ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> བོན་བསྟན་བྱུང་འཕེལ། >> གངས་ལྗོངས་སུ་ནང་བའི་ཆོས་ལུགས་ཆེན་པོ་ལྔ་དར་ཚུལ་མདོར་བསྡུས་ཙམ་བརྗོད་པ།
གངས་ལྗོངས་སུ་ནང་བའི་ཆོས་ལུགས་ཆེན་པོ་ལྔ་དར་ཚུལ་མདོར་བསྡུས་ཙམ་བརྗོད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་སྨན་ལྷ་ཕུན་ཚོགས།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

འདི་ལྟར་རིས་མེད་ཆོས་ལུགས་ཆེན་པོ་ལྔ། །
གངས་ཅན་ཞིང་དུ་དར་ཚུལ་རགས་ཙམ་ཞིག །
གཞོན་སྐྱེས་དབང་བརྟུལ་ཐོས་ཆུང་བདག་འདྲའི་ངོར། །
བརྗོད་པས་བློ་ལྡན་ཚོགས་ཀྱིས་གནང་བ་བསྩོལ། །
 

སྙིགས་དུས་མ་བརྟག་ཚུར་མཐོང་སྤྲེའུའི་བློས། །
མི་ཡི་ལད་མོའི་ལང་ཤོར་ཆགས་སྡང་གིས། །
ཆོས་སྤང་ལས་ངན་སེལ་བའི་དྲང་ཐིག་འདི། །
རིས་མེད་སྒོ་ནས་དར་ཚུལ་དམ་བཅའ་འོ། །

      ཁ་བ་ཅན་གྱི་ལྗོངས་སུ་ནང་བའི་སྲོལ་བཟང་འཛིན་པའི་ཆོས་ལུགས་ཁག་གི་ལོ་རྒྱུས་མདོར་བསྡུས་བརྗོད་ན། བོད་ལྗོངས་མདོ་སྟོད་སྨད་བར་གསུམ་ཁུལ་དུ་ནང་བ་སངས་རྒྱས་ཀྱི་ཆོས་ལུགས་ཆེན་པོ་ལྔས་མ་ཁྱབ་པ་མེད་ཅིང༌། ཆོས་ལུགས་སོ་སོའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་བཞིན་དུ་དར་ཡོད། དེ་ལྟར་དར་བའི་ནང་བ་སངས་རྒྱས་ཀྱི་ཆོས་ལུགས་འདི་ལ། བྱེ་བྲག་དང་དར་ཚུལ་གྱི་རིམ་པ་ནི་གཡུང་དྲུང་བོན་གྱི་ཆོས་ལུགས་དང༌། སྔ་འགྱུར་རྙིང་མའི་ཆོས་ལུགས། རྒྱལ་བ་བཀའ་རྒྱུད་པའི་ཆོས་ལུགས། དཔལ་ལྡན་ས་སྐྱའི་ཆོས་ལུགས། རི་བོ་དགེ་ལྡན་པའི་ཆོས་ལུགས་བཅས་ལྔ་རུ་གྲངས་ངེས་ཤིང་མ་བསྡུས་པ་མེད་པ་ཡིན། བཤད་མ་ཐག་པའི་ནང་བའི་ཆོས་ལུགས་ཆེན་པོ་ལྔ་སོ་སོའི་རིམ་པ་དར་ཚུལ་རགས་ཙམ་བརྗོད་ན།

      དང་བོ་གཡུང་དྲུང་བོན་དར་ཚུལ་ནི་སྤྱི་ལོ་མ་བྱུང་གོང་༼༡༢༦༽B.C.བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་དར་བ་ཡིན་ཏེ། གཡུང་དྲུང་བོན་ལ་རྒྱུ་མཚན་ཉིད་ཀྱི་སྐོར་དང༌། འབྲས་བུ་གསང་སྔགས་ཀྱི་བོན་སྐོར་གཉིས་ལས། རྒྱལ་པོ་དེའི་རིང་ལ་རྒྱུ་མཚན་ཉིད་ཀྱི་སྐོར་ཐོག་མར་དར་བ་ཡིན་ཏེ། བོན་གཞུང་ཚད་ལྡན་ལས། རྒྱལ་པོ་གཉའ་ཁྲིའི་རིང་ལ་རྒྱུའི་བོན་ཤེས་པ་བཅུ་གཉིས་དར་ཏེ། མགོན་ཤེས་ལྷ་བོན་གཡང་ཤེས་ཕྱྭ་བོན། འགྲོ་ཤེས་གླུད་གཏོང༌། འདུར་ཤེས་སྲིན་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བོན། ཕན་ཤེས་སྨན་དཔྱད། སྐས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ། ལྡིང་ཤེས་ཤ་བ་འཕུར་ཤེས་ཇུ་ཐིག འགྲོ་ཤེས་འཕྲུལ་བོན་བཅས་ལ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་ཞེས་བྱའོ། །

      དེ་ལྟར་གཞུང་སོ་སོའི་ལག་རྗེས་རིམ་བཞིན། ལྷ་ཡར་གསོལ་བ། མགོན་བྱེད་པ། ནོར་ཕྱུགས་འཕེལ་བ། འདྲེ་ཚིམས་པ། བདེ་བ་ཐོབ་པ། ལྷ་བསྲུང་བསྐང་བ། འཚེ་བ་མེད་པ། བར་ཆད་མེད་པ། ལེགས་ཉེས་སེལ་བ། ལྷ་འདྲེའི་གནོད་པ་ཞི་བ་ལས་སོགས་ཀྱི་འདོད་དོན་འགྲུབ་པའི་ཕྱིར། གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་སོགས་གཞུང་ཚད་ལྡན་ལས།རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང༌། གཤེན་ལ་སྔ་བ་སྣང་བ་མདོག་ཅན། བོན་ལ་སྔ་བ་གསང་སྔགས་སྤྱི་སྤུངས། མཁར་ལ་སྔ་བ་ཕྱིང་བ་སྟག་རྩེ་ཞེས་སྔ་རབས་བོད་ཀྱི་གཏམ་དུ་གྲགས་སོ། །

