བོད་གངས་ཅན་ཞིང་འདིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་ཚུལ་ནི། སངས་རྒྱས་ཞལ་བཞུགས་པའི་དུས་སུ་དོས་འཛུག་གི་བདུད་ཁྱབ་པས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པའི་ནང་ཚན་ཞིག་ལ་གཤེན་གྱི་ཆིབས་པ་བདུན་འོལ་མོ་ལུང་རིང་ནས་བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་བརྐུས་ཏེ་ཀོང་ཡུལ་དུ་དེད། སངས་རྒྱས་ཉིད་རྟ་ལ་ཆགས་ཆེ་བ་མ་ཡིན་ཡང་བོད་ཀྱི་འགྲོ་བ་འདུལ་བའི་སྐབས་ལ་བབ་པ་སོགས་དགོས་པའི་སྒོ་དུ་མ་ལ་གཟིགས་ཏེ་རྟག་གཟིགས་འོལ་མོ་ལུང་རིང་གི་ཕྱི་མཐའི་གངས་དབལ་སོ་ར་བ་ལ་མདའ་ལམ་དྲངས་ཏེ་གངས་ཏི་སེའི་མདུན་དང་རྟ་མཆོག་ཁ་འབབ་ཀྱི་རྒྱུད་ནས་ཀོང་ཡུལ་དུ་ཆགས་ཕེབས་སོ། །
དེ་ནས་དུས་མཉམ་གྱི་འགྲོ་བ་དྲངས་ཀྱང་ཕྱི་རབས་ཀྱི་དད་རྟེན་དུ་ཐུགས་ལས་བོན་རི་སྤྲུལ་ཞིང་སྐུ་གསུང་ཐུགས་རྟེན་རྗེས་བཞག་མཛད། དེ་དུས་བོད་ལ་ཤིང་རྩི་སོགས་ཀྱིས་ལྷ་གསོལ་བ་དང་། རྒྱུ་བོན་འགའ་ཞིག་ཙམ་ལས་དྲང་ངེས་ཀྱི་བོན་གསུང་པའི་སྐབས་མ་བབ་ནས་ཕྱི་ནས་དྲང་ངེས་ཀྱི་བོན་སྡེ་རྣམས་དར་བའི་སྨོན་ལམ་མཛད་ནས་སླང་རྟག་གཟིགས་སུ་གཤེགས་སོ། །
དེ་རྗེས་རྫོགས་པའི་སངས་རྒྱས་ཀྱི་སྨོན་ལམ་གྱི་མཐུ་ལ་བརྟེན་ནས་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ས་གནས་སུ་གཡུང་དྲུང་གི་བོན་དར་ཞིང་རྒྱས་པའི་མངའ་རིས་སུ་ཡོད་པ་ལས། སྟག་གཟིག་དང་ཞང་ཞུང་རྒྱ་གར་བྲུ་ཤ་སོགས་ཀྱི་མཁས་པ་ཆེན་པོ་རྣམས་ཀྱི་དྲུང་དུ་བློ་གྲོས་ཀྱི་རྩལ་རྫོགས་པའི་ཞང་ཞུང་སྟོང་རྒྱུང་མཐུ་ཆེན། སེ་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཚ་མཁར་བུ། ལྡེ་གྱིམ་ཚ་རྨ་ཆུང་དང་བཞི་ཡིས་གཡུང་དྲུང་གི་བོན་བསམ་གྱིས་མི་ཁྱབ་པ་ཞིག་ཞང་ཞུང་སྨར་གྱི་སྐད་ལས་སྤུར་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོན་གྱི་འཁོར་ལོ་བསྐོར་རོ། །གཞན་ཡང་མཁན་ཆེན་རྫུ་འཕྲུལ་ཡེ་ཤེས། ལི་ཤུ་སྟག་རིང་སོགས་རྫུ་འཕྲུལ་དང་ལྡན་པ་མང་པོས་སྟག་གཟིག་ནས་བོད་དུ་གདན་དྲངས་པའི་བོན་ཡང་དུ་མ་ཡོད་དོ། །དེ་དག་བོད་ཀྱི་མི་སྣ་ཁ་ཤས་ཀྱིས་སྤྱོད་པ་ཙམ་མ་ཡིན་པར་བོད་ཀྱི་རྒྱལ་སྲིད་ལུགས་གཉིས་ཟུང་དུ་སྦྲེལ་ཏེ་རྩ་བ་རྒྱལ་བུས་བཀའ་ཁྲིམས་སྩལ་བའི་མདོ་སོགས་ལ་གཞི་བཟུང་རྒྱལ་ཁྲིམས་གསེར་གྱི་ཐིག་ཤིང་གིས་གཉའ་མནན། བོན་ཁྲིམས་དར་གྱི་མདུད་པས་དམ་དུ་བསྡམས་ནས་བོད་ཀྱི་རྒྱལ་པོ་ཐོག་མ་མི་ཡི་མགོན་པོ་ལྷ་ཡིས་བསྐོས་པ་གཉའ་ཁྲི་བཙད་པོ་ནས་བཟུང་སྟེ། གནམ་གྱི་ཁྲི་བདུན། ས་ལ་ལེགས་དྲུག བར་གྱི་ལྡིང་གཉིས། ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ། རིག་པ་ཅན་གྱི་རྒྱལ་བོ་བཞི། ཡོན་ཏན་ཅན་གྱི་རྒྱལ་པོ་ལྔ། རྒྱལ་རབས་དེ་ཙམ་གྱི་རིང་ལ་གཡུང་དྲུང་གི་བོན་ལ་རང་དོན་ཐོས་བསམ་སྒོམ་པ། གཞན་དོན་དུ་འཆད་རྩོད་རྩོམ་པ་སོགས་ལ་བརྟེན་ནས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པའི་གྲུབ་ཆེན་ཟམ་མ་ཆད་པ་ཉི་ཤུ་རྩ་བཞི། གསང་བདག་གྲུབ་པའི་དབང་པོ་རང་ཉིད་གཅིག་པུ་ཙམ་གྱིས་མི་ཚད་རྒྱལ་ཁམས་དང་གྲོང་ཁྱེར་དང་། སློབ་མའི་ཚོགས་ཙམ་ཕུང་པོ་ལྷག་མེད་དུ་བྱེད་པའི་རིག་འཛིན་གྲུབ་ཆེན་བརྒྱད་ཅུ། མཐུ་བོ་ཆེན་པོ། རི་བོ་ཕྱག་གིས་འདེགས་པ། རྒྱ་མཚོ་ཧུབ་ཀྱིས་འཐུང་བ། ཉི་ཟླ་ཕྱག་གིས་འཛིན་པ་སོགས་ཀྱི་ཆོ་འཕྲུལ་འགྱེད་པའི་མི་དགུ། གཞན་ཡང་གཡུང་དྲུང་གི་བོན་ཐེག་པ་རིམ་དགུ་སོ་སོ་ལ་སྤྱོད་པའི་གང་ཟག་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་དེ་དག་གི་དུས་སུ་ཡང་རིག་པའི་གནས་ལྔ་ལ་བརྟེན་ནས་རྒྱལ་ཁམས་ཞི་བདེ་ལ་བཀོད་དེ་ཇི་ལྟར་ན། ཕས་ཀྱི་རྒོལ་བ་སྒྲས་ཚར་གཅོད། ནད་ཀྱིས་གདུང་བ་སྨན་གྱིས་གསོས། གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ་བའོ། །
བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་དུ་བཙུན་མོ་དང་བློན་པོས་ཕྲ་མའི་རྐྱེན་ལ་བརྟེན་ནས། གཡུང་དྲུང་གི་བོན་འདི་ལན་གཅིག་བོད་དབུས་གཙང་གཉིས་ཀྱི་ས་སྐོར་དུ་བསྣུབས་ཏེ་མི་དར་བར་བྱས་སྐབས་བོན་གཤེན་གྲུབ་པ་ཐོབ་པ་རྣམས་ཀྱིས་ལན་གཅིག་བྱེད་ཐབས་མ་རྙེད་ནས་གཏན་དུ་ནུབ་པར་འཕངས་པ་དང་ཕྱི་ནས་གཡུང་དྲུང་བོན་དར་ཞིང་རྒྱས་པའི་སྐབས་ཡོང་བ་སོགས་ལ་གཟིགས་ནས་ཟབ་གཏེར་རྒྱལ་བློན་མིང་ཅན་དུ་བྱས་ཏེ་ཕྱོགས་ཕྱོགས་སུ་སྦས་ནས་གཏེར་བདག་རྣམས་ལ་བཅོལ་ལོ། །
བོན་སྡེ་མང་ཆེ་བ་ཞིག་ཚིག་གི་ཆ་ནས་བཅོས་ཏེ་ཆོས་ལ་སྒྱུར་བ་དེང་སང་ཡང་གཏེར་ཆོས་ཀྱི་ཕྱོགས་སུ་སྤྱོད་མུས་ལ། དེ་དུས་ཆོས་ལ་སྤྱོད་སྤེལ་བྱེད་པའི་གཙོ་བོ་མཁན་ཆེན་བྷོ་ངྔྷེེ་ས་ཏྭའམ་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གསུམ་མོ། མཁན་ཆེན་འདི་བོད་ཡུལ་དུ་གཡུང་དྲུང་གི་བོན་དར་རྒྱས་ཡོད་པའི་སྐབས་སུ་བོད་ཡུལ་དབུས་ཀྱི་ས་ཆ་རུ་འཁྲུངས་པ་ཡིན་ཞིང་། དེ་ཡང་མོ་པྲ་མཁན་གྱི་རྐྱེན་ལ་བརྟེན་ནས་ལོ་བཅོ་ལྔའི་དུས་སུ་ཁ་ཆེའི་ཡུལ་དུ་སྤྱུགས་སོ། །
ཁྱེའུ་དེ་གཞན་དང་མི་འདྲ་བའི་རིག་པའི་རྩལ་དང་ལྡན་པས་ཁ་ཆེ་དང་རྒྱ་གར་གྱི་སྐད་ལ་མཁས་ཤིང་དེ་དག་གི་མཁས་པ་རྣམས་ཀྱི་དྲུང་དུ་གཏུགས་ནས་ཆོས་བསླབས་ནས་པཎྚི་ཏ་ཆེན་པོ་རུ་གྱུར་ནས་ལོ་ཙྭ་བར་གྱུར།
སློབ་དཔོན་འདི་བླ་ཆེན་དྲན་པ་ནམ་མཁའི་སྲས་ཡིན་ཞིང་། དྲན་པ་ནམ་མཁའ་འདི་བོད་ཡུལ་དྭགས་པོའི་ས་ཆ་རུ་ཡབ་དམུ་གཤེན་དག་པ་དང་ཡུམ་བདའ་ཟ་མཁར་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས་པ་གཅིག་དང་། ཡང་ཡུལ་ཁྱུང་ལུང་དངུལ་མཁར་རྒྱལ་བ་གཉིས་པའི་ཚལ་དུ་ཡབ་རྒྱུང་ཡར་མུ་ཁོད་དང་། ཡུམ་ཕྱྭ་བཙུན་གུང་མ་གཉིས་ལ་སྲས་སུ་འཁྲུངས་པ་གཉིས་ངོ་བོ་གཅིག་ལ་གཉིས་སྣང་དུ་བྱུང་བ་ཡིན་པར་བཤད། བླ་ཆེན་དྲན་པ་ནམ་མཁའ་འདིས་ཤ་རི་དབུ་ཆེན། གྱིམ་ཚ་རྨ་ཚང་། ལྕེ་ཚ་མཁར་བུ། སྟོང་རྒྱུང་མཐུ་ཆེན་དང་བཞི་ལ་གཏུགས་ཤིང་ཐོས་བསམ་ཕུལ་ཕྱིན་དུ་མཛད།
