ལྟ་སྤྱོད་ཀུན་འདྲེས་བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །བྱ་བྲལ་སྒྲིབ་མེད་ནམ་མཁའ་ལྟ་བུའི་དོན་རྟོགས་ཀྱང་། མཛད་སྤྱོད་འདི་ལྟར་བགྱིས་ན་ལེགས་པར་ཁུམས།། ཀྱེ་དོན་རྟོགས་རྣལ་འབྱོར་རྣམས་དགོངས་དང་། མན་ངག་ངེས་པའི་དོན་སྟོན་བླ་མ་སྤྱི་བོར་ཁུར། དེ་ཡིས་བསྟན་པའི་མན་ངག་སྙིང་བཞིན་རྟག་ཏུ་ཆོངས། རྣལ་འབྱོར་ལྟ་ཁམས་མ་ཆུང་སྤྱོད་པའི་ཁམས་མ་ཆེ། བདེར་གཤེགས་དགོངས་པ་རྟོགས་ཀྱང་མཛད་སྤྱོད་མི་དང་བསྟུན། དགེ་སྦྱོར་ཚོགས་ལམ་མི་བཀག་ཀུན་དང་མཐུན་པར་སྤྱོ། རྟོགས་ཀྱང་ཤུགས་ལ་འཆར་གྱིས་སྙིས་རྗེའི་གཏོང་ཕོད་བསྐྱེད། ཐེག་དགུ་རང་སར་བདེན་གྱིས་ཐེག་པའི་ཁ་མ་འཛིན། དོན་དམ་ལྟ་ཕུགས་གཅིག་གིས་བོན་ལ་ཕྱོགས་རིས་བསྐྱུང་། རང་རྒྱུད་ཐོས་པས་གྲོལ་གྱིས་བོན་ལ་ངོམས་མ་སྐྱེན། མི་བདེན་དོན་དང་འགལ་ན་བདེར་གཤེགས་བཀའ་ཡང་ཞོག བདེན་ཞིང་དོན་དང་འཐད་ན་ལེགས་སྤྱོད་བྱིས་སྦའི་ལས་སྤྱོད་ལོངས། ཡིད་ཆེས་བརྟན་ཆེན་རང་ལ་ཡོད་ཀྱང་ཀུན་ལ་དྲིས། རང་ཉམས་ཟབ་མོ་མི་ལ་མི་སྨྲ་མི་འཆོར་ཀུན་ལ་གསང་། བདག་གིས་གཞན་སྐྱོན་མི་བརྟགས་རང་གི་སྐྱོན་རྣམས་ཐོན། སེམས་ཅན་མོས་པ་ཐ་དད་ལ་ཡང་བསྐུར་མི་འདེབས། མཁས་པ་ཕུལ་དུ་གྱུར་ཀྱང་ང་རྒྱལ་གྱོང་ཁེངས་སྐྱུངས། བདག་མཐོ་ཆེ་བར་འདོད་ན་གཞན་སྨད་ཟུར་ཟ་སྤང་། དོན་མེད་ཉོན་མོངས་སྐྱེ་ཡིས་ཐེ་ཚོམ་རྩོད་པ་ཞོག བོན་རྣམས་སྤྱོད་པར་བཞེད་ན་བདག་རང་བོན་བཞིན་སྤྱོད། བཤད་པས་གང་ཟག་མི་ཐུལ་རང་ལ་ནང་དུ་ཤོད། ངེས་ཤེས་ནང་ནས་སྐྱེ་ཡི་རྣལ་འབྱོར་བསྒོམ་སྲན་བསྐྱེད། ཉེས་ལེགས་ཚེ་འདིར་འབྱུང་གིན་སྡིག་ལ་ཤིན་ཏུ་འཛེམ། རྩེ་གཅིག་བསྒོམ་པར་བཞེད་ན་གཅིག་པུར་དབེན་སར་སྡོད། རྟོགས་ནས་གང་ཡང་དབེན་ས་ཡིན་གྱི་ཤེས་པ་གར་བདེར་ཞོག