ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསླབ་བྱ། >> སློབ་མ་ཀུན་ལ་ཐུན་མོང་དུ་གདམས་པ་གཞན་ཕན་ཉི་འོད་ཅེས་བྱ་བ་བཞུགས།
སློབ་མ་ཀུན་ལ་ཐུན་མོང་དུ་གདམས་པ་གཞན་ཕན་ཉི་འོད་ཅེས་བྱ་བ་བཞུགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དཔྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

      ན་མོ་གུ་རུ། །ཞལ་གདམས་གཞན་ཕན་ཉི་འོད་འདི་འཆད་པ་ལ་གསུམ། །ཀླད་དོན། གཞུང་དོན། མཇུག་དོན་ནོ། །དང་པོ་ལ་གཉིས། མཆོད་བརྗོད་དང་དམ་བཅའོ། །དང་པོ་ནི། ན་མོ་ཅི་པར་རཏྣ་པ་ཏ་ཡ། །ཉེས་མང་སྲིད་པའི་མཚོ་ལས་དབྱུགས་ཕྱུང་ནས། །རྣམ་གྲོལ་རིན་ཆེན་གླིང་དུ་ཁྲིད་མཛད་པའི། །ཐར་པའི་དེད་དཔོན་མཚུངས་མེད་དགེ་བའི་བཤེས། །དྲིན་ཆེན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གཉིས་པ་ལ་གཉིས། རྟེན་རང་གི་ཡིན་ཚུལ་དང༌། དེ་ལ་བརྟེན་ནས་གཞན་ལ་གདམས་ཚུལ་ལོ། །དང་པོ་ནི། བདག་ནི་སྙིགས་མའི་དུས་མཐར་འདིར་སྐྱེས་ཀྱང༌། །ཆུང་ངུའི་དུས་ནས་དགེ་བའི་བཤེས་དང་འཕྲད། །མནོ་བསམ་ཤེས་ནས་ཕྱི་མ་དྲན་པའི་བློས། །དབེན་པའི་གནས་སུ་བོན་དང་ཅི་མཐུན་བྱས། །ཀུན་ལ་དགོས་པའི་མོ་རྨི་ཅི་མཐུན་བྱས། །ངོམས་སུ་རུང་བའི་ཉམས་རྟོགས་མེད་ན་ཡང༌། །གཅིག་པུར་ལས་འབྲས་ཡིད་ཆེས་བསྒོམ་བསྒོམ་ནས། །ཚེ་ཡི་དུས་ཀྱིས་གཏུག་ཀྱང་ཡིད་འགྱོད་མེད། །གཉིས་པ་ནི། །ོན་ནས་ལས་ཀྱིས་བསྡུས་པའི་འཁོར་སློབ་རྣམས། །བདག་ལ་བརྟེན་ནས་རེ་ཆེན་བྱེད་མོད་ཀྱི། །ནགས་འདབས་དབེན་པར་ཉལ་བའི་ངང་ཚུལ་འདིས། །འཇིག་རྟེན་མགུ་བའི་མཁོས་ཀ་མི་འགྲུབ་ངེས། །འོན་ཀྱང་བཅོས་མའི་བོན་ལ་མི་རེ་བར། །སྙིང་ནས་ཐར་པ་དོན་དུ་གཉེར་བཞེད་ན། །རྒྱལ་པའི་བསྟན་པ་གང་ཡིན་ངོ་ཤེས་ནས། །ཚུལ་བཞིན་སྨྲ་ལ་ཁོ་བོ་མི་དམན་ཙམ། །དེས་ན་ལེགས་པའི་ལམ་ལ་ཡིད་ཕྱོགས་ཤིང༌། །ངེས་པར་བདག་ལ་བློ་གཏད་བྱེད་ནུས་ན། །འཕྲལ་ཕུགས་ཀུན་ཀྱི་བསླབ་བྱ་འདི་ཡིན་ཞེས། །སྙིང་གཏམ་འདི་རྣམས་བཤད་ཀྱིས་གསན་པར་ཞུ། ༈ །གཉིས་པ་གཞུང་དོན་ལ་གཉིས། བསླབ་བྱ་སོ་སོར་བསྟན་པ་དང༌། །གནད་དོན་སྙིང་པོར་དྲིལ་བའོ། །དང་པོ་རིམ་པ་དྲུག་ཡོད་པ་ལས། །དང་པོ་ལེགས་ལམ་ལ་འཇུག་པའི་བསམ་ཚུལ་བཞི་ལ་དངོས་དང༌། དེ་ལ་ཚུལ་བཞིན་བསམ་པར་གལ་ཆེ་བར་གདམས་པའོ། །དང་པོ་ལ་བཞི། ནང་དུ་རང་ལ་བསམ་ཚུལ། གོང་མའི་རྗེས་སུ་སྙེག་ཚུལ། ཕྱི་མའི་གཏན་དོན་དགོས་ཚུལ། དེ་ལ་བློ་ཐག་གཅོད་ཚུལ་ལོ། །དང་པོ་ནི། ཀྱེ་ཀྱེ་འཛམ་གླིང་མི་ལུས་ཐོབ་པ་རྣམས། །མི་གཟུགས་འདྲ་ཡང་བསམ་ཚུལ་གཏན་མི་འདྲ། །ད་ལྟར་རང་ལ་འདུན་མ་ཇི་ལྟར་ཡོད། །བློ་ཆུང་ཕྱལ་བར་སོང་ན་འོང་ལགས་སམ། །ཁོ་བོ་ངས་ནི་དེ་ལྟར་ཡུན་རིང་བསམ། །ཉེ་གྲོགས་རྣམས་ཀྱང་དེ་བཞིན་མནོ་བསམ་ཐོངས། ༈ །གཉིས་པ་ནི། །མ་རབས་རྣམས་ནི་འོག་མའི་ཤུལ་དུ་འགྲོ། །ཡ་རབས་ཕལ་ཆེར་གོང་མའི་རྗེས་སུ་བལྟ། །བཟང་ངན་ཁྱད་པར་མངོན་སུམ་མཐོང་ལགས་ན། །ཁ་མིག་གྱེན་བལྟས་བྱས་ན་མི་ལེགས་སམ། །ཁོ་བོ་ངས་ནི་དེ་ལྟར་ཡུན་རིང་བསམ། །ཉེ་གྲོགས་རྣམས་ཀྱང་དེ་བཞིན་མནོ་བསམ་ཐོངས། ༈ །གསུམ་པ་ནི། །ཚེ་འདི་བསྒྲུབ་ན་ཕྱི་མར་ལག་སྟོང་འགྲོ། །ཕྱི་མར་འབད་ན་གནས་སྐབས་ཀུན་ཏུ་སྐྱིད། །ཅི་ནས་རང་ལ་སེམས་པ་འགའ་མཆིས་ན། །ཕྱི་མའི་གཏན་ཆུས་བྱེད་པ་མི་འཐད་དམ། །ཁོ་བོ་ངས་ནི་དེ་ལྟར་ཡུན་རིང་བསམ། །ཉེ་གྲོགས་རྣམས་ཀྱང་དེ་བཞིན་མནོ་བསམ་ཐོངས། ༈ །བཞི་པ་ནི། །ཐོག་མེད་དུས་ནས་རང་གིས་རང་བསླུས་ན། །སུ་སྐྱེས་མདོ་དོན་ཆེ་ཆུང་ད་རེས་ཡིན། །ཕྱིས་ནས་གར་འགྲོ་བདག་གིས་མི་ཤེས་པས། །ད་ནི་བློ་ཐག་གཅོད་པའི་དུས་མིན་ནམ། །ཁོ་བོ་ངས་ནི་དེ་ལྟར་ཡུན་རིང་བསམ། །ཉེ་གྲོགས་རྣམས་ཀྱང་དེ་བཞིན་མནོ་བསམ་ཐོངས། །གཉིས་པ་ནི། ད་རེས་ཅི་བྱེད་རང་དབང་ཡོད་ན་ཡང༌། །སྐྱིད་སྡུག་འདམ་ངོ་རང་གིས་མ་ཟིན་ན། །ཟ་ཞིང་ཉལ་བའི་བ་གླང་ཅི་བཞིན་དུ། །མི་ཚེ་སྟོང་ལོག་ཡིན་ནོ་གོ་ལགས་སམ། །ཁོ་བོ་ངས་ནི་དེ་ལྟར་ཡུན་རིང་བསམ། །ཉེ་གྲོགས་རྣམས་ཀྱང་དེ་བཞིན་མནོ་བསམ་ཐོངས། ༈ །གཉིས་པ་གཏན་བདེ་ལ་འཇུག་པའི་གཞི་རྟེན་བཞི་ལ་གཉིས། དངོས་དང༌། དེ་ལ་བསམ་པར་གདམས་པའོ། །དང་པོ་ལ་བཞི། སེམས་རྒྱུད་བརྟན་པར་བྱ་བ། གོ་མྱོང་ཉམས་ལ་འབེབས་པ། གྲུབ་མཐའ་ལ་ཕྱོགས་རིས་སྤོང་བ།ཀུན་དང་མཐུན་པ་བྱ་བའོ། །དང་པོ་ནི། །བསམ་ཤེས་མི་ཡིས་འདུན་མ་གང་བསྒྲུབ་ཀྱང༌། ཐག་ཆོད་བློ་ལ་གཏད་སོ་ཡོད་དགོས་པས། །རང་བློ་མཐར་ཐུག་རྐྱེན་དབང་མི་གཏོང་བར། །སེམས་རྒྱུད་བརྟན་ན་ཕྱི་ཕུག་མཐོ་པ་ཡིན། །དགེ་རྒན་ང་ཡིས་རང་གཤིས་དེ་ལྟར་བསྐྱངས། །དགེ་ཕྲུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད།༈ །གཉིས་པ་ནི། །འཕྲལ་ཕུགས་བྱ་བཞག་གང་དང་ཅི་བསྒྲུབ་ཀྱང༌། གོ་ཐོས་མྱོང་བའི་ཤེས་རྒྱ་ཡོད་དགོས་པས། །རང་གིས་ཅི་དྲན་ཚད་མར་མི་བཟུང་བར། །ཉམས་ལ་ཕབ་ན་ཡར་སྐྱེད་འོང་བ་ཡིན། །དགེ་རྒན་ང་ཡིས་རང་གཤིས་དེ་ལྟར་བསྐྱངས། དགེ་ཕྲུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། ༈ །གསུམ་པ་ནི། །ལུས་རྟེན་འདི་དང་ཕྱི་མ་གང་ཡིན་ཡང༌། །བསྟན་དང་འཕྲད་ནས་ལམ་བཟང་ཚོལ་དགོས་པས། །ཆོས་ལུགས་ཀུན་ལ་ཕྱོགས་རིས་མི་བྱེད་པར། །དག་སྣང་སྤྱོང་ན་རང་ལ་ཕན་པ་ཡིན། །དགེ་རྒན་ང་ཡིས་རང་གཤིས་དེ་ལྟར་བསྐྱངས། །དགེ་ཕྲུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། ༈ །བཞི་པ་ནི། །གྲོང་དང་རི་ཁྲོད་གཞི་བྱེས་གར་ཕྱིན་ཀྱང༌། །སུ་དང་མ་འགྲས་ཀུན་དང་མཐུན་དགོས་པས། །སྒོས་མཛའ་མི་ཚོལ་མི་མཛའ་མི་སློང་བར། །རང་ཚུགས་བཟུང་ན་སྐྱིད་དུ་ཚོར་བ་ཡིན། །དགེ་རྒན་ང་ཡིས་རང་གཤིས་དེ་ལྟར་བསྐྱངས། །དགེ་ཕྲུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། ༈ །གཉིས་པ་ནི། ཕན་དང་བདེ་བའི་ལམ་ལ་འཇུག་འདོད་ཀྱང༌། །མི་གཞི་བཟང་པོའི་བྱ་བཞག་མི་ལྡན་ན། །སྐྱིད་འདོད་བྱིས་པ་མཚོན་གྱིས་རྩེ་བ་བཞིན། །ལེགས་ལམ་འགྲོ་བ་མེད་དོ་གོ་ལགས་སམ། །དགེ་རྒན་ང་ཡིས་རང་གཤིས་དེ་ལྟར་བསྐྱངས། །དགེ་ཕྲུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། ༈ །གསུམ་པ་རྒྱལ་བསྟན་ལ་འཇུག་པའི་གཞུང་ལམ་བཞི་ལ་གཉིས། དངོས་དང༌། དེ་ལ་བསམ་པར་གདམས་པའོ། །དང་པོ་ལ་བཞི། ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ། ཐོས་པའི་མཐའ་རྒྱ་གཅོད་པ། བསམ་པས་རང་རྒྱུད་སྐྱོང་བ། །སྒོམ་པས་ཉམས་སུ་ལེན་པའོ། །དང་པོ་ནི། ཡོན་ཏན་གཞི་མ་ཚུལ་ཁྲིམས་གལ་ཆེ་བས། །མིག་ལྟོས་མ་ནོར་རབ་བྱུང་སྡོམ་པ་དགོས། །སྡོམ་པ་སྣ་གཅིག་བསྲུང་བར་མི་ནུས་ན། །སྟོན་པའི་རྗེས་འཇུག་མིན་ནོ་རང་ལ་ལྟོས། །སློབ་དཔོན་ངས་ནི་འཇུག་ཚུལ་དེ་ལྟར་བྱས། །སློབ་བུ་རྣམས་ཀྱང་དེ་བཞིན་འཇུག་པར་མཛོད། ༈ །གཉིས་པ་ནི། །ལེགས་པའི་ལམ་སྟོན་ཐོས་པ་གལ་ཆེ་བས། །ེན་སྒོམ་མི་བྱ་སློབ་གཉེར་ཤེས་པ་དགོས། །སངས་རྒྱས་སྒྲུབ་ཐབས་རང་གིས་མི་ཤེས་ན། །དགེ་སྦྱོར་སྒྲུབ་ཐབས་མེད་དོ་རང་ལ་ལྟོས། །སློབ་དཔོན་ངས་ནི་འཇུག་ཚུལ་དེ་ལྟར་བྱས། །སློབ་བུ་རྣམས་ཀྱང་དེ་བཞིན་འཇུག་པར་མཛོད། ། ༈ །གསུམ་པ་ནི། ཐར་པའི་གཞུང་ལམ་བློ་སྦྱངས་གལ་ཆེ་བས། །ཐོས་པས་མི་ཆོག་སེམས་དང་འདྲེས་པ་དགོས། །རང་སེམས་གྱོང་པོ་ཅུང་ཟད་མ་དུལ་ན། །བོན་གྱིས་དགོས་པ་ཅི་ཡོད་རང་ལ་ལྟོས། །སློབ་དཔོན་ངས་ནི་འཇུག་ཚུལ་དེ་ལྟར་བྱས། །སློབ་བུ་རྣམས་ཀྱང་དེ་བཞིན་འཇུག་པར་མཛོད།༈ །བཞི་པ་ནི། ལམ་གྱི་སྙིང་པོ་སྒོམ་སྒྲུབ་གལ་ཆེ་བས། །ཡིན་ལོས་མི་འོང་ཉམས་ལེན་མཐར་ཕྱིན་དགོས། །རང་གི་སེམས་ལ་བློ་གདེང་མ་ཐོབ་ན། །འཆི་དུས་ཕན་པ་མེད་དོ་རང་ལ་ལྟོས། །སློབ་དཔོན་ངས་ནི་འཇུག་ཚུལ་དེ་ལྟར་བྱས། །སློབ་བུ་རྣམས་ཀྱང་དེ་བཞིན་འཇུག་པར་མཛོད། ༈ །གཉིས་པ་ནི། ཚེ་གཅིག་ལས་སུ་དགེ་ལ་ཕྱོགས་ན་ཡང༌། བསླབ་པ་གསུམ་གྱི་གོ་རིམ་མ་ཤེས་ན། །ས་བོན་མེད་པར་སོ་ནམ་བྱེད་པ་བཞིན། །དོན་འབྲས་འོང་དུས་མེད་དོ་གོ་ལགས་སམ། །སློབ་དཔོན་ངས་ནི་འཇུག་ཚུལ་དེ་ལྟར་བྱས། །སློབ་བུ་རྣམས་ཀྱང་དེ་བཞིན་འཇུག་པར་མཛོད། ༈ །བཞི་པ་སྒོམ་སྒྲུབ་ལ་འཇུག་པའི་ལག་ལེན་བཞི་ལ་གཉིས། དངོས་དང༌། དེ་ལ་བསམ་པར་གདམས་པའོ། །དང་པོ་ལ་བཞི། མདོ་སྔགས་འགལ་མེད་དུ་བསྒྲུབ་པ། བཤད་སྒྲུབ་གཉིས་མཉམ་དུ་སྐྱོང་བ། ལྟ་སྤྱོད་ཟུང་འབྲེལ་དུ་བསླབ་པ། །ཚོགས་གཉིས་ཐུན་མོང་དུ་སྤེལ་བའོ། །དང་པོ་ནི། །ཐེག་པ་མཐོ་རློམ་འོག་མར་མི་རེ་ཞེས། །ཅི་བདེར་སྤྱོད་པ་གསང་སྔགས་ཡིན་སྙམ་ཡང༌། །མདོ་ལ་མ་བརྟེན་མུ་སྟེགས་འགྱུར་སྲིད་པས། །མདོ་སྔགས་གཉིས་པོ་འགའ་མེད་བསྒྲུབ་པ་ལེགས། །སྟོན་པ་ངས་ནི་ལག་ལེན་དེ་ལྟར་བྱས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་ལག་ལེན་མཛོད། ༈ གཉིས་པ་ནི། །སྒོམ་སྒྲུབ་གཙོ་ཞེས་ཐོས་བསམ་ཀུན་དོར་ནས། །སྟོང་སྒོམ་བྱེད་པ་ཉམས་ལེན་ཡིན་སྙམ་ཡང༌། །རང་བཟོས་ལམ་གྱིས་སངས་རྒྱས་ཐོབ་དཀའ་བས། །བཤད་སྒྲུབ་གཉིས་པོ་གཉིས་མཉམ་སྐྱོང་པ་ལེགས། །སྟོན་པ་ངས་ནི་ལག་ལེན་དེ་ལྟར་བྱས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་ལག་ལེན་མཛོད། ༈ ། གསུམ་པ་ནི། །ལྟ་བ་ཁ་ཁྱེར་རྒྱུ་འབྲས་ཁྱད་བསད་ནས། །སྤྱོད་པ་རྩིང་པ་བརྟུལ་ཞུགས་ཡིན་སྙམ་ཡང༌། །རྣམ་རྟོག་ཡིད་རིང་རྒྱུ་འབྲས་མི་བསླུ་བས། །ལྟ་སྤྱོད་གཉིས་པོ་ཟུང་འབྲེལ་བྱེད་པ་ལེགས། །སྟོན་པ་ངས་ནི་ལག་ལེན་དེ་ལྟར་བྱས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་ལག་ལེན་མཛོད། ༈ །བཞི་པ་ནི། སེམས་དོན་ཡིན་ལོས་བསགས་སྦྱངས་ཀུན་བཞག་ནས། །གཙེར་ཉལ་བྱེད་པ་སྒོམ་ཆེན་ཡིན་སྙམ་ཡང༌། །ཚོགས་པ་མ་བསགས་ན་ཉམས་རྟོགས་མི་སྐྱེ་བས། །ཐབས་ཤེས་གཉིས་པོ་ཐུན་མོང་འཇུག་པ་ལེགས། །སྟོན་པ་ངས་ནི་ལག་ལེན་དེ་ལྟར་བྱས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་ལག་ལེན་མཛོད། ༈ །གཉིས་པ་ནི། མདོ་སྔགས་ཇི་སྙེད་ཐར་པའི་ལམ་ཡིན་ཡང༌། །བརྒྱུད་པའི་བླ་མའི་ཕྱག་ལེན་མི་ཤེས་ན། །གཡོས་སྦྱོར་མི་ཤེས་ཟས་ཀྱི་ཚོགས་བཞིན་དུ། །ཁམས་ལ་འཕྲོད་པ་མེད་དོ་གོ་ལགས་སམ། །སྟོན་པ་ངས་ནི་ལག་ལེན་དེ་ལྟར་བྱས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་ལག་ལེན་མཛོད།༈ ། ལྔ་པ་ཉམས་ལེན་ལ་འཇུག་པའི་གཙོ་བོ་བཞི་ལ། དངོས་དང༌། དེ་ལ་བསམ་པར་གདམས་པའོ། །དང་པོ་ལ་བཞི། ཚེ་འདི་བློས་བཏང་བ། འཁོར་བ་ལ་ངེས་འབྱུང་བསྐྱེད་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ། ཡང་དག་པའི་ལྟ་བ་སྐྱོང་བའོ། །དང་པོ་ནི། །ཚེ་འདིའི་འདུན་མ་མཁས་སམ་མ་མཁས་ཀྱང༌། །འཆི་བའི་ཚེ་ན་ཐམས་ཅད་འདོར་ངེས་ན། །དོན་མེད་འཇིག་རྟེན་བསྒྲུབ་པས་ཅི་ཞིག་བྱ། །ཕྱི་མ་འདོད་ན་ཚེ་འདིའི་བྱ་བ་ཐོངས། །རྣལ་འབྱོར་བདག་གིས་ཉམས་ལེན་དེ་ལྟར་བྱས། །ལ་ལྡན་རྣམས་ཀྱང་དེ་བཞིན་ཉམས་ལེན་མཛོད། །གཉིས་པ་ནི། འཁོར་བའི་གནས་འདིར་མཐོ་འམ་དམའ་ཡང་རུང༌། །སྡུག་བསྔལ་རང་བཞིན་བདེ་བའི་སྐབས་མེད་ན། །མནོག་ཆུང་ཚེ་འདི་བསྒྲུབ་པས་ཅི་ཞིག་བྱ། །ཐར་འདོད་ཡོད་ན་སྙིང་ནས་ངེས་འབྱུང་བསྐྱེད། །རྣལ་འབྱོར་བདག་གིས་ཉམས་ལེན་དེ་ལྟར་བྱས། །ལ་ལྡན་རྣམས་ཀྱང་དེ་བཞིན་ཉམས་ལེན་མཛོད། །གསུམ་པ་ནི། སྐྱེ་འགྲོ་སེམས་ཅན་དགྲ་འམ་གཉེན་ཡང་རུང༌། །ཐོག་མེད་དུས་ནས་ཕ་མ་ཡིན་ངེས་ན། །གཅེས་འཛིན་ཉན་ཐོས་ལམ་གྱིས་ཅི་ཞིག་བྱ། །སངས་རྒྱས་འདོད་ན་བྱང་ཆུབ་སེམས་མཆོག་སྐྱེད། །རྣལ་འབྱོར་བདག་གིས་ཉམས་ལེན་དེ་ལྟར་བྱས། །ལ་ལྡན་རྣམས་ཀྱང་དེ་བཞིན་ཉམས་ལེན་མཛོད། །བཞི་པ་ནི། སྲིད་པའི་གནས་སུ་རང་ངམ་གཞན་ཡང་རུང༌། །གཟུང་འཛིན་བློ་ཡིས་ད་བར་འཁྲུལ་གྱུར་ན། །རང་བློས་རང་ཉིད་བཅིངས་པས་ཅི་ཞིག་བྱ། །མྱུར་དུ་གྲོལ་འདོད་གནས་ལུགས་ཉམས་ས་ལོངས། །རྣལ་འབྱོར་བདག་གིས་ཉམས་ལེན་དེ་ལྟར་བྱས། །ལ་ལྡན་རྣམས་ཀྱང་དེ་བཞིན་ཉམས་ལེན་མཛོད། །གཉིས་པ་ནི། ཡང་དག་ལམ་ལ་འཇུག་ཚུལ་མཐའ་ཡས་ཀྱང༌། །ལམ་གྱི་གཙོ་བོ་བཞི་པོ་མ་ཚང་ན། །སྲོག་དང་བྲལ་བའི་དབང་པོ་ཇི་བཞིན་དུ། །ལམ་ལ་སྙིང་པོ་མེད་དོ་གོ་ལགས་སམ། །རྣལ་འབྱོར་བདག་གིས་ཉམས་ལེན་དེ་ལྟར་བྱས། །ལ་ལྡན་རྣམས་ཀྱང་དེ་བཞིན་ཉམས་ལེན་མཛོད། །དྲུག་པ་ལམ་ཁྱེར་ལ་འཇུག་པའི་བློ་སྦྱོང་བཞི་ལ་གཉིས། དངོས་དང༌། དེ་ལ་བསམ་པར་གདམས་པའོ། །དང་པོ་ལ་བཞི། སྤྲང་ལུགས་སྟོན་པའི་མཛད་སྲོལ། སྡུག་བསྔལ་དགེ་བའི་བསྐུལ་མ། མི་ཁ་ལྷ་ཡི་ཕ་འབབ། དམན་ས་གོང་མའི་གདན་ས་ལ་སྦྱོར་བའོ། །དང་པོ་ནི། དབེན་པར་ཆོག་ཤེས་བསྟེན་པའི་རྣལ་འབྱོར་ལ། །ལོངས་སྤྱོད་བསགས་པའི་ཕུག་ནོམ་མེད་མོད་ཀྱི། །ཚོགས་གཉིས་བང་མཛོད་རང་གིས་བཀང་ཤེས་ན། །སྤྲང་ཟས་ཟ་ཡང་སྟོན་པའི་མཛད་པ་ཡིན། །བྱ་བྲལ་ངས་ནི་བློ་གཏད་དེ་ལྟར་བྱས། །བྱ་བ་སྤོང་རྣམས་དེ་བཞིན་བློ་གཏད་མཛོད། །གཉིས་པ་ནི། དཀའ་སྤྱད་སྙིང་རུས་བྱེད་པའི་རྣལ་འབྱོར་ལ། །སོས་དལ་ཉལ་བའི་བདེ་སྐྱིད་མེད་མོད་ཀྱི། །བདེ་ནས་བདེ་བའི་ལམ་ལ་འབད་ཤེས་ན། །སྡུག་བསྔལ་བྱུང་ཡང་དགེ་བའི་བསྐུལ་མ་ཡིན། །བྱ་བྲལ་ངས་ནི་བློ་གཏད་དེ་ལྟར་བྱས། །བྱ་བ་སྤོང་རྣམས་དེ་བཞིན་བློ་གཏད་མཛོད། །གསུམ་པ་ནི། རང་གཏམ་རྩིས་སུ་ཆེ་བའི་རྣལ་འབྱོར་ལ། །ཐམས་ཅད་མགུ་བའི་གཏོང་རག་མེད་མོད་ཀྱི། །ལྷ་དང་བླ་མའི་ཐུགས་དགོངས་འཚོ་ཤེས་ན། །མི་ཁ་བྱུང་ཡང་ལྷ་ཡི་ཕ་འབབ་ཡིན། །བྱ་བྲལ་ངས་ནི་བློ་གཏད་དེ་ལྟར་བྱས། །བྱ་བ་སྤོང་རྣམས་དེ་བཞིན་བློ་གཏད་མཛོད། །བཞི་པ་ནི། །ཉམས་ཆུང་ནགས་མཐར་ཉལ་བའི་རྣལ་འབྱོར་ལ། །རྒྱལ་ཁམས་ཁྱབ་པའི་ཁ་རྗེ་མེད་མོད་ཀྱི། །ཕྱི་མ་གཏན་གྱི་རྒྱལ་ཁ་ལེན་ཤེས་ན། །དམའ་སར་ལྷུང་ཡང་གོང་མའི་གདན་ས་ཡིན། །བྱ་བྲལ་ངས་ནི་བློ་གཏད་དེ་ལྟར་བྱས། །བྱ་བ་སྤོང་རྣམས་དེ་བཞིན་བློ་གཏད་མཛོད། །གཉིས་པ་ནི། སྐྱིད་འདོད་ངང་ནས་དགེ་སྦྱོར་བྱས་ན་ཡང༌། །རྐྱེན་ངན་ལམ་དུ་སློང་བར་མི་ནུས་ན། །བག་མ་གསར་པའི་ཚུལ་འཆོས་ཇི་བཞིན་དུ། །ཕྱི་རྗེས་ཐུབ་པ་མེད་དོ་གོ་ལགས་སམ། །བྱ་བྲལ་ངས་ནི་བློ་གཏད་དེ་ལྟར་བྱས། །བྱ་བ་སྤོང་རྣམས་དེ་བཞིན་བློ་གཏད་མཛོད། །གཉིས་པ་ལ་གཉིས། ཅི་ནས་རང་ལ་བསམ་པ་དང༌། དེ་ལ་བསླབ་པར་གདམས་པའོ། །དང་པོ་ལ་བཞི། ལས་འཕྲོ་མེད་ན་རྐྱེན་གྱིས་བསྒྱུར་བ་ལ་བསམ་པ། གཞན་ལ་མི་བལྟ་བར་བོན་དང་རང་སེམས་བསྟུན་དགོས་པར་བསམ་པ། བོན་དང་གཟུགས་བརྙན་ཤན་ཕྱེད་དགོས་པར་བསམ་པ། ཕྱི་མའི་དོན་ཆེན་ལ་ཡུན་རིང་དཔྱོད་དགོས་པར་བསམ་པའོ། །དང་པོ་ནི། དེང་སང་མི་རྣམས་བསྟན་ལ་དད་ན་ཡང༌། །ལས་འཕྲོ་མ་ངེས་རིགས་སུ་ཤས་ཆེ་བས། །བླ་མ་སློབ་དཔོན་མཆེད་གྲོགས་བཟང་ངན་གྱིས། །ཚེ་གཅིག་ལས་ལའང་བཟང་ངན་སྣ་ཚོགས་འོང༌། །མི་རྒན་ང་ཡིས་ཞལ་ཏ་དེ་ལྟར་ཡིན། །གཞོན་པ་རྣམས་ཀྱང་དེ་བཞིན་ཉན་པར་ཞུ། །གཉིས་པ་ནི། སྙིགས་མའི་དབང་གིས་རྒྱལ་བསྟན་ཉམ་དམའ་ཞིང༌། དགེ་སྦྱོར་གཞུང་བཞིན་བྱེད་པ་དཀོན་པས་ན། །རང་གིས་གཞུང་གདམས་དཔང་པོར་མ་བྱས་ན། །གཞན་ལ་བལྟས་པས་ལེགས་པའི་སྐབས་མ་མཐོང༌། །མི་རྒན་ང་ཡིས་ཞལ་ཏ་དེ་ལྟར་ཡིན། །གཞོན་པ་རྣམས་ཀྱང་དེ་བཞིན་ཉན་པར་ཞུ། །གསུམ་པ་ནི། ཉམས་སུ་མི་ལེན་ང་རྒྱལ་ཐོས་བསམ་དང༌། ཚེ་འདི་མི་ཐོངས་སྐྱིད་འདོད་རི་ཁྲོད་དང༌། །སེམས་ལ་མི་ཕན་མཐོང་ཐོས་དགེ་སྦྱོར་རྣམས། །སྟོན་པའི་བསྟན་པ་ཡིན་སྙམ་བདག་ལ་མེད། །མི་རྒན་ང་ཡིས་ཞལ་ཏ་དེ་ལྟར་ཡིན། །གཞོན་པ་རྣམས་ཀྱང་དེ་བཞིན་ཉན་པར་ཞུ། །བཞི་པ་ནི། ཕྱི་མའི་དགེ་སྦྱོར་བསོད་ཆེན་སྐལ་བ་ཡིན། །སུ་ཡིས་ཅི་བྱས་དོན་དུ་འགྱུར་བ་དཀའ། །དོན་ཆེན་ལས་ལ་བློ་ཆེན་དཔྱོད་དགོས་པས། །ཉམས་མྱོང་ཡོད་པར་དགོས་སོ་འཛུབ་མོ་ཚུགས། །མི་རྒན་ང་ཡིས་ཞལ་ཏ་དེ་ལྟར་ཡིན། །གཞོན་པ་རྣམས་ཀྱང་དེ་བཞིན་ཉན་པར་ཞུ། །གཉིས་པ་ནི། །རང་ཉིད་རང་ཚུགས་ཐུབ་པར་ཁས་ལེན་ཡང༌། །ཉམས་མྱོང་ཅན་གྱི་ངག་ལ་མ་ཉན་ན། །སྦལ་བའི་ཁ་ནས་ཤིང་ཤོར་ཇི་བཞིན་དུ། །ཕྱི་མཐར་རང་ཉིད་ལྷུང་ངོ་གོ་ལགས་སམ། །མི་རྒན་ང་ཡིས་ཞལ་ཏ་དེ་ལྟར་ཡིན། །གཞོན་པ་རྣམས་ཀྱང་དེ་བཞིན་ཉན་པར་ཞུ། །གཉིས་པ་ལ་གཉིས། རང་ཉིད་མགོ་ཐོན་བྱ་བ་དང༌། རང་ཡིད་ཆེས་པར་བྱ་བའོ། །དང་པོ་ནི། ཀྱེ་ཀྱེ་མི་ཚེ་སྤྲིན་བར་ཉི་མ་འདིར། །མི་རེས་ས་རེར་མང་པོ་ཅི་ཞིག་བྱ། །གསོན་ཡང་ཤི་ཡང་རང་མགོ་ཐོན་དགོས་པས། །རང་ལ་མནོ་བསམ་ཐོངས་ཤིག་གཅེས་ཕྲུག་རྣམས། །སྙིང་ཡོད་ང་ཡི་སྙིང་གཏམ་ཚིག་གཅིག་ཡིན། །སྙིང་བུ་རྣམས་ཀྱིས་སྙིང་གི་དཀྱིལ་དུ་ཞོག །གཉིས་པ་ནི། །ད་ལྟར་རང་སྐྱིད་གཞན་གྱིས་བཀུར་ན་ཡང༌། ཅི་ནས་རང་ལ་རང་ཡིད་མ་ཆེས་ན། །མིན་ནག་ཁ་ནས་ཆོས་གཏམ་གླེང་བ་བཞིན། །དོན་ལ་སྙིང་པོ་མེད་དོ་གོ་གལ་ཆེ། །སྙིང་ཡོད་ང་ཡིན་སྙིང་གཏམ་ཚིག་གཅིག་ཡིན། །སྙིང་བུ་རྣམས་ཀྱི་སྙིང་གི་དཀྱིལ་དུ་ཞོག །གཉིས་པ་མཇུག་དོན་ལ་དངོས་དང༌། དགེ་བ་བསྔོ་ཞིང་སྨོན་ལམ་བྱ་བའོ། །དང་པོ་ནི། དེ་ལྟར་འཕྲལ་ཕུགས་ཀུན་ཏུ་བསླབ་བྱའི་གནས། །ལག་ལེན་སྙིང་པོར་དྲིལ་ཚུལ་མ་ནོར་བ། །མཁན་སློབ་གོང་མའི་ཞལ་ལུང་ཇི་ལྟར་བར། །རང་གིས་ཉམས་སུ་བསྟར་ནས་རྗེས་སུ་བསྟན། །མདོ་དང་སྔགས་ཀྱི་ལམ་རིམ་ཇི་སྙེད་དང༌། རྟེན་གྱི་གང་ཟག་མཆོག་དམན་སུ་ཡང་རུང༌། །དེ་དག་ཀུན་མཐུན་ཀུན་དང་མི་འགལ་བས། །ཚུལ་འདི་ཀུན་ཕན་ཉི་མའི་འོད་དང་མཚུངས། །འདི་དང་མི་མཐུན་རྒྱལ་བའི་བསྟན་མེད་ཅིང༌། །འདི་ལ་མ་བརྟེན་ཐར་བའི་ལམ་མེད་པས། །འདི་ལྟའི་ལག་ལེན་སྙིང་པོའི་བཅུད་བསྡུས་པ། །འདི་ལས་སྤྲོས་ཏེ་ཉམས་སུ་ལེན་པར་མཛོད། །རང་ལ་རེ་ཞིང་ཡིད་རྟོན་བྱེད་པ་ཡི། །འཁོར་རྣམས་ཀུན་ལ་ཕན་པར་བྱ་བའི་ཕྱིར། །ཐུན་མོང་དོན་དུ་བདག་གིས་འདི་བཀོད་པས། །དེ་དག་ཀུན་ཀྱིས་ཚུལ་འདི་གཟིགས་པར་ཞུ། །བདག་ལ་རེ་བ་ཆེ་བའི་གྲོགས་རྣམས་ལ། །མཐུན་འཇུག་ཐབས་ཀྱིས་ཚེ་འདིར་མི་ཕན་ཡང༌། །གདམས་པ་ཟོལ་མེད་ལག་ཏུ་འཇོག་པ་འདི། །སེམས་ལ་བླང་ན་ཕན་འདོགས་ཡིན་ནོ་སྙམ། །ཚུལ་འདི་གང་གི་དུགས་སུ་འཐད་བཞེད་པ། །དེ་འདྲ་བདག་གི་འཁོར་དང་གྲོགས་ཡིན་ལ། །བདག་ཀྱང་དེ་ཡི་ལམ་སྟོན་བླ་མ་དང༌། །གཉེན་དང་བཤེས་ཀྱང་ཡིན་པར་མཁྱེན་པར་མཛོད། །ཟབ་ཅིང་རྒྱ་ཆེ་ལམ་གྱི་རིམ་པ་ཀུན། །འགལ་མེད་ལག་ཏུ་ལེན་ཚུལ་འདི་ཡིན་ཞེས། །ཉུང་ངུའི་ཚིག་གིས་དོན་མང་སྟོན་ནུས་པ། །འདི་འདྲ་འཆད་ཤེས་དགེ་བའི་བཤེས་ཀྱི་དྲིན། །གཉིས་པ་ནི། དེ་ལས་བྱུང་བའི་དགེ་ཚོགས་ཅི་མཆིས་མཐུས། །བདག་དང་འགྲོ་བ་སེམས་ཅན་མ་ལུས་པ། །ཡང་དག་རྒྱལ་བསྟན་སྙིང་པོའི་ཉམས་ལེན་གྱིས། །གཏན་བདེའི་གོ་འཕང་མྱུར་དུ་འགྲུབ་པར་ཤོག །

གང་གིས་བདག་ལ་མོས་ཤིང་འདུན་པ་འམ།།
མཐོང་ཐོས་དྲན་རེག་འབྲེལ་བ་ཐོགས་ཚད་ཀུན།།
འདི་ནས་བདག་གི་གདུལ་བྱར་གྱུར་ནས་སུ།།
རླབས་ཆེན་འགྲོ་དོན་དཔག་མེད་འགྲུབ་པར་ཤོག།

      ཅེས་པ་འདི་ནི་དད་པ་དང་ལྡན་པའི་ཉེ་གནས་དུ་མས་ནན་ཏན་དུ་བསྐུལ་བས་མཚམས་སྦྱར་ཏེ། རང་གི་གམ་དུ་ཚུལ་ཁྲིམས་དང་ཐོས་བསམ་སྒོམ་པ་དོན་དུ་གཉེར་བའི་གང་ཟག་མཆོད་དམན་ཐམས་ཅད་ལ་འདི་ཕྱི་ཀུན་ཏུ་ཕན་པར་བྱ་བའི་ཆེད་དུ་སྙིགས་དུས་ཀྱི་བོན་སྨྲ་བའི་བཙུན་པ་བྱ་བྲལ་བ་བསྐལ་བཟང་བསྟན་རྒྱལ་གྱིས་དབྲ་ཁྱུང་སཱ་ལའི་སྨན་ལྗོངས་སུ་ཕན་སེམས་བཟང་པོས་ལེགས་པར་སྦྱར་བ་སྟེ་ཀུན་ལ་ཕན་པའི་རྒྱུར་གྱུར་ཅིག །དགེའོ།།

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག