀྱང་། །
སྐྱེ་འགྲོ་གསོ་བ་མན་དྷ་ར་བ་ཡིན། །སྨན་མཆོག་རྒྱལ་བོ་བཟང་དྲུག་ཡིན་ལགས་ཀྱང་། །
ཡོངས་ལ་སྙོམས་པ་རྣམ་པར་རྒྱལ་བ་ཡིན། །མི་ཡི་རྗེ་བོ་དབང་བོ་ཆེ་ལགས་ཀྱང་། །
དེ་ཡི་ལམ་འདྲེན་སྟོན་པ་སངས་རྒྱས་ཡིན། །དེ་ཕྱིར་མི་ལས་ལྷ་རུ་གཉན་པར་བྱ། །
རྒྱལ་ཁྲིམས་གསེར་གྱི་ཐིག་ཆེན་འོག་ཏུ་གནོན། །བོན་ཁྲིམས་དར་གྱི་མདུད་སོ་གང་དུ་སྐྱོང་། །
སྐྱབས་གནས་མཆོག་ལ་རྟག་ཏུ་སྐྱབས་སུ་འགྲོ། །ནང་ནུབ་ཟ་ཕྱག་ཡན་ལག་བདུན་པ་བརྗོད། །
དེ་བཞིན་གཤེགས་ལ་མཆོད་ཡོན་ཅི་སྙེད་འབུལ། །བྱམས་པ་ཆེན་པོ་སངས་རྒྱས་བསྟན་པ་བསྒྲུབ། །
བསྙེན་པ་ཆེན་པོར་ཁྲིམས་ཀྱི་ནོན་ཤིང་རྩི། །སྤྱོད་པ་ཅི་བྱེད་བརྗིད་དང་ལྡན་པར་བྱ། །

༼བོན་སྒོ༽སྤྱི་དེབ་བཅོ་བརྒྱད་པ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག