ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> བོན་བསྟན་བྱུང་འཕེལ། >> མདོ་སྨད་འབྲུག་དཀར་གཙང་པོ་དང་འཕན་ཆུའི་ཡུལ་དུ་བོན་བསྟན་དར་བའི་ལོ་རྒྱུས་རགས་རིམ་ཙམ་བརྗོད་པ།
མདོ་སྨད་འབྲུག་དཀར་གཙང་པོ་དང་འཕན་ཆུའི་ཡུལ་དུ་བོན་བསྟན་དར་བའི་ལོ་རྒྱུས་རགས་རིམ་ཙམ་བརྗོད་པ།
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། ངག་དབང་རྒྱ་མཚོ།] [ཟླ་ཚེས། 10-07-04] [ཀློག་གྲངས། ]

     མདོ་སྨད་རོང་ཆེན་བཞིའི་ཡ་གྱལ་གསེར་གཞོང་ཐེ་བོ་རོང་དང་ཆུ་རྒྱུད་གཅིག་པའི་འབྲུག་དཀར་གཙང་པོའི་འགྲམ་ངོགས་སུ་ཆགས་པའི་གསེར་ཀུན་འཁྱིལ་ཏེ་ད་ལྟའི་འབྲུག་ཆུར་གྲགས་པའི་གནས་སུ་ས་དགེ་བཀའ་རྙིང་སོགས་ནང་པའི་གྲུབ་མཐའ་ཅི་རིགས་དར་ཡང་། དར་ཡུན་རིང་ལ་ཁྱབ་རྒྱ་ཆེ་བ་ནི་བོན་པོའི་ཆོས་ལུགས་ཡིན། ཐེ་བོ་རོང་དང་འབྲུག་ཆུ་རུ་བོན་ཆོས་དར་བའི་དུས་ཡུན་རིང་སྟེ། དེ་ཡང་ཁ་རྒྱུན་དུ་ཐེ་བོ་ནི་གནམ་བོན་པོ། ས་བོན་པོ། མྱི་བོན་པོ་ཞེས་བཤས་སྲོལ་ཡོད་པ་དང་། ཐེ་བོའི་མིང་ཐོགས་ཚུལ་ནི་སྲིད་པ་སངས་པོ་འབུམ་ཁྲིའི་ལྕམ་མོ་ཆུ་ལྕམ་རྒྱལ་མོས་བྲག་དཀར་བྱ་རྒོད་དུ་བྲག་ཏུ་མཐེབ་རྗེས་བཞག་སྟབས་མཐེ་བོང་ཞེས་ཐོགས་རུང་རིམ་གྱིས་ཐེ་བོར་འགྱུར་བ་ཡིན།

      ཐེ་བོ་རོང་དུ་སྔོན་བོན་དགོན་བཅུ་དྲུག་དང་འབྲུག་ཆུར་བོན་དགོན་གཉིས་ཡོད་པ་ལས་ཐེ་བོར་ད་ལྟ་སླར་གསོ་བྱས་པའི་དགོན་པ་ལྔ་དང་། འབྲུག་ཆུར་ད་ལྟ་སླར་གསོ་བྱས་པའི་དགོན་པ་གཅིག་ཡོད།
དང་པོ། ཐེ་བོ་དང་འབྲུག་ཆུའི་ཡུལ་དུ་སྲིད་པའི་བོན་དར་ཚུལ།

      དེ་ཡང་མདོ་སྨད་ཐེ་བོ་དང་འབྲུག་ཆུའི་རོང་དུ་བོན་བསྟན་དར་བའི་ལོ་རྒྱུས་མདོ་ཙམ་བརྗོད་ན། སྟོན་པ་གཤེན་རབ་མི་བོ་རྫུ་འཕྲུལ་གྱིས་ཐེ་བོའི་དམུ་རི་སེང་གེ་རྫོང་ལ་ཞབས་ཀྱིས་བཅགས་ཚུལ་དམུ་རིའི་དཀར་ཆག་༼༡༽སོགས་སུ་བྲིས་ཡོད་པ་དང་། སྟོད་དུ་རྒྱལ་པོ་གྲི་གུམ་བཙན་པོ༼༢༽དང་ཁྲི་སྲོང་གིས་བོན་བསྣུབས༼༣༽ཏེ་བོན་གྱི་རྗེས་འཇུག་པ་རྣམས་ཀྱིས་མདོ་སྨད་ཐེ་བོའི་བྲག་དཀར་བྱ་རྒོད་རྫོང་དང་དམུ་རི་སེང་གེ་རྫོང་དུ་བོན་ཆོས་གཏེར་དུ་སྦས་ཚུལ་དམུ་རིའི་དཀར་ཆག་དང་བྲག་དཀར་བྱ་རྒོད་རྫོང་གི་དཀར་ཆག་གཉིས་སོགས་སུ་གསུངས། དེའི་རྗེས་སུ་སྤུར་རྒྱལ་བོད་ཀྱི་མངའ་རིས་རྒྱ་བསྐྱེད་པ་དང་བསྟུན་ནས་བོད་དམག་མང་པོ་ཡུལ་མདོ་སྨད་དུ་བྱོན། ས་མཚམས་སྲུང་བའི་དམག་དཔུང་དང་མཉམ་དུ་ཕྱིན་པའི་བོན་པོ་དག་གིས་སྒྲ་བླ་བསྟོད་པ་དང་། ཀླུ་གཉན་བསྐང་བའི་ལས་ཅི་རིགས་མཛད། བོན་པོ་དེ་རིགས་ཡུལ་མཐའ་འཁོབ་དུ་གནས་ཏེ་སྲིད་པའི་རྒྱུ་བོན་གྱི་༼༤༽ཆོ་ག་སྤེལ། ཆོ་ག་སྤེལ་བའི་བོན་པོར་ལྷ་བདག་ལེའུ་དང་བོན་པོ་ལེའུ༼༥༽ཞེས་ཟེར། ལེའུ་ནི་ལྷེའུ་གཉིས་དང་དོན་མཐུན་ཏེ། ལྷ་ཆུང་ཆུང་ཞེས་པའི་དོན་དུ་འཇུག མིང་གི་རྣམ་གྲངས་སུ་ལྷ་བདག་ལེའུ། ལེའུ་ལྷ་གསས། གནམ་མྱི་སོགས་ཡོད། ལེའུ་ལྷ་བདག་གི་བྱེད་ལས་གཙོ་བོ་ནི་བདུད་བཙན་དྲག་པོ་ལ་གླུད་འདལ་བ། ལྷ་ལ་ཡོན་ཕུལ་བ། བོན་ལ་བརྔན་སྦྱིན་པ། འདྲེ་ལ་ཡས་སྦྱིན་པ། བླ་བསླུ་དང་འཆི་བསླུ། གཉན་དུ་བྱ་འགྱོགས་པ། ༼༦༽གཏོ་ཡིས་གདོན་ཞི་བ་དང་སྨན་གྱིས་ནད་འཇོམས་པའི་ལས་བྱེད་པ། ལེའུ་རྣམས་ཀྱི་འདོད་ཆ་གཙོ་བོ་ནི་ཆབ་ནག་རྒྱུའི་བོན་ཏེ། ཐེག་དགུའི་དབང་དུ་བཏང་ན་ཕྱ་གཤེན་སྣང་གཤེན་འཕྲུལ་གཤེན་སྲིད་གཤེན་རྒྱུའི་བོན་བཞི་ཡིན། ཐེ་བོ་བར་བ་དང་སྨད་འབྲུག་ཆུའི་ཡུལ་དུ་གྲོང་སྡེ་རེ་རེར་ཨ་མྱེས་ལེའུ་ཞེས་ད་ལྟའི་བར་དུ་ཡོད། ལེའུ་རྣམས་ཀྱི་ཆ་བྱད་ནི་མགོར་དོམ་རལ་བཅིངས་བ་དང་། ལག་ཏུ་སིལ་སྙན་དང་ཁྱུང་འཛིན་པ། གོན་རྒྱུ་བོད་མི་ཕལ་བ་དང་འདྲ། དཔྱིད་ཟླ་ར་བར་གྲོང་དུ་སྐུ་རིམ་དང་སྲུང་འཛུགས་པ། ལྷ་འབོད་གཡང་འབོད། དཔྱིད་ཁར་གཉན་དུ་བྱ་འཇོག་པ། ཀླུ་སྐྱེལ་བ། བླ་བླུ་བླ་འགུགས། སྟོན་ཁར་གཏོ་བདལ་བ། དེ་དག་གིས་གཉེན་སྟོན་དུ་གཡང་འབོད་དང་གཡང་འགུགས། ཤི་བོར་འདུར་ཐབས། མོ་བཏབ་ནས་ལེགས་ཉེས་འབྱེད་པ། གྲོང་སྡེ་ནང་དུ་གོ་གནས་ངེས་ཅན་ཞིག་ཏུ་ཟིན་ཡོད། ལེའུ་རྣམས་འདུ་ཁང་མེད་རུང་། བོད་ཟླ་གཉིས་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅོ་ལྔའི་བར་དུ་གཏོ་བདལ་བའི་དུས་ཆེན་ཞིག་ཡོད་དེ། ཉིན་དེ་ལ་ལེའུ་རྣམས་ཚོགས་ནས་གཏོ་རིགས་སྣ་ཚོགས་བཞེངས་ནས་གྲོང་བ་དང་མཉམ་དུ་གཏོ་བདལ་དགོས། ཕྱིས་སུ་གཡུང་དྲུང་བོན་དར་ནས་བཟུང་སྲིད་པའི་བོན་རྒྱུད་འཛིན་པ་དེ་དག་ཉམས་དམས་སུ་སོང་རུང་རྒྱུན་ཆད་མེད་དོ།།

      ལེའུ་ལ་དབྱེ་ན་རིགས་གཉིས་ཡོད་དེ། སྲིད་པའི་ལེའུ་དང་མགོན་པོ་ལེའུ། སྲིད་པའི་ལེའུ་ནི་བོན་ལུགས་དང་། མགོན་པོ་ལེའུ་ནི་བན་ཁའི་སྔགས་པའོ།།

      གཉིས་པ། འབྲུག་དཀར་གཙང་པོའི་གཡུང་དྲུང་བོན་དར་ཚུལ།

      སྟོན་པ་གཤེན་རབ་ཀྱི་བཀའ་རྣམས་ལ་ཉམས་རྒུད་ཅི་རིགས་བྱུང་སྟེ་ཡོངས་རྫོགས་གཏེར་དུ་སྦས་པར་ཕྱིས་སུ་ཨ་ཙ་ར་མི་གསུམ་དང་སོག་པོ་སྤྲེལ་སློག་ཅན་སོགས་ཀྱིས་གཏེར་ནས་དྲངས། ལྷག་པར་གྲི་གུམ་བཙན་པོས་བོན་བསྣུབས་པས་ཟབ་གཏེར་སུམ་བརྒྱ་དྲུག་ཅུ་གཏེར་དུ་སྦས། ཁྲི་སྲོང་ལྡེའུ་བཙན་གྱིས་ས་གླང་ལོར་བོན་བསྣུབས་པས་བོན་དཔེ་ཕལ་ཆེར་གཏེར་དུ་སྦས་སོ།། ལྕགས་བྱ་ལོར་ཨ་ཙ་ར་མི་གཉིས་ཀྱིས་བསམ་ཡས་ཅ་ཏི་དམར་པོའི་གཏེར་ཐོན། མེ་སྦྲུལ་ལོར་གཤེན་ཆེན་ཀླུ་དགས་འབྲིག་མཚམས་ནས་གཏེར་ཞལ་ཕྱེས་ཏེ་བསྟན་པ་ཕྱི་དར་འགོ་ཚུགས། གཤེན་ཆེན་ཀླུ་དགས་ལྷོ་གཏེར་གཙོ་བྱས་པའི་བོན་གཏེར་མང་པོ་བཏོན་ནས་བོན་བསྟན་རྒྱས་པར་མཛད། ཁོང་གི་སློབ་མ་བྲུ་ཞུ་སྤ་སྨེ་གཤེན་བཅས་ཡིན། གཡང་དྲུང་བོན་དར་བར་སྟོད་དུ་བྲུ་ཞུ་སྦ་སྨེ་གཤེན་༼༧༽དང་། བར་དུ་ཁྱུང་པོ་དཀར་ཁྲ་གསུམ།༼༨༽སྨད་དུ་མདོ་སྨད་གཞི་ཆེན་བཅོ་བརྒྱ་༼༩༽དང་མདོ་སྨད་འཕགས་པ་རྣམ་གསུམ།༼༡༠༽དེ་ཡང་ཞུ་ཡེ་ལེགས་པའི་སྲས་ལྷ་རྗེ་སྐྱིད་པོ། ལྷ་རྗེ་སྐྱིད་པོའི་སྲས་ཞུ་རྗེ། ཞུ་རྗེའི་བུ་ཞུ་སྒོམ་འཁྲུལ་ཞིག ཞུ་སྒོམ་འཁྲུལ་ཞིག་ལ་སློབ་མ་སྐུ་ཞིག་དྲུག ཐུགས་ཞིག་དྲུག་ལ་ལོ་རྒྱུས་སུ་ཞིག་ཆེན་བཅོ་བརྒྱུད་གྲགས། གཡུང་དྲུང་བུ་འབོར་བཞི་༡༡དང་གཡུང་དྲུང་སྡེ་བདག་བདུན་༡༢སོགས་བྱུང་། དེ་དག་གིས་མདོ་སྨད་བྱང་རྒྱུད་དུ་དགོས་པ་བཏབ་པ་དང་བོན་གྱི་བསྟན་པ་སྤེལ། མདོ་སྨད་ལྷོ་རྒྱུད་དུ་གཙོ་བོ་མདོ་སྨད་འཕགས་པ་རྣམ་གསུམ་ཏེ། སྐྱང་འཕགས་ནམ་མཁའི་གཡུང་དྲུང་། གཙོ་འཕགས་ཟླ་བ་རྒྱལ་མཚན། དོ་འཕགས་རིན་པོ་ཆེ་བཅས་ཀྱིས་སྤེལ་བ་ཡིན། ཐེ་བོའི་སྟོད་པ་དང་བར་བ་གཙོ་འཕགས་ཀྱིས་བོན་བསྟན་སྤེལ་བ་དང་། ཐེ་བོའི་སྨད་དང་འབྲུག་ཆུའི་ཡུལ་དུ་སྐྱང་འཕགས་ཀྱིས་བསྟན་པ་སྤེལ་བ་དང་དགོན་པ་བཏང་། དེང་འདིར་ཕལ་ཆེར་སྐྱང་རྒྱུད་དུ་གཏོགས།

      གཅིག སྐྱང་འཕགས་མུ་ལ་དྲུང་མུའམ་སྐྱང་འཕགས་ནམ་མཁའ་གཡུང་དྲུང་ནི་རབ་བྱུང་དང་པོའི་སྟོད་ཙམ་དུ་འཕན་ཆུའི་སྒུར་བ་ཁོག་ཏུ་འཁྲུངས་། སྐྱང་འཕགས་ཀྱིས་ཨ་སྐྱིད་སྐྱང་ཚང་དགོན་ཏེ་སྟོད་སྐྱང་དང་སྐུར་བ་སྐྱང་ཚང་སྟེ་སྨད་སྐྱང་བཏབ། བྱང་སྒུར་སྐྱང་ལྷོ་་ལྷ་སྡིངས་ཞེས་སྒུར་སྐྱང་སྐབས་དེ་ཤིན་ཏུ་དར་ཆེ། ཁ་རྒྱུད་དུ་སྐྱང་དགོན་ཁག་བདུན། ༡༣ཕྱི་དགོན་ལག་བཅོ་བརྒྱད། ༡༤དགོན་མ་ལག་ལྔ་བཅུ་བཅུ་ང་བཞི། ཕུར་ཐོགས་སྟོང་དང་ལྔ་བརྒྱ་ཞེས་གྲགས། མདོ་སྨད་ཤར་བ་དང་འཕན་ཆུ། ཐེ་བོ་སོགས་སུ་དགོན་ལག་མང་པོ་ཡོད། སྐྱང་འཕགས་བཞུགས་སྐབས་ཐེ་བོ་ཁོག་ཏུ་ཞབས་ཀྱིས་བཅགས་ཏེ་རི་ཁྲོད་མང་ཙམ་བཏབ་ཡོད། སྐྱང་འཕགས་ཀྱི་གདུང་རབས་བཅུ་གསུམ་པ་གཙུག་ཕུད་ཚུལ་ཁྲིམས་ཀྱིས་མདོ་སྨད་ཐེ་བོའི་ལྷ་གཟིགས་སུ་རྒོད་པོ་དགོན་པ་བཏབ་པ་དང་། འབྲུག་ཆུའི་ཇོ་དེངས་གདོན་༡༥ཡང་སྐབས་དེར་བཏབ་པར་གསལ། ཇོ་དེངས་དགོན་ནི་སྐྱང་གི་དགོན་ལག་བཅོ་བརྒྱད་དུ་གཏོགས་སོ།། འ་ཞ་ནགས་གོང་དགོན་པ་ནི་སྐྱང་འཕགས་ནམ་མཁའི་གཡུང་དྲུང་གིས་བཞེངས་ཞེས་དགོན་དེའི་ལོ་རྒྱུས་སུ་གསལ། ཕྱིས་སུ་སྐྱང་གི་གཙུག་ཕུད་ཚུལ་ཁྲིམས་ཀྱིས་སླར་གསོ་བྱས་པ་ཡིན། དགོན་པ་དེ་ནི་ཐེ་བོ་ཁོག་གི་བོན་དགོན་ཆེས་སྔ་བ་ཡིན། ཐེ་བོ་བྱ་བྲང་དགོན་པ་ནི་སྒུར་སྐྱང་གི་བླ་མ་གསེར་སོ་ཅན་གྱིས་སྤྱི་ལོ་༩༨༩ལ་བཏབ་ཅེས་བྱ་བྲང་དགོན་པའི་ལོ་རྒྱུས་སུ་ཡོད་ཀྱང་། བླ་མ་གསེར་སོ་ཅན་ནི་སྐྱང་འཕགས་ཀྱི་གདུང་རྒྱུད་དུ་གྲགས། སྐྱང་འཕགས་ནི་རབ་བྱུང་དང་པོའི་སྟོད་ཙམ་གྱི་མི་ཡིན་པས། ལོ་ཚིགས་ནོར་བ་ཡིན་སྙམ། སྐྱང་འཕགས་ཀྱི་གདུང་རྒྱུད་རྣམས་ཀྱིས་ཐེ་བོའི་ཝ་པ། བྱ་འབབ་དང་མ་ཡག་བང་ཚང་སོགས་སུ་བོན་དགོན་འགའ་རེ་བཏབ་རུང་ཅོ་ནེ་ས་སྐྱོང་གིས་དགེ་ལུགས་སུ་བསྒྱུར། ༡༦ཐེ་བོའི་སྟག་ར་ཁོག་ཏུ་སྐྱང་གི་གདུང་རྒྱུད་བཅུ་བདུན་པ་རྒྱལ་བ་གཡང་དྲུང་ཕུན་ཚོགས་ཀྱིས་རི་ཁྲོད་དག་གཅིག་ཏུ་བསྡུས་ཏེ་ཆགས་རི་དགོན་པ་བཏབ། དགོན་པ་འདི་སྤྱི་ལོ་༡༩༢༠ལོར་མེ་འཇིགས་བྱུང་སྟེ་ཟམ་མདོར་གནས་སྤོར་བས་ཟམ་མདོ་དགོན་ཡང་ཟེར། དེང་འདིར་སྔོན་གྱི་རང་གནས་སུ་གཙུག་ལག་ཁང་བཞེངས་ཏེ་འདུལ་འཛིན་པའང་མཆིས། སྐྱང་རྒྱུད་དུ་མཁས་པ་གྲགས་ཅན་མང་ཙམ་བྱོན་མྱོང་སྟེ། སྤྱི་ལོ་༡༧༧༧ལོར་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་ཐེ་བོའི་སྟག་རའི་ཁོག་ཏུ་འཁྲུངས། གསུང་འབུམ་པོད་དུ་མ་ལྷག་བཞུགས། སྤྱི་ལོ་༡༨༧༩ལོར་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་ཐེ་བོ་སྨད་ཀྱི་རྒྱ་ཉག་ཏུ་འཁྲུངས། གཞན་ད་དུང་རྒྱལ་བ་གཡུང་དྲུང་ཕུན་ཚོགས་དང་གཡུང་དྲུང་རིན་ཆེན་སོགས་མཁས་གྲུབ་མང་ཙམ་བྱོན་ཡོད།

       གཉིས། གཙོ་འཕགས་ཟླ་བ་རྒྱལ་མཚན་ནི་བོད་ལྗོངས་གཙང་གི་མི་ཡིན་ཟེར། གཙང་ནས་ཡོང་བས་གཙང་འཕགས་ཞེས་དང་། ཐེ་བོའི་བྲག་དཀར་བྱ་རྒོད་རྫོང་དུ་མཚམས་ལ་ཡུན་རིང་བཞུགས། བྲག་དཀར་མདུན་དུ་ཉོས་ཞིང་དགོན་པ་བཏབ། རྗེས་སུ་རྒྱ་ཉག་གཙོ་ཙི་ཁག་ཏུ་བཞུགས་ཏེ་སྲས་གཉིས་འཁྲུངས། རྒྱ་ཉག་ཁོང་གི་བོན་དགོན་དྲུག་བསྡུས་ཏེ་རྒྱ་ཉག་རྩགརི་དགོན་པ་བཏབ། སྲས་ཆེ་བས་རྩ་རི་དགོན་པའི་གདན་ས་བཟུང་། བཅིངས་འགྲོལ་སྔོན་དུ་དགོན་འདིར་གྲྭ་པ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པས། ཐེ་བོ་ཁོག་གི་དགོན་པ་ཆེ་གྲས་ཞིག་ཡིན༎ སྲས་གཉིས་པས་ནོར་དགེ་བཟེད་ཁ་དགོན་པ་བཏབ། ཁ་པའི་བསམ་གྲུབ་དགོན་པ་ནི་གཙོ་འཕགས་ཀྱི་གདུང་རྒྱུད་འཁྲུལ་མེད་གཙུག་ཕུད་རྒྱལ་བས་བཏབ་པ་ཡིན། བཟེད་ཁ་དགོན་དང་བྱ་བྲང་དགོན། གསེར་གཞོང་དགོན་གསུམ་དེང་འདིར་དགོན་གཅིག་ཏུ་འདུས་ཡོད། གཞན་ཐེ་བོ་ས་ཁུལ་དུ་བོན་དགོན་མང་པོ་ཅོ་ནེ་ས་སྐྱོང་གིས་དགེ་ལུགས་སུ་བསྒྱུར་བའི་ལོ་རྒྱུས་མདོ་སྨད་ཆོས་འབྱུང་དང་ཅོ་ནེ་བསྟན་འགྱུར་དཀར་ཆག་སོགས་སུ་གསུངས། ཐེ་བོ་སྟོད་ཀྱི་བྲག་དཀར་བྱ་རྒོད་རྫོང་ངམ་བྲག་དཀར་གཉན་གྱི་ཕོ་བྲང་ནི་གནས་མཆོག་ཁྱད་པར་ཅན་ཡིན་ཏེ། འཛམ་གླིང་གི་གནས་ཆེན་ཉེར་བཞིའི་༡༧གྲས་སུ་ཡོད། གནས་རིར་སྒྲུབ་ཕུབ་མང་བ། མཁས་གྲུབ་མང་པོས་ཞབས་བཅགས་ཏེ་བྲག་དཀར་མདུན་དུ་ཉོས་ཞིང་དགོན་པ་བཏབ་ཡོད། ལོ་ལྟར་གན་རིར་བསྐོར་བ་བྱེད་མཁན་མང་། བོན་ལུགས་ཀྱིས་གཡོན་སྐོར་དང་བན་ལུགས་ཀྱི་གཡས་སྐོར་བྱས་ཏེ་སྐོར་ལམ་དུ་གདོང་ཐུག་པའི་སྐབས་ཀྱང་ཡོད་རུང་། གཡས་སྐོར་ཐབས་ཀྱི་རང་བཞིན་དང་གཡོན་སྐོར་ཤེས་རབ་ཀྱི་རང་བཞིན་ཏེ་ཐམས་ཅད་བསྐོར་ཕྱོགས་མི་འདྲ་ཡང་འབྲས་བུ་མངོན་མཐོ་དང་ངེས་ལེགས་སྙེག་པ་ཁོ་ནའོ།། རྒྱ་ཉག་དམུ་རི་གནས་མཆོག་གི་ཀོང་པོ་བོན་རིའི་བྱིན་རླབས་ཡོད་པའི་གནས་རི་ཁྱད་འཕགས་ཅན་ཞིག་ཡིན། གནས་རིརི་ཕྱི་སྐོར་དང་བར་སྐོར། ནང་སྐོར་བཅས་མཆིས་ཏེ། ནང་སྐོར་དུ་སྐྱང་འཕགས་ཀྱི་སྒྲུབ་ཕུག་དང་འབྲུག་གི་སྒྲུབ་ཕུག སྲིད་རྒྱལ་སྒྲུབ་ཕུག་སོགས་ཡོད་པ་དང་། དེང་འདིར་བོན་གྱི་རྗེས་འཇུག་པ་འགའ་རེ་དེར་མཚམས་བཞུགས་བྱས་ཏེ་ཁྲེགས་ཆོད་ཐོད་བརྒལ་སོགས་ཐུན་མིན་བོན་རྒྱུད་ཉམས་ལེན་བྱེད་བཞིན་མཆིས། ནང་སྐོར་དང་ཕྱི་སྐོར་དུ་གངས་རི་བོ་སོ་ཅན་དང་ཆུ་ལྕམ་རྒྱལ་མོའི་གནས་ཁང་སོགས་ཡོད། འཕན་ཆུ་དང་ཤར་བ། སྟག་ར་སོགས་ནས་དད་ཅན་པོ་ལམ་ཐག་རིང་མོར་མི་འཛེམས་པར་བརྐྱངས་ཕྱག་འཚལ་གཏེ་གནས་མཇལ་དུ་ཡོང་བ། གཞན་ཡང་འབྲུག་ཆུའི་ཆུ་ནག་ལུང་གི་གནས་མཆོག་དང་། ཇོ་དེངས་ནང་གི་གནས་རི་སོགས་ནི་སྔོན་བོན་གྱི་སྐྱེས་ཆེན་དག་གིས་བྱིན་གྱིས་རླབས་པའི་གནས་རི་ཤ་སྟག་ཡིན། སངས་རྒྱས་ཆོས་ལུགས་དར་རྒྱས་ཆེན་པོར་ཕྱིན་པ་དང་། རྒྱལ་རོང་བོན་པོ་དག་གི་མཉྫུ་གོང་མར་ངོ་ལོག་བྱེད་པའི་རྐྱེན་གྱིས་གོང་མས་བོན་པོ་དག་ལ་དྲག་གནོན་དང་། བོན་ཆོས་ལ་ཆོས་ལུགས་ནག་པོ་༡༨ཞེས་བཏགས་ནས་བོན་དགོན་མང་པོ་བསྣུབས། གཡུང་དྲུང་ལྷ་སྡིངས་དགོན་ཡང་དགེ་ལུགས་སུ་བསྒྱུར། ཤུགས་རྐྱེན་དེ་ཐེབས་ནས་ཐེ་བོ་ཁོག་ཏུའང་སྔ་ཕྱིར་བོན་དགོན་མང་པོ་དགེ་ལུགས་སུ་འགྱུར་བ་དང་། ཆོས་ལུགས་མ་བསྒྱུར་ནས་དགོན་པ་ལ་དམག་དྲངས་པ་ཡིན། དེའི་རྐྱེན་གྱིས་དགོན་པ་ལ་ལས་བསྐོར་བ་གཡས་བསྐོར་དུ་སོང་ནའང་རྟེན་མང་ཤོས་བོན་རྟེན་ཤ་སྟག་ཡིན་པའི་གནས་ཚུལ་ཡང་ཡོད། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་ཐེ་བོ་ཁོག་ཏུ་བོན་དགོན་ཇེ་ཉུང་བ་སོང་བ་ཡིན་ནོ།།

མཆན།

༼༡༽རྟོགས་ལྡན་ཚུལ་ཁྲིམས་རྣམ་དག་གིས་མཛད་པའི་དམུ་རིའི་དཀར་ཆག་ལས་གསལ།