      ༦༢B.C.ལོར་གཉའ་ཁྲི་བཙན་པོའི་སྲས་མུ་ཁྲི་བཙན་པོ་སྐུ་འཁྲུངས་པ་ནས་བཟུང༌། སྲས་མུ་ཁྲི་བཙན་པོས་ཀྱང་སྐུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་རང་གི་དབུ་བླར་བཀུར་ནས། སྤྱི་སྤུངས་ཀྱི་བོན་སྐོར་ཞུས་ནས བསླབ་པས་དོན་གོ་བསྒྲུབ་པས་དོན་འགྲུབ། བསྒོམ་པས་དོན་རྟོགས་ནས། སྟག་གཟིག་དང་ཞང་ཞུང་སོགས་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ནས།བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས་པའི་གསང་བདག་གྲུབ་ཐོབ་པའི་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ལྟ་བུ་ཡིན་ཏེ། གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་རྒྱུད་རིམ་ཀྱང་རྒྱལ་བོ་མུ་ཁྲི་ལ་མ་ཐུག་པ་མེད་པ་ཡིན་པ་དང༌། རྒྱལ་པོ་འདིའི་སྐུ་དུས་སུ་གཡུང་དྲུང་བོན་གྱི་སྐོར་རྒྱུ་མཚན་ཉིད་ཐེག་པའི་སྐོར་དང༌། འབྲས་བུ་སྔགས་ཀྱི་སྐོར་དང༌། བླ་ན་མེད་པ་རྫོགས་པ་ཆེན་པོའི་སྐོར་བཅས་ཐེག་པ་རིམ་དགུའི་གཞུང་སོགས་དར་རྒྱས་ཆེ་བར་བྱུང་བས་འདི་ལྟ་བུའི་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་དང༌། གཞི་ལམ་འབྲས་གསུམ་སོགས་ལ་གཟིགས་རྟོགས་གང་ཡང་མ་གནང་བ་འགས་སྒྲོ་བཀུར་བྱས་ཡོད་ཀྱང༌། ལུགས་འདི་ཡིས་རྨད་བྱུང་བསླབ་པ་རྣམ་པ་གསུམ་གྱི་བརྒྱུད་བསྡམ་ནས་མཁས་བཙུན་བཟང་གསུམ་ལྡན་པའི་དགེ་བའི་བཤེས་གཉེན་ལ་བསྟེན་ནས། འཁོར་འདས་ཀྱི་སྤང་བླང་གནད་དོན་ལ་སྒྲོ་འདོགས་ཆོད་པའི་བློས། དོན་ལྔ་དང་ཚུལ་གསུམ་གཏན་ཚིགས་ཀྱིས་སྒོ་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ལ་འཇུག་ཅིང་དེའི་དྲང་ངེས་ཀྱི་མཐར་ཐུག་གི་རྙེད་དོན་ལ་བློ་གཏོད་ཅིང༌། མདོར་བསྡུས་ན་གཙོ་བོ་བླ་ན་མེད་པ་རྫོགས་པ་ཆེན་པོའི་ལྟ་བ་ཡས་ཕུབ་ནས། སྤྱོད་པ་ལྷ་མི་ཉན་རང་གི་སྤྱོད་པ་ལས་མ་འདས་པར་སྐྱབས་འགྲོ། སེམས་བསྐྱེད། ཕར་ཕྱིན་བཅུ་སོགས་ཐབས་ཀྱིས་སྤྱོད་པ་ལ་རིམ་པར་བློ་འཇུག་པ་ནི་ལམ་གྱི་འཇུག་སྒོ་མ་ནོར་བ་ཡིན། འདི་ལྟ་བུའི་འཇུག་སྒོ་རྒྱ་ཆེ་ལ་གཏིང་ཟབ་པས་བརྗོད་པར་དཀའ་ནའང་དེ་ཙམ་ལས། འགའ་ཞིག་གི་བསམ་པར། གཡུང་དྲུང་བོན་གྱི་གྲུབ་མཐའ་འདི་མུ་སྟེགས་པའི་ལུགས་དང་འདྲ་བར་བསམ་མཁན་ཡོད་ཀྱང༌། སྤྱིར་དམ་པའི་ཆོས་དང་ཕྱི་བ་མུ་སྟེགས་པའི་ཆོས་གཉིས་དབྱེ་རུང་བ་བཞིན། བོན་ལ་གཡུང་དྲུང་བོན་གྱི་ལུགས་དང༌།གཡུང་དྲུང་བོན་མ་ཡིན་པའི་བོན་གྱི་ལུགས་གཉིས་སུ་དབྱེ་རུང་བས་ན། བོན་ལུགས་ཡིན་ན་གཡུང་དྲུང་བོན་གྱི་ལུགས་ཡིན་མི་དགོས་སོ། །

      བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང༌། རྒྱལ་རབས་སོ་བདུན་པ་ཁྲི་སྲོང་ཡན་ཆད་བར་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་ལ། འདི་ལྟ་བུའི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གཡུར་དུ་ཟ་བའི་གྲུབ་མཐའ་ལ་གཡུང་དྲུང་བོན་གྱི་ཆོས་ལུགས་ཞེས་གྲགས་སོ། །