གཞན་ཡང་རྒྱ་གར། སྟག་གཟིག་བྲུ་ཤ་སོགས་ཀྱི་མཁས་པ་རྣམས་ལ་གཏུགས་ཤིང་ཐུགས་བཅུད་བླངས། ཕྱི་རོལ་མུ་སྟེགས་དྲུག་སྡེའི་སྟོན་པ་ནུས་པ་ཐོན་པ་སོགས་ཀྱིས་རྒོལ་བ་བཟློགས་པས་ནང་པ་སངས་རྒྱས་ཀྱི་བསྟན་པ་འཛིན། སྐབས་ཤིག་ཏུ་གསང་སྔགས་ཀྱི་ཕྱག་རྒྱ་མ་འོད་ལྡན་འབར་མ་གྲོགས་སུ་བསྟེན་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་མཆོག་གསང་བདག་གྲུབ་ཆེན་གོང་མས་བྱིན་གྱིས་བརླབས་པའི་སྲས་གཉིས་བསྐྱེད་དེ་གང་ཞེ་ན། སྲས་གཉིས་མཚེ་མ་རུ་འཁྲུངས་པ་ཡིན་ཡང་སྔོན་དུ་གཅེན་པོ་ཚེ་དབང་རིག་འཛིན་དང་། རྗེས་སུ་གཡུང་དྲུང་མཐོང་གྲོལ་འཁྲུངས་སོ། །སྲས་གཉིས་ལ་ཡབ་ཀྱིས་གསང་བ་ཡང་གསང་གི་དབང་གདམས་བུམ་པ་གང་བྱོའི་ཚུལ་དུ་གནང་ནས་གཅེན་པོ་བོད་ཡུལ་འགྲོ་བའི་མགོན་དུ་གྱིས་ཤིག་ཅེས་པའི་བཀའ་གནང་། གཅུང་པོ་ལྷོ་ནུབ་སྲིན་པོའི་ཁ་གནོན་ཏུ་དྲག་པོ་སྔགས་ཀྱི་དབང་བསྐུར་ཏེ་བཏང་བ་ལ་ཕྱོགསཔའི་སྐབས་ཤིག་ཏུ་ཡུམ་གྱིས་མེ་ཏོག་པདྨའི་སྡོང་པོ་ཁ་བྱེ་བ་ཞིག་གི་ཐོག་ཏུ་བཞག་ནས་ཡུམ་ཚོགས་གྲལ་གཞན་ཞིག་ཏུ་བཞུད་པ་ཕྱིར་ཕེབས་པ་དང་ཉི་མ་ནུབ་ནས་མེ་ཏོག་རྣམས་ཁ་ཟུམས་པས་སྲས་མ་རྙེད་པས་དེ་སྐོར་གྱི་མེ་ཏོག་རྣམས་བསྒྲུགས་ནས་ཆུ་ལ་བསྐྱུར་རོ། །
པད་སྡོང་ཆུ་ཡིས་ཁྱེར་བ་ཟ་ཧོར་རྒྱལ་པོ་ཨིན་དྲ་བྷོ་ངྔྷི་ལ་སྲས་པོ་མེད་པ་དེ་ཡི་སྲས་སྐལ་དུ་བརྙེད་པ་ནས་བཟུང་ཏེ་རང་བྱུང་རྫུས་སྐྱེའི་ཚུལ་གྱི་རྣམ་ཐར་གཏེར་ཆོས་ཕྱོགས་སུ་དར་ཁྱབ་ཏུ་ཡོད་པ་ལྟར་རོ། །འདིས་བསྟན་པའི་ཆོས་ཀྱི་གཙོ་བོ་གསང་སྔགས་བླ་མེད་རྫོགས་པ་ཆེན་པོའི་ཆོས་རྣམས་ཡིན་ཞིང་། དེ་ཡི་བརྗོད་བྱ་སེམས་ཀློང་མན་ངག་སྡེ་གསུམ་གྱི་ཁོངས་ནས་ཁྲེག་ཆོད་དང་ཐོད་རྒལ་གྱི་གནད་ཡོངས་རྫོགས་བསྟན་པའི་དྲིན་གྱིས་ཆོས་རྒྱུད་འདི་ལ་འཇའ་ལུས་འཕོ་ཆེན་བརྙེས་པའང་དུ་མ་ཡོད་དོ། །