༼༢༽དབང་ཆེན་ལས། རྒྱལ་པོའི༼གྲི་གུམ་བཙན་པོ༽ཞལ་ནས། ཡུལ་འདིར་ང་ཡི་རྒྱལ་སྲིད་དང་། ཁྱེད་ཀྱི་བོན་སྲིད་གཉིས་མི་ཤོང་བས་ལྷའི་བོན་སྒོ་བཞི་དང་། དེ་བཏོན་པའི་གེ་ཁོད་ཐིས་འཕེན་དང་། གཙོ་གྱིམ་བུ་ལན་ཚ་གཉིས་བདག་གི་སྐུ་སྲུང་དུ་བཞག་འཚལ། ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་ཤིག་ཅེས་དང་། མཁས་བཞིའི་གབ་འགྲེལ་ལས། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། མཚན་མ་ཅན་དུ་བཏགས་པའི་བོན་ཐམས་ཅད་ནི། འགའ་ཞིག་ནི་དུས་ཀྱིས་ནུབ་ལ། འགའ་ཞིག་ལས་ཀྱིས་ནུབ། འགའ་ཞིག་རྐྱེན་གྱིས་ནུབ་བོ།། ཅེས་དང་། རྩ་རྒྱུད་ཉི་སྒྲོན་ལས། གྲི་རིམ་བཙན་པོ་བོན་གྱི་དགྲ་རུ་སྐྱེས། ཞེས་པ་ནས། བོན་སྙད་མེད་པ་བསྣུབས། བོན་གཤེན་མཐའ་རུ་སྤྱུགས། ཞེས་དང་། རྫོགས་པ་གསས་མཁར་ལས༼གྲི་གུམ་བཙན་པོའི་སྐབས་སུ༽བོན་ཤོས་ཀྱི་ལྷ་བོན་ནི་མ་ནུབ། གྲོང་གི་འདུར་བོན་ཕྱེད་ནུབ། ཡང་དག་པའི་སེམས་བོན་ནི་ཡོ་ནུབ། སྒྲ་འགྲེལ་ལས། དུས་རེ་ཞིག་ན་རྒྱལ་པོའི་ཐུགས་སུ་གདོན་ཞུགས་པ་དང་། བློན་པོ་བློ་ནོར་བ་དང་། སེམས་ཅན་སྤྱིའི་བསོད་ནམས་བྲི་བ་དང་། གཡུང་དྲུང་གི་བོན་ཟབ་མོ་འདི་ཡང་ཐང་ཅིག་ནུབ་དུ་ཐོ་སྟེ་ཞེས་སོ།།
༼༣༽རྣམ་འབྱེད་ལས། ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་ནུབ་ཅེས་དང་། ཡང་རྩེ་ཀློང་ཆེན་ལས། བླ་ཆེན་དྲན་པ་ནམ་མཁའ་དང་། སྙ་ལི་ཤུ་སྟག་ཅིང་བཞུགས་པའི་དུས། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་སྨད་ལ་ནུབ། སྲིད་རྒྱུད་ལས། རྒྱལ་པོས་སྔོན་གྱི་སྨོན་ལས་གྱི་དབང་གིས་བོན་ལས་ཆོས་ལྷག་པར་དགོངས་ནས་བོན་ལ་གསང་ནས་ཆོས་སྤྱད། ལེགས་བཤད་མཛོད་ལས། གཤེན་རབ་ཀྱི་སྐུ་གདུང་རྣམས་ཀྱང་ནམ་མཁའ་ལ་འོད་དུ་འཕྲོས་ཏེ་ཡལ། ཚུལ་ཁྲིམས་སྲུང་བ་ཇེ་ཉུང་སོང་། དེར་རྒྱལ་པོས་ཀྱང་བོངྷི་ས་ཏྭས་འཕྲིན་རྫོང་ལུགས་སམ། བོན་གྱི་འདུལ་སྡེ་རྣམས་ཀྱིས་ཀྱང་སྡིག་སྤྱོད་བྱེད་ལུགས་སམ། ཉི་ཟླའི་འོད་ཀྱི་འགྲུབ་ལུགས་སམ། མོན་གྱི་རྒྱལ་བོའི་རྨི་ལམ་སོགས་བརྟག་ན། གཡུང་དྲུང་གི་བོན་འདི་ཡང་ནུབ་པའི་དུས་ལ་བབ་པ་འདྲ་་གསུངས་ནས་བསྣུབས་སོ།། དར་རྒྱས་གསལ་སྒྲོན་ལས། རྗེ་བསྒྱུར་ཁ་ཡང་། བློན་པོ་ཕྲ་མ་མཁས། འབངས་གསར་གྲོགས་ཆེ། བོན་པོ་ཁོང་ཡངས་པ་ལ་བསྟེན་ནས། བཙད་པོ་ལ་ཕྲ་མ་ཡང་ཡང་དུ་བཅུག་པས། གཡང་དྲུང་གི་བོན་ཡང་ཐང་ཅིག་བསྣུབས་སོ།། སྒྲ་དབྱངས་ལས། ཁྲི་སྲོང་ལྡེ་བཙན་གྱིས་བོན་དཔེ་མེད་དུ་བསྣུབས་དུས། ལ་ལ་ལྷོ་བལ་མོན་དུ་གཤེགས་པར་བགྱིས། ལ་ལ་བྱང་ཁ་མོན་དུ་གཤེགས་པར་མཛད། ལ་ལ་འགོག་པ་ལ་བཞུགས་སོ།།