བོན་དང་རྒྱབ་འགལ་ཡིན་གྱི་མི་ཆོས་བྱ་བ་ཐོངས། ཆགས་པ་ངང་གིས་ཆུང་གིན་དགེ་བྱེད་རང་ཡུལ་སྤོངས། ཆགས་སྡང་རང་གྲོལ་ཤེས་ནས་གང་ན་བསྡད་ཀྱང་དབེན། བོན་དང་འགལ་རྐྱེན་ཡིན་གྱིས་འདུ་འཛི་གཡེང་བ་སྤོངས། གང་ཡང་བོན་དུ་ཤེས་ན་ཅི་ཡང་སྤང་རྒྱུ་མེད། ལྟ་བ་ཁ་རུ་འདོན་ན་དོན་ལ་འཆལ་བའི་རྒྱུ། སྤྱོད་པ་མ་བཅོས་རྣལ་མར་ཞོག་དང་བསྐུར་པ་ཞི། ཆེ་བརྗོད་ང་རྒྱལ་བྱས་ན་རྣལ་འབྱོར་རང་རེ་ཆུང་། མཁས་འདོད་རྩོད་པ་བྱས་ན་དོན་མེད་ཉོན་མོངས་སྐྱེ། ཟོལ་ཟོག་མི་ལ་བྱས་ན་རྔན་དོན་རང་ལ་སྡིག གཡོ་སྒྱུ་སེམས་ལ་བཅངས་ན་ལྷ་དང་མཁའ་འགྲོས་ཁྲེལ། མ་རྟོགས་རྟོགས་ཚུལ་སྟོན་པ་རྣལ་འབྱོར་རང་གི་སེམས་ཀྱིས་ཁྲེལ། མི་ཤེས་ཤེས་མདོག་བྱས་ན་མཁས་པའི་ཚོགས་ཀྱིས་ཁྲེལ། ནོར་ཟས་འདོད་གདུང་ཆེ་ན་རྣལ་འབྱོར་རང་རེ་བཀྲེས། སྙན་གྲགས་བསོད་ནམས་བཞེད་ན་རྣལ་འབྱོར་བདུད་ཀྱིས་བསླུས། ཆེ་ཐབས་འདོད་གདུང་ཆེ་ན་རྣལ་འབྱོར་རང་རེ་ཕུང་། གཟུང་འཛིན་ཞེན་ཆགས་ཆེས་ན་རྟག་ཏུ་འཁོར་ཏེ་མཆིས། བོན་གྱི་རྩ་བ་ལགས་ཀྱི་རང་སེམས་གཏན་ལ་ཕོབ། རྣམ་རྟོག་རྩ་བ་ལགས་ཀྱི་ང་བདག་ཆམ་ལ་ཕོབ། མྱང་འདས་རྩ་བ་ལགས་ཀྱི་སྐུ་གསུམ་གཏན་ལ་ཕོབ། འཁོར་འདས་རྩ་བ་ལགས་ཀྱིས་གཟུང་འཛིན་ཞེན་ཆགས་བསྐྱུང་། བོན་ཉིད་མེད་ཀྱི་མ་ཚོལ་རྣམ་རྟོག་རང་ལ་ལྟོས། རྣམ་རྟོག་མཐོང་རྒྱུ་མེད་ན་བོན་ཉིད་དེ་ཡིས་མཐོང་། བདེ་བ་དང་དུ་མ་ལེན་སྡུག་བསྔལ་སྤང་རྒྱུད་མེད། སྡུག་བསྔལ་སྤང་རྒྱུ་མེད་ན་བདེ་བ་དེ་ཀ་ཡིན། ཚིག་གི་རྩ་བ་མ་གཅོད་དོན་གྱི་རྩ་བ་ཆོད། ཚིག་གི་རྩ་བ་བཅད་ན་ནམ་མཁའི་མཐའ་དང་མཉམ། དོན་གྱི་རྩ་བ་ཆོད་ན་ཚིག་མཐའ་དེ་ཀས་ཆོད། བོན་གྱི་རྩ་བ་མ་གཅོད་སེམས་ཀྱི་རྩ་བ་ཆོད། སེམས་ཀྱི་རྩ་བ་ཆོད་ན་བོན་