      གཉིས་པ་མདོ་རྒྱུད་མན་ངག་གི་བཀའ་བབས་སྔ་འགྱུར་རྙིང་མའི་དར་ཚུལ་ནི། སྤྱིར་རྙིང་མ་དང་གསར་མ་གཉིས་ཀྱི་རྣམ་བཞག་ནི་མདོ་ཕྱོགས་ལ་གསར་རྙིང་གི་དབྱེ་བ་མི་འཇོག་ཅིང༌། གསང་སྔགས་ཀྱི་བསྟན་པ་དར་ཚུལ་གྱི་སྒོ་ནས་གསང་སྔགས་གསར་རྙིང་འཇོག་པས་དེ་ལ་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་བསྟན་པ་སྔ་དར་ནས་རྒྱ་གར་ཤར་ཕྱོགས་ཀྱི་པཎྚིཏ་སྨྲྀཏ་བོད་དུ་བྱོན་པ་ཡན་ཆོད་དུ་བསྒྱུར་བ་ལ་གསང་སྔགས་སྔ་འགྱུར་དང༌། དེའི་བཤད་སྒྲུབ་འཛིན་པ་ལ་སྔ་འགྱུར་རྙིང་མ་ཞེས་གྲགས་ཤིང༌། སྤྱི་ལོ༼༩༧༨༽ལོར་ནས་བཟུང་ལོ་ཙཱ་རིན་བཟང་ཚུན་ཆད་དུ་བསྒྱུར་བ་རྣམས་ལ་གསང་སྔགས་གསར་མ་ཞེས་གྲགས་སོ། །

      སྔ་འགྱུར་རྙིང་མའི་ཆོས་རྒྱུན་ནི་བོད་དུ་ཆོས་རྒྱལ་སྲོང་བཙན་དུས་ན་བྱུང་ཡོད་ཀྱང་རྒྱ་ཆེ་བ་ནི། རྒྱལ་རབས་སོ་བདུན་པ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་དར་བ་ཡིན་ལ་ཁྲི་སྲོང་གི་པཎྚིཏ་ཆེན་པོ་ཤཱནྟ་རཀྵིཏ་སྤྱན་དྲངས་ནས་སྐབས་གཉན་ཆེན་ཐང་ལྷས་དམར་པོ་རི་ལ་ཐོག་རྒྱབ། ཡར་ལྷ་ཤམ་པོས་ཡར་ཀླུང་ཕང་ཐང་གི་ཕོ་བྲང་ཆུ་ལ་བསྐྱུར། བརྟན་མ་བཅུ་གཉིས་ཀྱིས་མི་ནད་ཕྱུགས་ནད་མང་བཏང་བས། མཁན་པོ་ཞི་བ་མཚོས་རྒྱལ་པོ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས་དགོས་གསུང་བ་བཞིན། སྤྱི་ལོ༼༨༠༢༽ལོར་སློབ་དཔོན་ཆེན་པོ་རྒྱ་གར་བྱང་ཕྱོགས་ནས་བྱོན་པ་དང༌། བོད་དུ་གདན་དྲངས་ཏེ་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས་ཤིང་མཁན་སློབ་རྣམ་གཉིས་གཙོས་པའི་རྒྱ་བོད་ཀྱི་ལོ་ཙཱ་རྣམས་ཀྱི་མདོ་སྔགས་རྒྱུད་ཀྱི་བཀའ་དང་དགོངས་འགྲེལ་དུ་མར་བོད་སྐད་དུ་བསྒྱུར་ཞིང༌། བཤད་སྒྲུབ་ཀྱི་ཆོས་གྲྭ་ཆེན་པོ་བཅུ་གཉིས་བཙུགས་ཏེ་རབ་བྱུང་གི་སྡེ་དང་གོས་དཀར་གྱི་སྡེ་གཉིས་སུ་ཕྱེས། རྗེ་འབངས་ཉེར་ལྔ་གཙོས་པའི་ཡེར་བའི་སྒྲུབ་ཆེན་བརྒྱད་ཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་རྩ་སོགས་སྐལ་ལྡན་འདུས་བའི་ཚོམ་བུར་གསང་ཆེན་ཡོ་ག་གསུམ་དང་འབྲེལ་བའི་སྔ་འགྱུར་ཐུན་མོང་མ་ཡིན་པའི་ཆོས་སྐོར་བུམ་པ་གང་བྱོའི་ཚུལ་དུ་སྨིན་པར་མཛད་དེ་གསར་རྙིང་འདི་སྐྱེས་ཆེན་མེས་པོ་རྣམས་ཀྱི་སློབ་དཔོན་འདི་ཉིད་ཞབས་ལ་ཐུག་པ་དང་ཆོས་འབྲེལ་མངའ་བ་ཁོ་ན་འོ། །སློབ་དཔོན་སངས་རྒྱས་གཉིས་བ་དེ་ཉིད་བོད་ཡུལ་དུ་མི་ལོ་ཁྱོན་ལྔ་བཅུ་རྩ་ལྔ་དང་ཟླ་བ་དྲུག་བཞུགས་ཤིང༌།  དེའི་སྐབས་སུ་བོད་ཡུལ་གྱི་ས་གཞི་མདོ་སྟོད་བར་གསུམ་དུ་ཞབས་ཀྱིས་བཅགས་ནས་གངས་མཚོ་བྲག་རི་ཐམས་ཅད་བྱིན་གྱིས་བརླབས་ཕྱིས་སུ་སྔ་འགྱུར་གྱི་བསྟན་པ་འདི་ཉིད་མི་ནུབ་པ་དང༌། བཅོས་སླད་མི་ཞུགས་པའི་ཆེད་རྒྱལ་པོའི་བླ་གཏེར་བརྒྱ་དང༌། ཐུགས་གཏེར་དང༌། ཟབ་གཏེར་སོགས་གཏེར་ཁ་གྲངས་ཀྱིས་མི་ལོང་བར་བོད་ཡུལ་དུ་སྦས་མདོར་ན་གངས་ཅན་མུན་པའི་གླིང་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྤར་ནས་ཕྱི་ནང་ཐེག་པའི་ལམ་རྣམས་ལ་ལྟ་བའི་མིག་སྦྱིན་པར་མཛད་དོ།།

      དེ་ནས་ཇོ་བོ་རྗེ་ཡི་ཞལ་ནས་ཀྱང༌། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བོད་དུ་བཞུགས་སྐབས་ཀྱི་བསྟན་པ་དར་རྒྱས་མཛད་པ་བཞིན། འཕགས་ཡུལ་རྒྱ་གར་དུ་མ་བྱུང་བར་གདུག་ཅེས་བསྔགས་པ་གསུང་བའང་དོན་ལ་གནས་སོ། འདི་ལྟ་བུ་གངས་ཅན་བོད་ཀྱི་ཞིང་དུ་དམ་པ་ཆོས་ཀྱི་ཆུ་འགོ་བཞིན་ཡིན་པ་དང༌། གོང་བརྡའ་སྙན་རྒྱུད་མཁས་སྒྲུབ་བྱེ་བའི་ཞལ་ནས་སྙན་དུ་བརྒྱུད་པའི་མདོ་སྔགས་ཀྱི་ཆོས་རྒྱུན་ཟབ་མོ་མདོ་རྒྱུད་མན་ངག་གི་བཀའ་བབ་བམ་གསང་སྔགས་སྔ་འགྱུར་རྙིང་མའི་གྲུབ་མཐའ་ཞེས་གྲགས་སོ།།

      གསུམ་པ་ཉམས་ལེན་སྒྲུབ་པའི་བཀའ་བབ་འགྲོ་མགོན་བཀའ་རྒྱུད་པའི་དར་ཚུལ་ནི་སྤྱི་ལོ་༩༧༨ལོར་ལོ་ཙཱ་རིན་ཆེན་བཟང་བོ་ནས་དེ་རྗེས་རིམ་བྱོན་འབྲོག་མི་དང༌། རྟ་ནག་འགོས། ལྷོ་བྲག་མར་པ་ལས་སོགས་ཀྱིས་རྒྱུད་སྡེ་མང་པོ་བོད་སྐད་དུ་བསྒྱུར་ཏེ། གསང་སྔགས་གསར་མའི་བསྟན་པ་རྒྱ་ཆེར་སྤེལ་གནང་མཛད། སྤྱི་ལོར་༡༠༡༢ལོར་མར་སྟོན་ཆོས་ཀྱི་བློ་གྲོས་རྒྱ་གར་དུ་ལན་གསུམ་བྱོན་པ་དང༌། པན་ཆེན་ན་རོ་བ་དང་མི་ཏྲི་སོགས་བླ་མ་བརྒྱ་རྩ་བརྒྱད་ཀྱི་ཞབས་ལ་བཏུགས་ཏེ་ཚད་ལྡན་གྱི་གཞུང་བཤད་བསྒྱུར་མཛད་དོ།།ཕྱག་རྒྱ་ཆེན་པོའི་རྟོགས་པ་ཐུགས་ལ་འཁྲུངས། བོད་དུ་བྱོན་ནས་སློབ་མ་གཙོ་བོ་ཀ་ཆེན་བཞི་སོགས་མང་དུ་བྱུང། ། དེ་དག་ལས་བཤད་པའི་བཀའ་བབས་མེས་རྔོག་ཚུར་གསུམ་དང་སྒྲུབ་པའི་བཀའ་བབ་རྗེ་བཙུན་མི་ལ་རས་པ་སྐུ་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས་པ་དང་དེའི་སློབ་མ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་དང༌། ཟླ་བ་ལྟ་བུ་རས་ཆུང་གཉིས་སོ། མདོར་ན་བཀའ་བརྒྱུད་པ་ངོ་བོ་གཅིག་ལ་ལྡོག་པའི་ཆ་ནས་ཆེ་བཞི་ཆུང་བརྒྱུད་དུ་གྲགས་པ་ཡོད་དོ།།

      དེ་ལྟར་ཇོ་བོ་རྗེ་ནས་བརྒྱུད་པའི་བཀའ་གདམ་པའི་ཆོས་རྒྱུན་དང་མར་བ་ནས་བརྒྱུད་པའི་ཕྱག་ཆེན་གྱི་གདམས་ངག་གཉིས་ཆུ་བོ་གཅིག་འདྲེས་པའི་ཆོས་རྒྱུན་དེ་ལྟ་བུ་ལ་བཀའ་རྒྱུད་པའི་གྲུབ་མཐའ་དེའི་ཆོས་ལུགས་ཞེས་བརྗོད།