༼༤༽སྲིད་པ་རྒྱུད་ཀྱི་བོན་ཞེས་པ་ནི། སྲིད་པ་དང་པོ་ཆགས་ཚུལ་དང་། ཡོད་ཁམས་དཀར་པོ་ལྷ་ཡི་ཕྱོགས་དང་། མེད་ཁམས་མུན་པ་བདུད་ཀྱི་སྡེ་ཐོག་མར་ཇི་ལྟར་བྱུང་བའི་ཁུངས་བཤད་པ་དང་། དེ་ནས་རིམ་བཞིན་དེ་དག་གི་རྒྱུད་དམ་རབས་འཕེལ་ཚུལ་སོགས་ཀྱི་ཆོ་རབས་བཤད་ཅིང་བདེན་པའི་སྨྲང་བཀྲོལ་བའི་བོན་ཡིན།
༼༥༽ལེའུ་ཞེས་པ་ནི་ཆབ་ནག་སྲིད་པའི་བོན་གྱི་ཆོ་ག་སྤེལ་མཁན་དག་ལེའུ་དང་། ལྷ་བདག་ལེའུ། བོན་པོ་ལེའུ། སྲིད་པའི་ལེའུ། ཨ་མྱེས་ལེའུ། མགོན་པོ་ལེའུ་ཞེས་ཅི་རིགས་སུ་ཡོད་དེ། དོན་དུ་ལྷེའུ་དང་དོན་འདྲ། ལྷ་ཆུང་ཆུང་ཞེས་པའི་དོན་དུ་འཇུག
༼༦༽གཉན་དུ་བྱ་འགྱོགས་པ་ནི་བོད་མིའི་གནའ་སྲོལ་ལ་གཉན་དུ་བྱ་རྡང་འཇོག་པ་སྟེ། རྩྭས་ཁྱུང་གཟུགས་བཟོས་ཏེ་བསང་ཁྲིའི་སྟེང་འབུལ་བའི་སྲོལ་ཡོད་པ་དེའོ།། དེ་ཡང་ཁ་རྒྱུན་དུ་ཤེད་ཆེན་དམག་ལ་འགྲོ་བའི་དུས། རྒྱུགས་ཆེན་བྱ་རྡང་འཇོག་པའི་དུས་ལྟ་བུའོ།།
༼༨༽ཁྱུང་པོ་དཀར་ནག་ཁྲ་གསུམ། ཁྱུང་དཀར་གདན་ས་བྲག་དམར་རི་འདུན། ཁྱུང་ནག་གདན་ས་རྩེ་དྲུག་རི་ཁྲོད། ཁྱུང་གསེར་གདན་ས་བྱ་ཟེ་ཡང་རྫོང།
༼༩༽ཞིག་ཆེན་བཅོ་བརྒྱད་ནི། གྲུབ་ཐོབ་ཞུ་སྒོམ་འཁྲུལ་ཞིག་ལ་བུ་སློབ་ཞིག་པོ་བཅོ་བརྒྱུད་བྱུང་བ་སྟེ། སྐུ་སྲས་ལྟ་བུ་དྲུག་ནི་སྣང་ཞིག་འབྲུ་ཞིག་ལྡོང་ཞིག་གླིང་ཤེལ་ཞིག་རྒ་ཞིག་དང་དྲུག་གསུང་སྲས་ནག་ཞིག་གཡུ་ཞིག་སྟང་ཞིག་སྐྱང་ཞིག་སེ་ཞིང་ཁྲི་ཞིག་དང་དྲུག ཐུགས་སྲས་རྒྱ་ཞིག་འགའ་ཞིག་བ་ཞིག་ཅོག་ཞིག་གོ་ཞིག་ཨུར་ཞིག་དང་དྲུག་བཅས་བཅོ་བརྒྱད་དོ།།
༼༡༠༽མདོ་སྨད་འཕགས་པ་རྣམ་གསུམ་ནི་སྐྱང་འཕགས་ནམ་མཁའ་གཡུང་དྲུག གཙོ་འཕགས་ཟླ་བ་རྒྱལ་མཚན། དོ་འཕགས་སོ།།
༡༡.ལེགས་བཤད་རིན་པོ་ཆེ་གཏེར་མཛོད་ལས། ཐ་ལྟག་ཁྱུང་འཕགས་ཁྲ་མོ་ནི་ཚེ་ཡི་རིག་འཛིན་བརྙེས་པས་ཞང་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་བླ་ཡི་མཆོད་གནས་བྱས་པའི་མཐར་གཡུ་འབྲུག་སྔོན་མོ་ཆིབས་སུ་ཞོན་ཏེ་མདོ་སྨད་རྒྱལ་མོ་རོང་དུ་བྱོན་ནས་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས། དེ་ལས་བུ་འབོར་གཡུང་དྲུང་བུ་བཞི་སོགས་གྲོལ་ཏེ་བོན་སྲིད་དང་རྒྱལ་སྲིད་ཀུན་འཕེལ་ནས་བསྟན་པ་རྒྱས་སོ།།
༡༢.རླང་ཞིག་གཉིས། སྣང་ཞིག་གཉིས། མཁར་རྩེའམ་རི་ལ་གཉིས། རྩེ་དབུས་རྣམས་ལ་དེང་སང་ཡང་སྡེ་བདག་བདུན་ཟེར། མདོ་སྨད་ཆོས་འབྱུང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གིས་པར་དུ་བསྐྲུན། ༡༩༨༢ལོའི་ཟླ་༣པར་ཐོག་མར་བཏོན། ཤོག་གྲངས་༦༢༥