གྱི་བདག་པོ་ཡིན། སངས་རྒྱས་མེད་ཀྱི་མ་ཚོལ་སེམས་ཀྱི་མཚན་ཉིད་ལྟོས། སེམས་ཀྱི་མཚན་ཉིད་ཤེས་ན་སངས་རྒྱས་དེ་ཡིས་རྙེད། སངས་རྒྱས་རྩ་བ་ལགས་ཏེ་གདམ་ངག་ཐུགས་རྗེ་ལྡན་པའི་མཁས་པ་དེ་ལ་ཞུས། ཡིན་ནམ་མ་ཡིན་རྟོགས་དཔྱོད་རང་ལ་ཐོངས། ཐེ་ཚོམ་ཟ་ན་རྒྱུད་ལུང་མཐའ་དག་ལྟོས། དེ་གསུམ་འགྲིག་ན་ཐེ་ཚོམ་མེད་པ་མྱུར་དུ་འགྲུབ། ཚེ་ལ་ཡིད་བརྟན་མི་ཐུབ་རྣལ་འབྱོར་བརྩོན་འགྲུས་བསྐྱེད། རྟོགས་ན་སྐད་ཅིག་སྡོད་དབང་མེད་ཀྱིས་ཉམས་ལེན་མྱུར་དུ་མཛོད། སེམས་ལ་བྱ་རྩལ་མེད་ཀྱིས་རྟོགས་པའི་ངང་ལ་ཞོག གཞན་ཡང་དོན་རྟོགས་རྣལ་འབྱོར་རྣམས། རིངས་པར་མཛོད་ལ་དལ་བར་སྡོད། མང་དུ་ཉོན་ལ་ཉུང་དུ་བསྡུས། ཁྱད་པར་ཕྱེ་ལ་འདྲེས་པར་བསྲེས། རྩིང་པར་གོ་ཡང་ཞིབ་ཏུ་སྤྱོད། ཡངས་པར་གོ་ཡང་ཞིབ་པར་བསྲུང་། ཆེན་པོར་རྟོགས་ཀྱང་ཆུང་ལ་འཛེམ། འཇིག་རྟེན་པ་ཡི་སྒྲོས་བསྐུར་དང་། ཡ་ཀ་ཁ་ན་མ་ཐོ་བ། འཕྲ་མོ་རྣམས་ལ་དགེ་བྱེད་འཛེམ། གཉིད་དང་ཆང་དང་འདོད་ཆགས་གསུམ། འདི་གསུམ་དགེ་བྱེད་དུག་ཡིན་གྱིས། འདི་ལ་ཨ་ཅང་མ་དགའ་མཛོད། ཡུལ་ངན་གྲོགས་ངན་སློབ་ངན་གསུམ། འདི་གསུམ་བོན་གྱི་འགལ་རྐྱེན་ཡིན། སྤོང་དུ་འདོད་ན་ཐབས་ཀྱིས་སྤོངས། གྲགས་པ་སྙན་པ་བསོད་ནམས་གསུམ། འདི་གསུམ་བོན་གྱི་འགལ་རྐྱེན་ཡིན། འདི་ལ་ཨ་ཅང་དད་མ་ཆེ། གཉེན་དང་རང་ཡུལ་ཟས་ནོར་གསུམ། འདི་གསུམ་དགེ་བྱེད་བདུན་ཡིན་གྱི། འདི་ལ་ཨ་ཅང་དད་མ་ཆེ། བོན་དང་མཐུན་པར་མཛད་པ་ན། ཉོན་མོངས་ཕྱི་ཡི་དགྲ་རྐུན་ཆོམ། གཡོ་སྒྱུ་ནང་གི་ཁོང་སྐྲན་ཐོན། སྡུག་བསྔལ་རྐྱེན་ལ་ངང་མ་ཐུང་། འཁོར་བའི་དོན་ལ་ངང་མ་རིང་། མི་ཆོས་ནང་དུ་རང་ཕམ་ལོང་། བོན་གྱི་ནང་དུ་སྲོག་མ་ཞུགས། མཆེད་ལྕམ་ནང་དུ་སྐྱོན་མ་འདོན། ཉོན་མོངས་གཏམ་ལ་ཟུར་མ་རྣོ། བདེར་གཤེགས་བཀའ་ལ་འཛི་མ་ཆུང་། འཁྲུལ་པའི་བོན་ལ་བློ་མ་གསོ། རང་དོན་བོན་ལ་གལ་མ་ཆུང་། འཇིག་རྟེན་བོན་ལ་གལ་མ་ཆེ། འཁྲུལ་སྣང་ཡུལ་དུ་ཡུན་མ་རིང་། རྟོགས་པའི་ངང་ལ་ཡུན་མ་ཐུང་། ཉམས་ཀྱི་རྟེང་༼རྡེང་༽དང་མ་ལྡན་ནས། དུག་ལྔ་རང་གྲོལ་ཡོང་མི་མཆི། སྐྱེ་འཆི་གཉིས་ལ་ཡུན་རིང་ན། ངན་སོང་གསུམ་དང་མཇལ་ཏེ་མཆི། དགེ་སྒོར་ཞུགས་པ་མང་ལགས་ཏེ། དད་པ་གཏིང་ནས་མ་སྐྱེས་ཤིང་། སྐྱེ་འཆི་གཉིས་ལ་མི་འཇིགས་པ། འཁོར་བའི་བོན་ལ་མི་འབྱོལ་བར། འཆི་བ་ཡང་ཡང་མི་དྲན་ན། དགེ་བྱེད་ཟེར་ཡང་རྫུན་པོ་ཡིན། སློབ་གཉེར་རེམ་ཡང་བསོད་ནམས་འདོད། སྒྲུབ་པ་རེམ་ཡང་རྐྱེན་གྱིས་བདས། དགེ་རྩ་རེམ་ཡང་ཁེ་གྲགས་ཡིན། བོན་བཤད་མཁས་ཀྱང་ཁ་གཏམ་ཡིན། དགེ་སྦྱོར་རེམ་ཡང་ཚུལ་ཆོས་ཡིན། དེས་ན་བོན་ལ་དད་པ་གཅེས། བདུད་ཀྱི་བསླུས་པའི་གང་ཟག་ཅིག སྙན་གྲགས་བསོད་ནམས་འདོད་པའི་ཕྱིར། ལུས་ངག་དགེ་སྦྱོར་འབད་ནས་བྱེད། ཁོང་པ་གཡོ་སྒྱུ་སྐྱོན་གྱིས་གང་། ཉོན་མོངས་དུག་ལྔ་རང་ཁར་སྤྱོད། དེའི་བོན་དེ་དེ་ན་མེད། གང་ཞིག་སྐྱེས་བུ་སྐལ་ལྡན་ཅིག ཀུན་ལས་འཕགས་པའི་རྟོགས་པ་ལས། ཀུན་དང་མཐུན་པའི་སྤྱོད་པ་སྤྱོད། ཕྱི་ནང་ཕྱོགས་རིས་ཞེན་ཆགས་བསྐྱུང་། ཕྱི་ནང་དོན་དང་འདུ་འབྲལ་མེད། སྡུག་བསྔལ་ཉོན་མོངས་རྣམ་རྟོག་འཇོམས། སེམས་ཅན་ལུས་ལ་བདེར་གཤེགས་ཐུགས། དེ་འདྲའི་སྐྱེས་བུ་ཤིན་ཏུ་དཀོན། ལྟ་བ་ཟབ་མོ་ཐུགས་ལ་ཆོངས། སྤྱོད་པ་ཀུན་དང་མཐུན་ཤེས་ན། གང་ཟག་སྐྱེས་བུའི་མཆོག་ཡིན་པས། དེ་ཕྱིར་ལྟ་སྤྱོད་འགྲིག་པར་སྤྱོད། བདག་འདྲ་ལི་ཤུ་སྟག་རིངས་ཀྱིས། མཆེད་ལྕམ་སྤྱོད་པ་རྩིང་པ་ལ། ཁ་ཆེས་ཡིག་ཆུང་མདོ་ཙམ་བྲིས། མཁས་པ་རྣམས་ལ་བཟོད་པར་གསོལ། རྨོངས་པ་རྣམས་ལ་སྨན་པར་ཤོག རྫོགས་སོ།། །།