      བཞི་བ་ཟབ་རྒྱས་བཤད་པའི་བཀའ་བབ་དཔལ་ལྡན་ས་སྐྱ་པ་དར་ནི་སྤྱི་ལོ༼༡༠༣༤༽འཁོན་དཀོན་མཆོག་རྒྱལ་པོ་སྐུ་འཁྲུངས་པ་ནས་བྱུང་བ་ཡིན་ལ། དེ་ཡང་འཁོན་གྱི་གདུང་རྒྱུད་ནི་འོད་གསལ་ལྷ་ལས་ཆད་པ་སྟེ། སྤྱི་རིང་དང༌། གཡུ་རིང༌། གཡུ་རི་སྟེ་གནམ་ལྷ་མཆོད་གསུམ་དང༌། གནམ་ལྷའི་རྒྱུད་པ་གཡའ་སྤངས་སྐྱེས་ཀྱི་སྲིན་པོ་སྐྱ་རིང་གི་ཆུང་མ་གཡུ་འབྲུག་སིལ་མ་ཁབ་ཏུ་བཞེས་པ་ལས་སྲས་ཞིག་འཁྲུངས་པ་སྲིན་པོ་དང་འཁོན་གྱི་བར་དུ་སྐྱེས་པས་འཁོན་པར་སྐྱེས་གྲགས། དེའི་གདུང་རྒྱུད་རིམ་བྱོན་ལ་འཁོན་རིགས་ཞེས་གྲགས་སོ། །འཁོན་དཔའ་བོ་ཚེའི་སྲས་འཁོན་ཀླུ་ཡི་དབང་པོས་ཨོརྒྱན་གྱི་སློབ་དཔོན་པདྨ་སམ་བྷ་བ་བསྟེན་ནས་གདམས་ངག་ཉན། དེ་ནས་བཟུང་འཁོན་རོག་ཚུལ་ཁྲིམས་བར་གྱི་འཁོན་རྒྱུད་རྣམས་གསང་སྔགས་རྙིང་མའི་ཉམས་ལེན་བྱེད་པ་འབའ་ཞིག་བྱུང། འཁོན་དཀོན་མཆོག་རྒྱལ་བོ་དགུང་ལོ་བཞི་བཅུ་ལ་སྟོད་གྲམ་པ་ཁར་གྱི་ས་དཀར་གྱི་དབུས་ཀྱི་ལོགས་སུ་དགོན་པ་བཏབ་པས་དེ་ཕྱིན་ཆད་ས་སྐྱ་བ་ཞེས་གྲགས་སོ།། ཇོ་བོ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་དུས། ས་སྐྱའི་རིའི་ངོས་ལ་འབྲོང་གཉིས་འདུག་པ་ལ་གོ་གཟིགས་ནས་མ་འོངས་པར་མཧཱ་ཀཱ་ལ་གཉིས་ཀྱི་འཕྲིན་ལས་འཛིན་པར་ལུང་བསྟན་ཏེ་གུར་ཞལ་གཉིས་སོ།། ས་དཀར་གྱི་ལོགས་སུ་ཕྱག་མཛད་ནས་དྷིཿཡིག་བདུན་དང་༼ཧུྃཡིག་གཅིག་བཅས་འདུག་པས་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་དང༌། ཕྱག་རྡོར་གྱི་སྤྲུལ་པ་གཅིག་བཅས་ཀྱི་རྣམ་སྤྲུལ་བརྒྱད་ཀྱི་འགྲོ་དོན་མཛད་པར་ལུང་བསྟན་བཞིན་རྣམ་སྤྲུལ་རིམ་བྱོན་དང༌། དཀར་པོ་གསུམ་དང་དམར་པོ་གཉིས་གོང་མ་རྣམ་ལྔས་གཙོས་པའི་མདོ་སྔགས་ཀྱི་མཁས་པ་བསྟན་འཛིན་བཞི་དང་བྱམས་པའི་རྣམ་སྤྲུལ་རོང་སྟོན་ཤེས་བྱ་ཀུན་རིག་གིས་ན་ལེན་ཏྲའི་ཆོས་སྡེ་བཏབས་ནས། དེའི་སློབ་མ་སྐར་ཚོགས་བཞིན་དུ་བྱོན་པས་དེ་ལས་ཆད་པའི་མཚན་ཉིད་གྲྭ་ཚང་མ་བུ་དྲུག་ཏུ་གྱུར་པ་སོགས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་བྱུང༌། འདི་ལྟ་བུའི་རྗེས་འཛིན་ནས་ས་ངོར་ཚར་གསུམ་ཆོས་རྒྱུན་ལ་ས་སྐྱའི་གྲུབ་མཐའ་འམ་ས་སྐྱའི་ཆོས་ལུགས་ཞེས་གྲགས་སོ།།

      ལྔ་པ་སྡེ་སྣོད་རིག་པའི་བཀའ་བབ་རི་བོ་དགེ་ལྡན་པའི་དར་ཚུལ་ནི། སྤྱི་ལོ༼༡༠༣༩༽ལོར་རྒྱ་གར་གྱི་མཁས་པ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་ཏེ་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་ཆེར་སྤེལ་ཞིང་ཁུ་རྔོག་འབྲོག གསུམ་སོགས་ནས་རྒྱུད་པ་ལ་བཀའ་གདམ་ཞེས་གྲགས་ཤིང༌། དེའི་གདམས་པའི་རྒྱུད་འཛིན་ལ་བཀའ་རྒྱུད་དང་ས་སྐྱ་དགེ་ལུགས་བཅས་ངེས་ཤིང༌། སྤྱི་ལོ༼༡༣༥༧༽ལོར་འཁྲུངས་པའི་འཇམ་མགོན་ཙོང་ཁ་བ་ཆེན་པོས་གདན་ས་འབྲོག་རི་བོ་དགེ་ལྡན་རྣམ་རྒྱལ་གླིང་ཕྱག་བཏབས་ནས་ཐུགས་སྲས་གཙོ་བོ་རྣམ་གཉིས་རྒྱལ་ཚབ་རྗེ་དང༌། མཁས་གྲུབ་རྗེ་ནས་བཟུང་ཁྲི་རབས་རིམ་བྱོན་གྱི་ཆོས་རྒྱུད་ལ་དགེ་ལུགས་པ་ཞེས་འབོད་པ་བྱུང༌། ཡང་བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེ་བོད་དུ་བྱོན་ཁར་དབུ་ཞྭ་སེར་པོ་བཞེས་པ་འཕྲོ་ཞིག་གནང་བས་སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱི་དབུ་ཞྭ་སེར་པོ་བསྣམས་པས་རྗེ་དེ་ཉིད་ཀྱིས་ཀྱང་འདུལ་བའི་བསྟན་པ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གྱི་རྟེན་འབྲེལ་དུ་དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཛིན་དང་མཐུན་པའི་སེར་པོ་མཛད་པས་ཞྭ་སེར་འཆང་བའི་ལུགས་ཞེས་གྲགས་སོ།། གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་གྱི་མཁས་སྒྲུབ་གཙོས་པའི་མང་དུ་ཐོས་པ་ལུང་གི་དོན་ལ་མངའ་བརྙེས་པ་གསེར་རི་ཕྲེང་བ་བཞིན་བྱོན་པ་རྣམས་ཀྱི་དེའི་ནང་ནས་ཕ་རྗེས་བུ་ཡིས་ཟིན་པའི་སློབ་མ་བརྒྱ་ཕྲག་མང་པོས་ཐོས་བསམ་བཤད་སྒྲུབ་ཀྱི་མཛད་བཟང་ཕྱོགས་བཅུར་ཁྱབ་བཞིན་པའི་ཆོས་རྒྱུན་ལ་དགེ་ལུགས་པའི་གྲུབ་མཐའ་འམ་དགེ་ལུགས་པའི་ཆོས་ལུགས་ཞེས་གྲགས་སོ།།