༡༣.ནང་དགོན་ཁག་བདུན་ནི་ཡིག་རྙིང་འབུམ་ཕྲ་མོ་ལས། ཨ་སྐྱིད་སྐྱང་ཚང་དགོན། བབ་བཟོ་མདའ་ཆེན། བསམ་གྲུབ་དགོན། སྟག་ཆུང་དགོན། ས་ཡུལ་དགོན། འ་ཞ་དགོན། སྟག་ར་ཆགས་རི་དགོན་ནོ།།
༡༤.ཕྱི་དགོན་ལག་བཅོ་བརྒྱད་ནི་ཉོས་ཞིང་དགོན། ཟིང་ཆུའི་སྐྱང་ཚང་དགོན། རི་ལུང་དགོན་སོགས་བཅོ་བརྒྱད་ཡིག་རྙིང་འབུམ་ཕྲ་མོ་ལས་གསུངས།
༡༥.མཛོད་དགེའི་བོད་རྒྱུད་ནང་བསྟན་དགོན་སྡེ་སོ་སོའི་ལོ་རྒྱུས་མདོར་བསྡུས་ལས། ཤོག་གྲངས་༦༠དེ་ནས་ཇོ་དེངས་ནང་ཟེར་བའི་གྲོང་སྡེ་ཡོད་སར་ཕེབས། ཡུལ་དེའི་ནགས་ཀློང་དུ་སྲིན་པོ་མི་གཟན་ཡོད་པ་དེ་བཏུལ་ནས་ཡུལ་ཁམས་བདེ་ལ་བཀོད། ལྷ་ཁང་ཞིག་བཞེངས་ནས་ནང་རྟེན་ལ་སྐྱང་འཕགས་སྐུ་འདྲ་བཞེངས་ནས་བཞུགས་སུ་གསོལ་བས་སྐྱང་འཕགས་ལྷ་ཁང་ཟེར། ཡུལ་མི་ཐམས་ཅད་ཤིན་ཏུ་དད་པས་ཁོ་ཚོའི་རེ་འདུན་ལྟར་ལོ་རེར་ཐེངས་རེ་ཕེབས་པར་བཤད།
༡༦.༼མདོ་སྨད་ཆོས་འབྱུང་༽ཤོག་གྲགས་༦༢༥ལས། ཤོག་གྲངས་༦༢༥ལས། ཅོ་ནེའི་དཔོན་བློ་བཟང་དོན་གྲུབ་དང་བདེ་ཐང་མཁན་པོ་ཚངས་དབྱངས་པ་མཆོད་ཡོད་གྱིས་བོན་སྡེ་ཁག་ལྔ་དགེ་ལུགས་སུ་བསྒྱུར།
༡༧.ཡང་ཤོག་གྲངས་༢༧༣ལེགས་བཤད་རྒྱ་མཚོས་བརྩམས་པའི་བོན་གྱི་རྣམ་གྲངས་ལས་དེ་ཡང་གཡུང་དྲུང་བོན་གྱི་རིག་འཛིན་གྲུབ་ཆེན་དངོས་སློབ་རྣམས་ཀྱིས་བསྒྲུབ་པ་མཛད་པའི་གནས་ཆེན་ཁག་སྟེ། གཡུ་ལུང་ཤེལ་གྱི་བྲག་ཕུག རི་ནག་འཇོམས་པ། ཨ་སུ་ར་ཡི་བྲག་ཕུག སྟག་གཡག་རོལ་པ། འགྲན་གྱི་རི་གོང་། མུ་ཁུམ་རི། རྟ་རྒོད་མ་ཕམ། གྲང་མའི་གླིང་ཁྲོད། ལྷ་སྲིན་འཐབ་བྲག་སྟེ་གསང་བའི་གནས་དགུ་དང་། དབལ་གྱི་བྲག་ཕུག་པོ་རོང་ཆེན། མཚལ་རིའི་འདུན་ས། རྒྱལ་མཁར་བ་ཆོད། ཆུ་མིག་བརྒྱུད་ཅུ་སྟེ་ངོ་མཚར་གྱི་གནས་བཞི་དང་། རི་རྒྱལ་ལྷུང་པོ། ལྷ་རི་གྱང་ཐོ། མུ་ལེ་ཁྱུད་མཚོ། མོན་རི་ཟུར་གསུམ། རྒྱ་སོ་དར་རྩེ། རྒྱ་གར་བསིལ་བའི་ཚལ། ཞང་ཞུང་དབལ་ལུང་ངམ་གཉན་ལུང་། བྱ་རི་གཙུག་ལྡན་བཅས་གྲགས་པའི་གནས་བརྒྱད་དང་། དང་ར་གཡུ་བུན། གནམ་མཚོ་ཕྱུག་མོ། རྨ་རི་མདོ་གམ་སྟེ་བོད་ཀྱི་གནས་གསུམ་དང་བཅས་བསྡོམས་པས་གནས་ཆེན་ཉེར་བཞིའོ།། གནས་ཕྲན་བརྒྱ་དང་ཉི་ཤུ་ནི། གནས་ཆེན་ཉེར་བཞིར་གནས་ཕྲན་བཞི་རེས་བསྐོར་བས་བརྒྱ་དང་ཉི་ཤུར་འགྱུར་རོ།། འཛམ་གླུང་གནས་ཆེན་ཉེར་བཞི་དང་། གསང་བའི་གནས་ཆེན་ཉེར་བཞིའང་ཟེར་རོ།།
༡༨.བོན་ཆོས་ལ་སྨད་པའི་ཚུལ་དུ་ནག་པོ་ཆོས་དང་བོན་ནག་ཞེས་སྦྱར་བར་མི་འཐད་དེ། གཡུང་དྲུང་བོན་གྱི་རྒྱུད་འཛིན་པ་དག་གི་དབུ་ཞྭ་དཀར་པོ་སྣམས་ཀྱི་ཡོད་སྟབས་ཞྭ་དཀར་བསྟན་པ་ཞེས་སྦྱར་ཆོག་ཅེས་དགེ་བཤེས་བསྐལ་བཟང་དར་རྒྱས་སོགས་ཀྱིས་བཞེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག