ལུགས་གཉིས་ཀྱི་སྤྱོད་པ་ལ་འཇུག་ཐབས་བླང་དོར་དཔྱད་ཀྱི་མེ་ལོང་ཞེས་བྱ་བ་བཞུགས། །
མཁྱེན་བརྩེ་ཕུལ་ཕྱིན་རྒྱུད་གསུམ་བླ་མ་རྗེ། །སྤང་རྟོགས་ཕུལ་ཕྱིན་དུས་གསུམ་སངས་རྒྱས་དང་། །
དོན་གཉིས་ཕུལ་ཕྱིན་ཐེག་གསུམ་གཡུང་དྲུང་བོན། །ལུང་རིག་ཕུལ་ཕྱིན་བསླབ་གསུམ་སེམས་དཔར་འདུད། །
དཔྱད་གསུམ་ནོར་བུའི་གན་མཛོད་ལས་ཐོན་པའི། །ཡ་རབས་ཤེས་ལྡན་གོང་མའི་བཟང་སྤྱོད་ལ། །
འཇུག་ཐབས་བླང་དོར་དཔྱད་ཀྱི་མེ་ལོང་འདི། །བློ་གྲོས་ལང་ཚོ་གསར་པའི་དཔལ་དུ་སྦྱིན། །
མི་ལུས་དལ་འབྱོར་དང་ལྡན་དབང་གཙང་རྣམས། །
སྤྱོད་འཇུག་ཚུལ་ལ་རིང་ལུགས་གཉིས། །ཀུན་རྫོབ་འཇིག་རྟེན་མི་ཐབས་ཀྱང་། །འགྲོ་བ་སྤྱི་ཡི་ལས་སྤྱོད་དང་། །
བྱེ་བྲག་སོ་སོའི་སྤྱོད་འཇུག་གོ། །འགྲོ་སྤྱིའ་སྤྱོད་ལམ་ཇི་ལྟར་ན། །སྐྱེ་བ་མཐོ་དམན་ཇི་ལྟར་རུང་། །
བོན་བཞིན་སྤྱོད་པའི་ཡབ་མེས་དང་། །ཡ་རབས་མཁས་པའི་རྗེས་འབྲང་ཞིང་། །བླང་དོར་གནད་ལ་མཁས་པར་སློབ། །
ལེགས་ཉེས་བྱ་བ་གང་བརྩམ་ཡང་། །ཡུལ་གྱི་མི་ཆེན་ཤེས་ལྡན་དང་། །རྒན་རབས་ཉམས་མྱོང་ཅན་ལ་དྲིས། །
རང་རང་ཡུལ་གྱི་ལུགས་དང་བསྟུན། །དཀོན་མཆོག་མཉེས་དང་མ་མཉེས་ལས། །འདོད་དོན་འགྲུབ་དང་མི་འགྲུབ་འབྱུང་། །
དེ་ཕྱིར་བྱ་བ་ཀུན་གྱི་སྔོན། །དཀོན་མཆོག་མཆོད་པ་ཤིན་ཏུ་གཅེས། །རྒྱུ་འབྲས་བརྩིས་དང་མ་བརྩིས་ལས། །
འདི་དང་ཕྱི་མའི་བདེ་སྡུག་འབྱུང་། །དཔེ་ན་དཀར་ནག་རྒྱུ་འབྲས་ལ། །མ་འདྲེས་ཕྲ་ལ་ཞིབ་པར་སྲུངས། །
རང་རྒྱུད་དྲང་དང་འཁྱོག་པོ་ལས། །ཀུན་ལ་མཐུན་དང་བཀལ་བ་འབྱུང་། །དེ་ཕྱིར་རང་གཞུང་དྲང་པོ་རུ། །
བསྲང་ན་འཇིག་རྟེན་ཀུན་ཏུ་བདེ། །མནའ་ཁྲེལ་ངོ་ཚ་བག་ཡོད་བཞི། །ཤེས་ནང་མ་ཤེས་ཁྱད་པར་ལས། །
བཟང་དང་ངན་གྱི་ཐ་རྙད་ཆགས། །དེ་ཕྱིར་ཚུལ་དང་ལྡན་པར་བྱ། །རྐུ་རྫུན་གཡོ་ཁྲམ་བག་མེད་རྣམས། །