      བཤད་མ་ཐག་པའི་ནང་བའི་ཆོས་ལུགས་ཆེན་པོ་ལྔ་ཕན་ཚུན་ཕྱི་བ་དང་ནང་བའི་ཆོས་ལུགས་བཞིན་ཁྱད་པར་བསམ་མཁན་སེར་སྐྱ་འགའ་ཤས་ཡོད་ཤས་ཆེ་ཡང་དེ་འདྲ་གཏན་ནས་མིན། དེའི་རྒྱུ་མཚན་གསལ་བོར་བརྗོད་ན་དེ་འདྲའི་གྲུབ་མཐའ་དང་ཐེག་པ་སྣ་ཚོགས་བྱུང་བའང་རང་བཟོས་མིན་པར་སྟོན་པ་སངས་རྒྱས་ཀྱི་འགྲོ་བའི་བློ་དང་འཚམས་པར་ཐེག་པ་དགུ་དང་གྲུབ་མཐའ་སྣ་ཚོགས་གསུངས་བ་བཞིན་བྱུང་བ་དང༌། དེང་སང་མཐོང་བཞིན་པའི་ས་གནས་བལ་ཡུལ་ལྟ་བུར་མཚོན་ན་རྒྱ་བོད་སོགས་ནས་འགྲུལ་མི་འགའ་ཤས་གནམ་གྲུའི་ཐོག་ནས་ཡོང་བ་དང༌། འགའ་ཤས་སྣུམ་འཁོར་རྒྱུད་ནས་ཡོང་བ་དང༌། འགའ་ཤས་གོམས་པ་བརྒྱབ་ནས་ཡོང་བ་ལ་མྱུར་འགྱངས་ཡོད་ཀྱང༌། འགྲོ་ཡུལ་བལ་ཡུལ་ལས་མ་འདས་བཞིན། འདི་ལྟར་ནང་བའི་ཆོས་ལུགས་ཆེན་པོ་ལྔ་ཡི་གཞི་ལམ་འབྲས་གསུམ་གྱི་ཉམས་ལེན་སོགས་སོ་སོའི་སྲོལ་འབྱེད་ཀྱི་གདུལ་བྱ་ཐར་ལམ་དུ་བཀྲི་བའི་ཐབས་མཁས་ཕྲན་བུ་འདྲ་མིན་དང༌། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་གདམས་ངག་ཉམས་ལེན་ཟབ་མོའི་ཁྱད་པར་གྱིས་མཆོག་གིས་དངོས་གྲུབ་མྱུར་མགྱོགས་ནི་ལྡན་པ་ཤེས་བྱའི་གཤིས་རེད། འོན་ཀྱང་བགྲོད་ཡུལ་གཏན་བདེ་སངས་རྒྱས་ཀྱི་ཞིང་ཁམས་ལས་མ་འདས་པའོ། དེས་ན་ཆོས་ལུགས་ནང་ཕན་ཚུན་ཆགས་སྡང་གི་དཀྲུགས་པར་མི་བྱེད་པར་རིས་མེད་དག་སྣང་གི་སྒོ་ནས་འཇུག་པར་གལ་ཆེ་སྟེ། སྟོན་པ་སངས་རྒྱས་ཀྱིས། ཤཱ་རིས་བུ་ཆོས་སྤོང་བའི་བསམ་པ་འདི་སྐད་དུ་འདི་ལ་ཁྱེད་དང་བདག་ཅག་གིས་བསླབ་པར་མི་བྱ་སྟེ་འདི་ནི་ཆོས་མ་ཡིན་ནོ། འདི་ནི་འདུལ་བ་མ་ཡིན་ནོ། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ནི་དེ་བཞིན་བཤེགས་པའི་གསུངས་པ་མ་ཡིན་ནོ་ཞེས་ཟེར་ཞིང༌། དེ་ལ་བདག་ཉིད་ཀྱང་སྤངས་ལ་གཞན་དག་ལ་ཡང་མོས་བ་མེད་པར་བྱེད་ཅིང༌། བདག་གཞན་ཆུད་གསན་པར་དགའ་བ་ཆོས་འཇིགས་པའི་ལས་བསགས་པ་དེའི་གཟུགས་བརྙན་དུ་འགྱུར་རེ་ཀན་ཞེས་དང༌། སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་བའི་ཞལ་ནས་ཀྱང༌། བོད་ཀྱི་མདོ་སྔགས་བསྟན་འཛིན་རྣམས་གཅིག་གིས་གཅིག་ལ་མ་གནོད་པར་རང་རང་ཆོས་ལུགས་གཞུང་བཞིན་སྐྱོང་ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས་གང་ཞིག་ཆོས་མཆོག་གཙོ་བོ་འདི་རྒྱལ་བས་མཆོག་པའི་ཆོས་ཀྱི་མཛོད། ས་སྟེང་མི་ཡིས་སྤང་བྱེད་པ། དེ་ནི་ནད་མེད་དམྱལ་བ་འགྲོ་ཞེས་དང༌། སྔགས་ཀྱི་རྩ་ལྟུང་བཅུ་བཞི་ལས། རང་ངམ་གཞན་གྱི་གྲུབ་མཐའ་ལ། ཆོས་ལ་སྨོད་པ་དྲུག་པ་ཡིན་ཞེས་དང༌། བཻ་རོ་ཙཱ་ནི་ཞལ་ནས་ཀྱང༌། ཀྱེ་གསོན་དང་རྒྱལ་བློན་བན་བཙུན་ཚོ། བདག་འདྲ་ལོ་ཙཱ་སྨྲ་མཁས་ཀྱིས། ཚེ་སྟོད་གཡུང་དྲུང་བོན་སྒོར་ཞུགས། ཚེ་སྨད་དམ་པ་ཆོས་ཀྱི་སྒོར་ཞུགས་སྤྱད། བོན་ཆོས་གདུལ་བྱའི་དབང་དུ་ཐ་དད་པས། དོན་ལ་དབྱེར་མེད་ངོ་བོ་གཅིག་པ་ལས། བོན་ཆོས་འཇིག་རྟེན་ཉི་མ་ཟླ་བ་བཞིན། གཉིས་ཀ་དེ་བཞིན་དར་བའི་བདག་གིས་སྨོན་ལམ་མཐུས། མཐའ་རུ་མི་ནུབ་གཉིས་ཀ་དར་བར་ཤོག་ཅེས་གསུངས་སོ།།

      རྗེ་བཙུན་མི་ལས་ཀྱང་རོང་སྟོན་ལྷ་དགའ་ཡན་ཆོད་དུ། སྤྱིར་དྲིན་ཆེན་བླ་མ་བཅུ་ཙམ་བཞུགས། ཁྱད་པར་ལྷ་རྗེ་གནུབ་ཆུང་ཞེས་ཐོག་མར་ལྷ་རྗེ་གནུབ་ཆུང་དང༌། གཡུང་སྟོན་ཁྲོ་རྒྱལ་དང་རྫོགས་ཆེན་རོང་སྟོན་ལྷ་དགའ། མར་བ་ལོ་ཙཱ་བཅས་རིས་སུ་མ་མཆིས་པར་བླ་མ་དུ་མར་བསྟེན་ནས་ཐོག་མར་རྫོགས་ཆེན་གྱི་ཉམས་ལེན་ལ་ཐུགས་དམ་མཛད་པས། རྗེ་བཙུན་གྱི་མགུར་ལས། རྫོགས་པ་ཆེན་པོ་མདུན་ནས་གཟེར། ཕྱག་རྒྱ་ཆེན་པོ་རྒྱབ་ནས་གཟེར། ཁ་ནས་གདམས་ངག་ཁྲག་ཏུ་སྐྱུགས་ཅེས་དང༌། དགེ་བཤེས་སྤྱན་ལྔ་བའི་ཞལ་ནས་རྙིང་མའི་རྫོགས་རིམ་སོགས་གཙོ་བོ་ཡིན་པས། རྫོགས་ཆེན་ལ་སངས་རྒྱས་ཀྱི་ཆོས་མེད་བྱར་མི་རུང་ལ་ཆོས་སྤང་གི་མཚམས་མེད་ལས་ལྕི་བ་མང་དུ་གསུང་ཡོད་པས་བག་ཡོད་པར་གྱིས་ཅེས་དང༌། རྗེ་ཙོང་ཁ་ཆེན་པོས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང༌། གསུང་རབ་མ་ལས་གདམས་ངག་ཤར་བ་དང༌། རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང༌། ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་ཞེས་དང༌། རྗེ་དགེ་འདུན་གྲུབ་པས་ཀྱང༌། རང་བསྟན་པ་འཛིན་པར་རློམ་པ་དང༌། གཞན་བསྟན་འཛིན་དགྲ་ཡི་དྭངས་མར་རློམ། དེ་ལ་བསམ་གྱིན་སྙིང་ནས་སྐྱོ་བ་སྐྱེས་ཅེས་དང༌། རྗེ་བཙུན་སྐལ་བཟང་རྒྱ་མཚོའི་མགུར་ལས། གཞན་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ལ། ཡིད་གཡོ་བའི་དད་པ་སྐྱེས་ན་རབ། དེ་མིན་གྱི་དག་སྣང་སྦྱོང་བ་དང༌། དོན་མེད་པར་མི་སྨོད་དམ་བཅའ་ཡིན་ཞེས་དང༌། ཡང་ཆོས་རང་རང་མོས་བའི་ངོ་ན་ཟབ། མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། ས་དགེ་གསར་རྙིང་ཀུན་ལ་ཡོད་ཅེས་གསུངས་པའི་ཕྱིར། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེའི་མགུར་ལས། ཆོས་ཐམས་ཅད་ནི་ཐམས་ཅད་དུ་བདེན་མོད་ཀྱང༌། རྫོགས་ཆེན་ཞེས་པའི་སྒྲ་བོ་ཆེ། སྤྲང་གོ་བའི་ལེན་ཕྱོགས་དེ་ལ་གྱིས། གཅིག་ཅར་གྱི་རྟོག་པའང་དེ་ལ་འཁྲུངས་ཞེས་དང༌། ཡང་གནས་ལུགས་ཉམས་སུ་ལེན་པའི་ཕྱག་རྒྱ་དང་གཅིག ལམ་ཁྱེར་རྐྱེན་ལ་བྱེད་པའི་ཕ་རོལ་ཕྱིན་པ་དང་གཉིས། སྣང་རྐྱེན་ལམ་དུ་བླངས་པའི་སྡུག་བསྔལ་ཞི་བྱེད་གསུམ། མཐར་ཐུག་ཟད་སར་སྐྱེལ་བའི་རྫོགས་པ་ཆེན་པོ་བཞི། འདི་བཞི་རྣམ་འབྱོར་བདག་གི་དམ་ཆོས་ལགས་པས་ཆོས་གཞན་ལའང་འགྲམ་ཆུ་མི་ལྡང་བ་ལགས་སོ་ཞེས་གསུང༌། དེས་ན་ནང་བའི་བསྟན་པའི་སྒོར་བཞུགས་སྐྱ་སེར་སུ་ཡང་རུང་སྟེ་ཆོས་ལུགས་ཕན་ཚུན་སྡང་ཟུགས་དབེན་པའི་སྒོ་ནས་སྔོན་བྱོན་གྱི་སྐྱེས་མཆོག་རྣམས་ཀྱིས་མཛད་པའི་རྗེས་སུ་འབྲེང་ནས་གཡུང་དྲུང་བོན་དང་བཀའ་རྙིང་ས་དགེ་བཅས་ཀྱི་ཆོས་ལུགས་ཆེན་པོ་ལྔ་སོ་སོའི་རྣམ་དབྱེ་མ་འདྲེས་བར་མཁྱེན་ནས། སྤྱིར་ཐུན་མོང་འདོད་ཚུལ་དང༌། བྱེ་བྲག་ཐུན་མོང་མ་ཡིན་པའི་འདོད་ཚུལ་རང་ལུགས་བཅས་ལ་མཁས་བར་གྱུར་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་པའི་སྐྱེས་བུ་ངེས་ཤིང་དེ་མིན་དེང་སང་སྙིགས་མ་ལྔ་བདོ་བའི་དུས་འདིར་རང་གཞན་ཆགས་སྡང་སྣ་ཚོགས་གིས་དབང་གིས་སྐྱ་སེར་ཕལ་མོ་ཆེ་རྣམས་ནས། རྒྱུ་མཚན་ཅི་ཡང་མེད་པར་སྤྲེའུ་ཡིས་མི་ཡི་ལད་མོ་བྱེད་པ་བཞིན་བརྟག་དཔྱད་མ་གནང་བར་ཕན་ཚུན་རང་ལྟ་ལ་ཆགས་ནས་གཞན་གྱི་ཆོས་རྒྱུན་ལ་སྡང་ཟུགས་མི་ཟད་པའི་ཆོས་སྤོང་གི་ཡོ་ལང་ལ་སྤྱོད་པ་ནི། ལེགས་པར་བརྟག་ན་ཆོས་རྣམ་དག་ཡིན་པ་དང་མ་ཡིན་པའི་ཤན་འབྱེད་དང༌། རང་ལུགས་གཞན་ལུགས་ཀྱི་ཐུན་མོང་འདོད་ཚུལ་དང་ཐུན་མོང་མ་ཡིན་པའི་ཚུལ་སོགས་སོ་སོར་མཁྱེན་པའི་རྣམ་དཔྱོད་ནི། སྐྱེས་སྦྱང་སྔོན་སོང་གི་མཁས་དབང་ཆེན་པོ་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་ཐུགས་མཛོད་ན་ལྡན་གྱི། དེ་ལས་གཞན་པའི་མ་རིག་ལིང་ཐོག་ཡོད་པའི་བླུན་པོའི་ཚོགས་ཀྱི་ཤེས་པའི་གནས་མེད་ཅིང་གོ་སྐབས་བྲལ་བས་སྨྲ་བ་བསྐྱུང་ན་ལེགས་སོ། །