འདི་རྣམས་ཁུངས་ལྡན་གྱི་ལུང་དོན་དཔྱད་ནས་བཀོད་པ་ཡིན་ཞིང་རང་གི་འདོད་དབང་གིས་བཞག་པ་མིན་པས་རང་གཞན་གྱི་གྲུབ་མཐའ་ཐམས་ཅད་ཀྱི་དགོངས་དོན་རྣམ་དཔྱོད་ཀྱི་མིག་ཕྱེས་ནས་བལྟས་ན་གསལ་པོར་མཐོང་ཡོང་བ་ཡིན་ཞིང་གཞན་ཕྱོགས་ལ་བལྟ་བའི་མིག་ལོང་ན་བསྟན་པའི་དེ་ཉིད་མཐོང་བ་དཀོན་ནོ། །དེ་ཡང་གོང་དུ་བོན་བསྣུབས་པའི་སྐབས་སུ་བོན་འདི་སངས་རྒྱས་ཀྱི་བསྟན་པ་ཡང་དག་མིན་ནས་བསྣུབས་པ་མ་ཡིན་ཞིང་། བོད་རྒྱལ་རེ་རེའི་སྐུ་རིང་ལ་སྐུ་སྲོག་འཚོ་བའི་བོན་གཤེན་རྣམས་ལ་གཙིགས་ཆེན་པོ་འཇོག་པའི་སྲོལ་ཡོད་པ་ལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཐུགས་མ་མཉེས་པ་དང་། ལོ་ཙཱ་བའི་ཞུ་བ་མཁས་པ་དང་། བོན་འདི་ལན་གཅིག་ནུབ་པའི་རྟགས་མཚན་ཤར་བ་སོགས་ལ་བརྟེན་ནས་བསྣུབས་སོ། །
དེ་ཡི་རྐྱེན་གྱིས་བོད་ཁམས་སུ་མི་དགེ་བའི་པྲ་ལྟས་མང་པོ་བྱུང་བས་གཏན་མེད་དུ་མ་བསྣུབ་པར་སླར་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གནམ་ལ་ཉི་ཟླ་ཟུང་གཅིག་ཆགས་པ་བཞིན། ས་ལ་བན་བོན་སྡེབ་གཅིག་ཏུ་སྤྱོད་རྒྱུ་ཞལ་གྱིས་བཞེས་ནས་སྤྱད། དེ་རྗེས་རིམ་པར་གཡུང་དྲུང་གི་བོན་འདི་རྩ་ཉམས་སུ་མ་སོང་བར་མིང་མ་བོར་ཙམ་ཞིག་ཏུ་དར་སྐབས་ཕྱོགས་ཕྱོགས་ནས་གྲུབ་དབང་གོང་མའི་བྱིན་གྱིས་བརླབས་པའི་ལས་ཅན་གཏེར་ཆེན་བརྒྱ་རྩ་སོགས་ཀྱིས་གཏེར་དང་དག་སྣང་ལས་བྱུང་བའི་བོན་སྡེ་རྨད་བྱུང་དཔྱད་གསུམ་གྱིས་དག་པ་བཀའ་དང་བཀའ་བརྟེན་གཉིས་སུ་བྱུང་ཞིང་བཀའ་འགྱུར་ལ། མདོ་སྡེ་པོད་གྲངས་དྲུག་ཅུ་རེ་གཉིས་དང་། འབུམ་སྡེ་པོད་གྲངས་དགུ་བཅུ་གོ་གསུམ། གསང་སྔགས་རྒྱུད་སྡེའི་པོད་གྲངས་བཞི་བཅུ། མཛོད་སྡེ་ཞེས་པ་སེམས་ཕྱོགས་རྫོགས་ཆེན་གྱི་རྒྱུད་སྡེ་བཞི་བཅུ་ཞེ་གཉིས་ལས་བཀའ་ལ་པོད་གྲངས་བཅུ་བཞི། ཁྱོན་བསྡོམས་པོ་ཏི་ཉིས་བརྒྱ་དང་དགུ བསྟན་འགྱུར་ལ་པོད་གྲངས་ཉིས་བརྒྱ་དང་བཅོ་བརྒྱད་དུ་ཡོད་པ་ཡིན། འདི་རྣམས་དུས་ངན་བསྟན་གཤེད་ཀྱིས་དབང་མ་བསྒྱུར་བའི་བར་དུ་སྟོད་ཁྱུང་ལུང་ནས་སྨད་རྒྱ་མཚམས་བར་དར་ཁྱབ་ཏུ་བཞུགས་ཤིང་། ད་ལྟ་ཡང་རྩ་བ་མ་བརླགས་ཙམ་ཉག་རོང་དབལ་ཁྱུང་དགོན་དུ་བཞུགས་ཡོད། དེ་རྣམས་ཀྱི་བརྗོད་བྱ་དྲང་ངེས་ཐམས་ཅད་རིམ་དགུ་ཐེག་པའི་དོན་ལ་འདུས་ཤིང་། དེ་ཡི་དོན་ཕྱི་ནས་འཆད་པར་འགྱུར།