སྤང་དང་མ་སྤང་ཁྱད་པར་ལས། །སྐྱེས་བུ་ཚད་དང་ལྡན་མ་ལྡན། །བརྟག་གཞི་ཡིན་པས་བླང་དོར་གཅེས། །
རང་གི་ཇི་ལྟར་འདོད་པ་བཞིན། །གཞན་གྱི་དེ་ལྟར་འདོད་པས་ན། །རང་གི་འདོད་དཔེ་གཞན་ལ་ཁོབས། །
གཞན་སེམས་མགུ་བའི་ཀུན་སྤྱོད་ལྡན། །གཞན་སེམས་དཀྲུགས་པའི་ཚིག་ངན་དང་། །ཁྱད་གསོད་བརྙས་ཐབས་ཟུར་ཟ་སྤོངས། །
ཀུན་ལ་དམའ་དམའ་ཞུམ་ཞུམ་གྱིས། །གཞན་སེམས་དགའ་ན་རང་ཡང་དགེ། །ངོས་དགའ་གསར་གྲོགས་མ་ཆེ་ལ། །
འདྲིས་ན་ཕྱིས་ཐག་མི་ཉུང་བར། །འགྱུར་ལྡོག་མེད་པར་དུས་ཀུན་ཏུ། །ཞི་དུལ་སྤྱོད་པའི་ངང་ཐག་བསྲིང་། །
བཟང་པོ་ངོ་མཚར་ཆེ་བ་དང་། །ངན་པ་དུག་ཐལ་ཆེ་བ་རྣམས། །ཕྲལ་དུ་བསྟོང་དང་སྨད་མ་སྔ། །
ཐ་མ་ཅི་འགྱུར་སུ་ཡི་ཤེས། །མཐོག་མ་ཐག་ཏུ་ངོ་ཤེས་དང་། །འདྲིས་མ་ཐག་ཏུ་བློ་གཏད་དང་། །
འགྲས་མ་ཐག་ཏུ་དཔྱད་འདོགས་གསུམ། །དེ་མ་ཐག་ཏུ་རྟུལ་བའི་རྒྱུ། །མི་ཤེས་པ་ལ་གཉེར་ཁ་དང་། །
མི་ཉན་པ་ལ་ཁ་ད་དང་། །མི་འདོད་པ་ལ་མཐུན་བསྲེབས་གསུམ། །རང་སྡུག་གཞན་ཡང་ཁྲོ་བའི་རྒྱུ། །
མི་འགྲུབ་པ་ཡི་བསམ་བརྒྱ་དང་། །མི་འབྱོང་བ་ཡི་ཁས་ལེན་དང་། །མི་ཐུབ་པ་ལ་དོ་སྡོ་གསུམ། །
རང་སྡུག་རིན་གྱིས་ཉོས་པ་ཡིན། །ང་རྒྱལ་ཅན་གྱི་མཚང་འདྲུ་དང་། །སྐམ་ཆགས་ཅན་ལ་ནོར་བཅོལ་དང་། །
སྣ་ཐུང་མི་ལ་ཀུ་རེ་གསུམ། །དོན་མེད་རྩོད་གཞི་སློང་བའི་རྒྱུ། །ངོ་ཚ་བྲལ་བའི་འཁོང་ཚིག་དང་། །
ཕྱོགས་ལྷུང་ཅན་གྱི་སྐྱར་ཟློས་དང་། །གཡོ་སྒྱུ་ཅན་གྱི་ཕྲ་མ་སོགས། །གཞན་ཟེར་འབྲེང་ན་རང་རྨ་འབབ། །
དྲིན་ཆེན་དམ་པའི་ཞལ་གདམས་དང་། །མཁས་པའི་ཕྱེས་པའི་ལེགས་བཤད་དང་། །ཉམས་ཆེན་ཤ་ཚའི་ཁ་ད་གསུམ། །
གོ་ཉན་ཤེས་ན་ཇེ་མཐོར་འགྲོ། །རང་འཆི་མི་ཚོར་གཞན་སྲོག་གཅོད། །ཕ་ནོར་མི་བཙའ་གཞན་ནོར་རྐུ། །
ཁེ་འདོད་རྫུན་གྱི་སྡེབས་སྦྱོར་གསུམ། །སྐྱིད་འདོད་སྡུག་གི་སྟ་གོན་ཡིན། །ང་རྒྱལ་ཅན་གྱི་རང་བསྟོད་དང་། །
ཕྲག་དོག་ཅན་གྱི་གཞན་སྨད་དང་། །ཆགས་སྡང་ཅན་གྱི་ཟུར་ཟ་གསུམ། །བཟང་འདོད་ངན་གྱི་ཁ་འཛིན་ཡིན། །
ཁ་མང་དགྲ་ཡི་གཡབ་མོ་དང་། །བྱ་མང་བྱུར་གྱི་སྣ་འདྲེན་དང་། །བློ་མང་མདོ་དོན་འཆོར་འདྲེ་དང་། །
གྲོགས་མང་མདུན་མའི་འཐོར་ཤིང་ཡིན། །ཁ་ཡངས་མི་དང་བུད་མེད་དང་། །གཅམ་བུ་མཁན་དང་ངོ་གཉིས་པར། །
གབ་གསང་ཚིག་དང་སྙིང་ཉེའི་གཏམ། །གྲོས་ཕུག་བཅོལ་ན་ཕུང་བའི་རྒྱུ། །རིགས་ངན་མི་དང་འཕྱར་གཡེང་ཅན། །
སྐྲིན་བུ་རང་མཐོང་ཁོང་སྐྲན་ཅན། །ཁ་འཇམ་གྱ་གྱུ་ཅན་རྣམས་ལ། །བློ་གཏད་བཅོལ་ན་ཕུང་ལ་སྦྱོར། །
ཕུང་སྣ་ཕལ་ཆེར་གྲོགས་ཀྱིས་འདྲེན། །རྩོད་པ་ཕལ་ཆེར་གཉེན་ལས་འཕྲོས། །མི་བདེ་ཕལ་ཆེར་རང་གིས་སློང་། །
དེ་བས་དཔྱད་ཀྱི་བྱ་ར་ཚུགས། །ཞིབ་མོའི་བློ་ཡིས་མ་བརྟག་པར། །བྱ་བ་གང་ཡང་རྩོམ་མི་བྱ། །
འཇུག་ཕྱིན་ལས་དེ་མ་གྲུབ་པར། །ཐང་ལྷོད་ལམ་ནས་ལྡོག་མི་རུང་། །བྱ་བ་རང་གི་ཤེས་ན་ཡང་། །
རོགས་ལ་དྲིས་ཏེ་ལེ་མེད་བྱ། །མདོ་དོན་གྲོས་ཀྱིས་བཅད་ན་ཡང་། །གྲོས་མཐིལ་གཏོགས་འདོད་ཅན་ལ་གསང་། །
དབང་ཆེན་རང་ལ་ཡོད་ན་ཡང་། །ཤེས་ལྡན་གཞན་གྱི་བློ་དང་བསྟུན། །བརྟག་གཞིག་མང་དུ་བགྱིས་ན་ཡང་། །
དོན་གྱི་མདོ་རྩ་ཉུང་དུ་གཅོད། །བྱ་བ་ཇི་ལྟར་བརྩམ་ན་ཡང་། །འགྲུབ་པར་ངེས་པའི་གདེང་མེད་ན། །
པ་སྤོབས་སྔོན་དུ་མ་ཆེ་དགོས། །གྲུབ་ན་དངོས་པོ་ནམ་ཡང་གསལ། །དོན་མེད་བྱ་བ་རང་ངལ་ཡིན། །
དོན་ཆུང་ཡིན་ཀྱང་ཐབས་ལམ་གཟབས། །དོན་ཆེན་བསྒྲུབ་ན་བློ་སྤོབས་བསྐྱེད། །ཆུས་ཆེན་རྩོད་ན་ཆགས་ཆེན་འཇལ། །
རང་གི་ཡི་གར་མི་འབབ་པའི། །འདྲ་མིན་རྣམ་འགྱུར་གང་ལ་ཡང་། །ཕྲལ་དུ་བཞིན་མདངས་མི་ལྡོག་པར། །
ཟོ་བཟང་ངང་ནས་ཐབས་ཀྱིས་ལེན། །ནུས་རྩལ་ལྡན་པའི་དགྲ་བོ་དེ། །གདོང་ཐུག་དྲག་པོས་མི་ཐུལ་བས། །
ཕྱི་རུ་སྙན་པའི་འཇམ་སྐད་དང་། །ནང་དུ་ཐབས་ཀྱི་འཕྲུལ་འཁོར་བཤམས། །ཡ་རབས་དགྲ་བོ་བཏུལ་བ་བས། །
འཐད་པར་བསྟུན་ན་གཉེན་དུ་འགྱུར། །མ་རབས་དགྲ་བོ་རེངས་མ་འཇུག །དམྱལ་ཐག་བཅད་ན་རང་སར་ཞི། །
རྒྱལ་ཁ་ལོངས་ན་རྒྱལ་ཚོད་ཟུངས། །ཕྲལ་དུ་རྒྱལ་ཁ་མ་ལོངས་ཀྱང་། །ཕུག་ཏུ་རང་གི་གཏན་ཆུས་ལ། །
ཕན་པའི་ཁེབས་སུ་གང་ཆེ་བརྩི། །ཕོ་རྒོད་ཞན་ན་ཀུན་གྱིས་བརྙས། །དྲག་ཕལ་ཆེ་ན་ནམ་ཕུག་འགྱོད། །
དེ་བས་ཡུལ་དུས་གནས་སྐབས་དང་། །དགྲ་གཉེན་རབ་མ་བརྟག་ལ་འཇུག །ཕན་པའི་གཉེན་ལ་བསྟོད་མི་དྲགས། །
བྱམས་གདུང་ཡིད་ལ་བསྒོམ་པས་ཆོག །གནོད་པའི་དགྲ་ལ་སྨད་མི་ཐལ། །ངག་འཛོངས་ཟོལ་གྱི་བསླུ་ན་ལེགས། །
རང་གི་བུ་གཉེན་བྲན་འཁོར་ལ། །ཧ་ཀྱང་བྱམས་ན་གཉའ་བ་རེངས། །བརྡེག་བཙོག་མང་ན་སུ་ཞིག་འཁོར། །
རན་པར་རྒོལ་ལ་བག་རེ་སྟེར། །བྱས་པའི་ལས་ལ་ཡུས་ཆེ་དང་། །ཕན་པའི་དྲིན་གྲངས་བརྩི་མང་དང་། །
རང་འདོད་གྱོང་ཁེངས་ཆེ་དྲགས་ན། །བུ་གཉེརན་ཡིན་ཀྱང་ཡི་ག་ལྡོག །ཡི་གར་འབབ་པའི་འདོད་ཡོན་ལ། །
ཧ་ཀྱང་རྔམ་སེམས་ཆེ་དྲགས་ན། །གཉེན་འབྲེལ་ཡིན་ཀྱང་ཞེ་ཁྲེལ་སྐྱེ། །ངོ་ཚ་གཏམ་ངན་རྒྱུན་མི་ཆད། །
དགྲ་ལ་སྡང་ཆེ་རང་མཚངས་འབུད། །གཉེན་ལ་བྱམས་ཆེ་ནམ་ཕུག་འཁོན། །གྲོགས་ལ་རྔམ་ཆེ་ཞེ་འཛིན་འཇུག །
འཁོར་ལ་རྩུབ་ཆེ་ཁོང་སྐྲན་ཆགས། །དཔེ་ངན་གཞན་ལ་མ་གཏོང་བས། །གཏམ་ངན་རང་ལ་འཁོར་ཉེས་ཆེ། །
བསམ་ངན་མི་ལ་མ་བྱེད་ཀྱིས། །སྦྱོར་བ་ངན་པ་རང་ལ་འབབ། །གཞན་གྱིས་སྡུག་བསྔལ་ཇི་མྱོང་ཡང་། །
སྙིང་ཚིམས་མ་བདར་རང་ལ་འཁོར། །རང་ལ་འཕྲལ་སྐྱིད་ཅི་བྱུང་ཡང་། །གཞན་ལ་མ་ངོམས་མི་རྟག་ངེས། །
ངོ་བསྟོད་ཅན་ལ་འཛུམ་མི་སྟོན། །བསླུ་ཉེས་ཡོད་པས་དོགས་ཟོན་ཆུགས། །བསླང་སྤྱོད་ཅན་ལ་གདོང་མི་ལྡོག །
དཔྱད་དར་གྱིས་དང་བྱམས་སྡང་གསལ། །ལེ་ལོ་ཅན་དང་ལས་མ་འཐུ། །མཚང་ཅན་མི་དང་གཉེན་མ་སྦྲེལ། །
ཕྱི་ཐག་ཐུང་ལ་མཛའ་མ་སྡེབས། །ཁྲོ་གཏུམ་ཅན་དང་ཁ་མ་ཡ། །ཐོས་ཆད་བཤད་ན་རྫུན་ལ་འཐོག །
དྲན་ཚད་སྨྲས་ན་སྐེ་ལ་ཉེ། །མཐོང་ཚད་བྱས་ན་ཀུན་ཀ་འཆོལ། །དེས་ན་རན་ཚོད་སྐབས་དང་སྦྱར། །
མཐོང་མཐོང་དགྲ་རུ་མི་ལེན་ཞིང་། །འདུལ་དགོས་བྱུང་ན་སྙིང་སྟོབས་སྐྱེད། །ཐམས་ཅད་གཉེན་དུ་མི་འགུག་ཅིང་། །
བློ་གཏད་ཐུབ་ན་ཁད་ཀྱིས་བསྟེན། །གཞན་མགོ་མ་སྐོར་རང་བསླུ་ཡིན། །གཞན་མཚང་མ་འདོན་རང་ཚུགས་འཆོལ། །
གཞན་སྐྱོན་མ་ཚོལ་རང་སྐྱོན་འཕེལ། །གཞན་འདུལ་མ་འདོད་རང་བདུད་འབབ། །དྲིན་ཆེན་ཕ་མ་བླ་སློབ་དང་། །
གཞུང་བཟང་གྲོགས་དང་རང་ཉིད་ལ། །བློ་གཏད་བཅོལ་རྣམས་སུན་མ་འཇུག །བརྩེ་གདུང་བྱམས་པ་བུ་བཞིན་སྐྱོང་། །
ལོ་སོགས་རྣམས་ཀྱིས་ན་ཆུང་བཙའ། །ལེགས་ཉེས་བླང་དོར་ཡང་ཡང་སློབས། །གཞོན་ནུ་རྒན་པའི་ངག་ལ་ཉོན། །
བསྒོས་པའི་དོན་དེ་གཅེས་པར་ཟུངས། །ཟས་ནོར་རང་གི་ལྕོག་ཚོད་སྐབས། །རན་པའི་ཆོག་ཤེས་མ་བརྟེན་ན། །
འཛམ་གླིང་ནོར་བུས་ཁེངས་ན་ཡང་། །མི་སེམས་སྟོང་བ་གང་དུས་མེད། །ཡ་རབས་དམན་སར་དབབ་མི་རུང་། །
མ་རབས་ཆེ་སར་བཏོན་ན་རེངས། །རང་གི་ཆེ་སྐད་འདོན་ན་མོད། །གང་ལའང་ཁ་དགྲ་བསགས་ན་སྨེ། །
མཐོན་པོ་དམན་སར་བབ་ན་ཡང་། །ཞུ་པ་མི་སྐྱེ་སྔོན་ལས་གཞིག །དམན་པ་ཅུང་ཟད་མཐོ་ན་ཡང་། །
ཁེངས་པ་མི་སྐྱེ་སྔ་ཚད་གཞལ། །ཡ་རབས་མཐོན་པོ་སྤྱི་བོས་ཁུར། །ཉམས་ཆུང་དམན་རྣམས་བྱམས་པས་སྐྱོངས། །
གང་ལ་བཟང་ངན་ངོ་བསྲུང་སྤོངས། །ཆགས་སྡང་མེད་པར་རྟག་ཐུབ་ཀྱིས། །གཞན་ཕན་བྱ་བ་ལེགས་བསྒྲུབ་ན། །
རང་ཕན་དེ་ཡི་ངང་ལས་འབྱུང་། །ཕ་རོལ་གཞན་ལ་གནོད་བྱས་ན། །རང་ལ་གནོད་པ་ཤུགས་ལས་འབྱུང་། །
མ་དྲིས་བར་དུ་གཏམ་མི་སྨྲ། །དྲིས་ན་གང་ཤེས་དྲང་བོ་ཤོད། །ཉམས་ཚད་ཅན་ལ་འཁྱུག་པོར་བརྗོད། །
རྩོད་པ་བྱུང་ན་ཕེབས་པར་སྨྲ། །གསང་བའི་སྙིང་གཏམ་གྲོགས་ཡིན་ཀྱང་། །བཤད་པར་མི་འོས་ནམ་ཞིག་འགྱུར། །
ཕན་པའི་གདམས་ངག་དགྲ་ཡིན་ཀྱང་། །མི་གསང་དྲང་ལ་འཇེབས་པར་སྨྲ། །དགེ་བའི་ཚོགས་དང་ཡོན་ཏན་རྣམས། །
གཞན་ལ་ངོམས་ན་འགྲིབ་པར་འགྱུར། །སྡིག་པའི་ཚོགས་དང་ཉེས་སྐྱོན་རྣམས། །ཁོང་དུ་སྦས་ན་འཕེལ་བར་འགྱུར། །
མང་བོའི་གསེབ་ཏུ་ཤག་འགྱོད་ན། །ཕན་ཚུན་གཉིས་ཀའི་ངན་མཚང་འབུད། །དེས་ན་ཕེར་ཤབ་གཏམ་རྒྱངས་དང་། །
མིག་བརྡ་ཤབ་ཤིབ་ཟུར་ཟློས་ཞོག མ་ཤེས་པ་ཡི་ཚོད་བཟོ་བཞོག །ཤེས་པའི་དོན་དེ་ཚད་མར་སྲོང་། །
མ་བསྐོས་པ་ཡི་བྱ་བ་བཤོལ། །བསྐོས་པའི་ལས་དེ་མཐར་ཕྱིན་དགོས། །བྱ་བ་རྣམ་དཀར་དགེ་ལ་བརྩོན། །
ལྡང་མ་སྡང་བའི་དགྲ་ལས་ལོངས། །ངོ་སོ་གཡུང་དྲུང་བོན་ལ་བྱེད། །ཇུ་གང་བྱམས་པའི་གཉེན་ལ་སྐྱེལ། །
འདི་ཕྱིར་བདེ་ན་ཕོ་རྒོད་ཡིན། །རང་འགོ་ཐོན་ན་གྲུང་བོ་ཡིན། །ངོ་སྲུང་མེད་ན་ཤེས་ལྡན་ཡིན། །
གཡོ་སྒྱུ་མེད་ན་མི་རབ་ཡིན། །དགེ་སྡིག་ཕྱེད་ན་མཁས་པའི་མཆོག །ཆོག་ཤེས་ལྡན་ན་ཕྱུག་པོ་རབ། །
རང་གཞན་འགུ་ན་མཛངས་པའི་ཕུལ། །རང་ཡིད་ཆེས་ན་ཚད་ལྡན་དངོས། །རང་མཐོང་ཆེ་ན་ཤེས་ཆུང་ཡིན། །
གཏོང་འདོད་ཆེ་ན་ཀླད་ཆུང་ཡིན། །རྩིས་གདབ་མེད་ན་མདོ་མེད་ཡིན། །རྒྱུ་འབྲས་མེད་ན་བླུན་པོ་ཡིན། །
ཁ་ཉུང་བློ་གཙང་ཕལ་བའི་མཆོག ། གང་བཅོལ་བསྒྲུབ་པ་བྲན་གྱི་རབ། །བཀའ་བློ་ཤེས་པ་གྲོགས་ཀྱི་ཕུལ། །
རང་སྲོག་བཙའ་ཤེས་དཔལ་བོ་དངོས། །དཔའ་འདོད་རོ་སྐྱེལ་གླེན་པའི་ཆ། །ཁ་འཇམ་ཁོང་རྒྱུ་ཕུང་སྲིའི་གཙོ། །
སྒྲིན་བུ་དབྱེན་ཁ་བསླུ་བའི་བདུད། །མནའ་ཁྲེལ་དམ་མེད་ཡུལ་གྱི་འདྲེ། །མཁས་བཙུན་བཟང་འཛོམ་ཐར་བའི་བཤེས། །
ཉམས་ཆེན་ཤེས་ལྡན་དཔྱད་ཀྱི་གཞི། །ཞི་དུལ་རྒྱུད་འཇམ་དག་པའི་ལྷ། །རྒྱུ་འབྲས་ཞིབ་རྩི་ཚད་མ་སྲང་། །
ཆང་དད་མ་ཆེ་བག་མེད་འབྱུང་། །གྲོགས་དད་མ་ཆེ་རྩོད་གཞི་སློང་། །ཁ་སྦད་མ་ཆེ་མི་སྡེས་ཁྲེལ། །
ཀུ་ཅོ་མ་ཆེ་ཨར་པས་རྡུང་། །གཡོ་སྒྱུ་མ་ཆེ་ལྷ་མིས་ཁྲེལ། །ཟོལ་ཟོག་མ་མང་ངན་ཁུང་རྡིབ། །
ཞེ་ངན་མ་གཏུམ་རང་ལ་སྡིག །རང་འདོད་མ་ཆེ་གཏམ་ངན་འཕེལ། །ངོ་ཚ་མེད་པའི་གཉེརན་འབྲེལ་ལས། །
བག་ཡོད་དགྲ་ལ་རེ་ན་འཚེངས། །ཡིད་རྟེན་མི་ཐུབ་བཟའ་མི་བས། །ཟུང་ཐུབ་ངང་བཟང་ཡུལ་མི་ཤིས། །
བློ་ཆུང་འདུས་པའི་སློབན་དཔོན་བས། །བློ་ལྡན་མཁས་པའི་ཞབས་གྲལ་སྐྱིད། །མི་ཉན་ཁ་འདུས་དཔོན་པོ་བས། །
བསོད་ནམས་ཅན་གྱི་མངའ་འབངས་དགེ། །དཔོན་ངན་དམྱལ་བའི་དེད་དཔོན་དང་། །གྲོགས་ངན་སྡིག་པའི་གཡབ་མོ་དང་། །
ཡུལ་ངན་མུན་པའི་གླིང་འཁོར་གསུམ། །སྐད་ཅིག་མ་འབྲེལ་ཡུལ་ན་ལེགས། །བཤེས་གཉེན་ཐར་བའི་ལམ་སྒྲོན་དང་། །
གདམས་ངག་ཐར་བའི་ལམ་བཟང་དང་། །དགེ་སྦྱོ་ཐར་བའི་ལམ་བརྒྱག་གསུམ། །ནམ་ཡང་མི་འབྲལ་རྟག་ཏུ་བསྟེན། །
ནོར་ཟས་དཔྱད་ཤེས་མཁས་པ་མིན། །རྒྱུ་འབྲས་ལེགས་དཔྱད་ཤེས་ན་མཁས། །ཐུབ་ཚད་རྡུང་བ་དཔའ་བོ་མིན། །
འཁྲུལ་བའི་གཡུལ་ལས་རྒྱལ་ན་དཔའ། །སྒྱུ་མའི་ནོར་ཡོད་ཕྱུག་པོ་མིན། །བསླབ་གསུམ་ནོ་དང་ལྡན་ན་ཕྱུག །
འཇིག་རྟེན་དབང་བས་ཆེན་པོ་མིན། །བྱང་སེམས་རྒྱལ་ས་ཟིན་ན་ཆེ། །འདི་ཁའི་རྒྱལ་ཁྲིམས་ཆུང་ངུ་ཡིན། །
ཕྱི་མའི་རྒྱལ་ཁྲིམས་རབ་ཏུ་ཚ། །ད་རེས་ཕམ་རྒྱལ་རེས་མོ་ཡིན། །ཕྱི་མའི་ཕམ་རྒྱལ་གཏན་འཇག་ཡིན། །
ཞེས་བླང་དོར་དཔྱད་ཀྱི་མེ་ལོང་ལས་འཇིག་རྟེན་སྤྱི་ཡི་འཇུག་སྤྱོད་བསྟན་པས་རབ་ཏུ་བྱེད་པ་སྟེ་དང་བོའོ། །