རྒྱལ་བའི་བསྟན་པ་རྟ་བདུན་བསིལ་ཟེར་དག །
རིང་ནས་འགྲོ་བའི་སྡུག་བསྔལ་སེལ་མཆོག་སྨན། །
དེང་དུས་བླང་དོར་མི་ཤེས་བྱིས་པ་འགས། །
འདོད་རྒྱལ་ཆགས་སྡང་འཛིན་པ་སྙིང་བརྩེའོ། །


དེ་ཕྱིར་བག་ཡོད་བླང་དོར་གསལ་བའི་ངག །
གནའ་རབས་བོད་དུ་ནང་བསྟན་དར་ཚུལ་ཙམ། །
ཕྱོགས་ལྷུང་དྲི་བྲལ་རང་སེམས་མེ་ལོང་ངོས། །
ཇི་ལྟར་གསལ་བ་ཡིག་ཐོགས་གསལབར་སྤེལ། །

      འདི་ལྟར་ནང་བའི་ཆོས་ལུགས་ཆེན་པོ་ལྔ་རིམ་བཞིན་བོད་ཡུལ་དུ་དར་ཚུལ་མདོར་བསྡུས་སུ་ཆེད་དུ་བརྗོད་དོན་ནི། སྙིགས་མ་ཆེས་ཆེར་བདོ་བའི་དུས་སྐབས་འདིར་བོན་ཆོས་དང་གསར་རྙིང་གི་གྲུབ་མཐའ་ཕན་ཚུན་ཕྱོགས་འཛིན་དབང་གིས་འཇིགས་ལ་ཉེ་བའི་ཆོས་སྤོང་ལས་ངན་བསགས་པ་འགའ་ཞིག་བྱུང་ཚེ། འདིར་བཤད་མ་ཐག་པའི་ནང་བའི་ཆོས་ལུགས་སོ་སོའི་བྱུང་ཁུངས་སོགས་ནམ་མཁའི་རྒྱ་ཁྱོན་མ་མཐོང་བར་རང་མཐོང་སྐར་ཁུང་གི་རྒྱ་ཁྱོན་བསྲུང་བའི་མིག་ལྟོས་ངན་པས་ཁྲོན་པའི་རུས་སྦལ་གྱི་དཔེར་སོང་ཞིང་ཡིད་སྲུབ་པ་འགའ་ཤས་ཀྱིས། རང་གཞན་མང་བོ་མཛོལ་བའི་སྒོ་མཐོང་བའི་རྒྱུར་ཅུང་ཟད་ཕན་དུ་རེ་བའི་ལྷག་བསམ་བཟང་བོའི་ཀུན་སློང་གི་བགྱིས་པ་འདིས་ཀྱང་ནང་བའི་ཆོས་ལུགས་ཆེན་པོ་ཕྱོགས་ཀུན་ཏུ་དར་ཞིང་ཡུན་རིང་དུ་གནས་བའི་རྐྱེན་དུ་གྱུར་ཅིག །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག