ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> བོན་བསྟན་བྱུང་འཕེལ། >> གཤེན་རབ་མི་བོ་གངས་ཅན་ཞིང་དུ་ཞབས་བཅག་མཛད་པའི་སྐོར་མདོ་ཙམ་བརྗོད་པ།
གཤེན་རབ་མི་བོ་གངས་ཅན་ཞིང་དུ་ཞབས་བཅག་མཛད་པའི་སྐོར་མདོ་ཙམ་བརྗོད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསྟན་འཛིན་མཆོག་ལྡན།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

       བོད་གངས་ཅན་གྱི་ཞིང་འདིར་ད་ལྟ་ཚེ་ལོ་བརྒྱ་པའི་སྐབས་སུ་ཉམས་མེད་སྲིད་ཞིའི་གཙུག་རྒྱན་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་དམ་པ་དམུ་རིགས་གཤེན་གྱི་གདུང་འཛིན་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་གྱི་སྙན་པ་འཇིག་རྟེན་གསུམ་ན་གདུགས་བཞིན་བཏགས་པ་དེ་ཉིད་སྐུ་དངོས་སུ་བྱོན་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ཇི་ལྟར་དར་ཚུལ་མདོར་འདུས་ཤིག་ཞུས་ན། མཛད་པ་བཅུ་གཉིས་ཀྱི་ནང་ཚན་མཛད་པ་བདུན་པ་བཏུད་བཏུལ་བའི་མཛད་པའི་སྐབས། བདུད་ཁྱབ་པས་སངས་རྒྱས་ལ་ཆོ་འཕྲུལ་བསམ་གྱིས་མི་ཆད་པ་ཞིག་བསྟན་པའི་ནང་ཚན་ཞིག་ལ། ཀོང་རྗེ་དཀར་པོ་དང་མཐུན་སྡེབ་ནས་བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་གཤེན་གྱི་ཆིབས་པ་བདུན་འོལ་མོ་ལོང་རིང་ནས་བརྐུས་ཏེ་ཀོང་ཡུལ་དུ་དེད་དེ། མདོ་བདུད་འདུ་ལས་ཨང་༼༡༠༡༽དེ་ནས་ཁྱབ་པ་ལག་རིང་གིས། གཤེན་རབ་འཁོར་ལ་ཆོ་འཕྲུལ་བསྟན། བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས། གཤེན་རབ་རྟྡ་བདུན་འཁྱེར་ནས་འོང་། ཀོང་པོ་ཡུལ་ནས་རྟ་རྗེས་བསྟན། ཁ་བ་སུབ་མས་རྟ་རྗེ་བཅད། ཉི་མ་དགུང་ཤར་ཁ་བ་བཞུས། ཞེས་གསུངས། སངས་རྒྱས་ཉིད་རྟ་ལ་ཆགས་ཆེ་བ་མ་ཡིན་ཡང་བོད་ཡུལ་གྱི་འགྲོ་བ་འདུལ་བའི་སྐབས་ལ་བབ་པ་དང་། དེའི་ནང་ནས་ཉང་པོ་དྭགས་པོ་ཀོང་པོ་གསུམ་ཤིན་ཏུ་གདུག་རྩུབ་ཆེ་བ་ཡིན་པ་ནི། རྒྱལ་གཤེན་རྣམ་ཐར་པོད་གཉིས་པ་༼༧༨༢༽ལས། ཉང་པོ་ཀོང་པོ་དྭགས་པོི་གསུམ། ཉང་པོས་རང་ཤ་རང་གིས་མྱང་། དྭགས་པོས་སྦལ་ལྕོང་སྦྲུལ་ཡང་ཟ། ཀོང་པོ་ལྟས་ངན་དགྲ་ཡི་སྣད། མིང་དང་སྲིང་ཡང་ཁྲེལ་མི་མཛེམས། ཚ་དང་ཞང་ཡང་དམེ་མི་སྡིག ཅེས་གསུངས་སོ། །

       འགའ་ཞིག་གིས་མིང་གཞི་ཉང་དང་མྱང་གཉིས་ལ་དྭོགས་པ་སྐྱེ་མི་དུ་མ་འདུག་པས། སྟོན་པ་ཞབས་ཀྱི་བཅགས་ས་ནི་ཉང་ཡུལ་དེ་ཡིན། མྱང་ཡུལ་ནི་རྒྱལ་རྩེའི་ཕྱོགས་ལ་ཡིན་ཏེ་རྒྱལ་རྩེའི་ཆུ་ལ་མྱང་ཆུ་ཟེར། དེ་ལྟར་སྟོན་པ་སངས་རྒྱས་དགོས་པའི་དབང་གི་སྒོ་དུ་མ་ལ་གཟིགས་ཏེ་རྟག་གཟིགས་འོལ་མི་ལུང་རིང་གི་ཕྱི་མཐའི་གངས་དབལ་སོ་རབ་ལ་མདའ་ལམ་དྲངས་ཏེ་གངས་ཏི་སེའི་མདུན་ཕྱོགས་གཙང་བྱེ་མ་གཡུང་དྲུང་རྟ་མཆོག་ཁ་འབབ་ཀྱི་ཆུ་བརྒྱུད་ནས་ཀོང་ཡུལ་དུ་ཆགས་ཕེབས་ཏེ། མདོ་འདུས་ལས། ཤུལ་དཀར་རྩང་བྱས་ཞེས་པའང་སྣང་གཙང་བྱེ་གཡུང་དྲུང་ཁར། སྟོན་པའི་ཞབས་རྗེས་བཏད་ཅེས་གསུངས་པ་དང་། ལམ་ལ་གཤེགས་དུས་བདུད་འཁོར་རྣམས་ཀྱིས་མེ་ཆུ་རླུང་གསུམ་གྱི་བསྐལ་པ་ཕབས་ཀྱང་གཤེན་ལ་བ་སྤུའི་སྐྱ་གཅིག་འགུལ་བ་ཙམ་ཡང་མ་བྱུང་ངོ་། ། ཡང་རྒྱལ་གཤེན་རྣམ་ཐར་པོད་གཉིས་པ་ཨང་༼༧༨༤༽ང་གཉིས་མེད་མཉམ་པའི་སེམས་དང་ལྡན་པས་བདུད་ཀྱི་འཐབ་ཟླ་ཅི་ལ་བྱེད། བདེན་མིན་ལྕགས་ཕུབ་དགུ་ཡི་འབེན་ཚུགས་གསུངས་ཏེ་མདའ་འཕངས་པས་བདུད་ཀྱི་ལྕགས་ཕུབ་དགུ་བརྩེགས་འཇུར་་གྱིས་ཕུག་ནས་ཕ་རི་ལ་ཟུག་གོ ། དེ་ལ་བདུད་རྣམས་ཀྱང་སྐྲགས་སོ།

       ཀོང་རྗེའི་སྲས་མོ་ཀོང་བཟང་ཁྲི་ལྕམ་གྱིས། མདའ་ཉིད་དར་དཀར་གྱི་ལྕིབས་ཏེ་ཕྱུངས་བའི་ཤུལ་ནས་ཆུ་མིག་དཀར་པོ་བརྡོལ། ། ཡུལ་དེ་ལ་དོར་བྲག་འཕྲང་དང་མདའ་དྲངས་ཆུ་མིག་ཏུ་བཏགས་སོ། ཞེས་དང་། ཡང་མདོ་འདུས་༼༡༠༢༽ལས། ལྕགས་ཕུབ་དགུ་ཕུད་བྲག་རི་ཕུགས། མདའ་དྲངས་ཆུ་མིག་དཀར་པོའི་མཁར་སྒོར་སླེབས། ཞེས་གསུངས་སོ། དེ་རྗེས་བདུད་རྒྱ་ལག་ཐོད་རྗེ་ལ་སོགས་བདུད་དུ་མ་ཞིག་སྟོན་པའི་ཞབས་ལ་འདུད་དོ། ལྷག་མ་རྣམས་མྱ་ངན་སྐྱེ་ཏེ་ངུས། དེའི་ཚེ་དེའི་ཚེ་སྟོན་པའི་ཚེམས་ལས་འཕར་ཆེན་དུང་དུ་སྤྲུལ་ནས་བདུད་ཀྱི་ངུ་སྒྲ་བཅོམ་མོ། ཀོང་རྗེ་གཤེན་ལ་དད་པ་སྐྱེས་ཏེ་འགྱོད་གཤགས་བྱས། ཀོང་བཟའ་ཁྲི་ལྕམ་དང་རྟ་བདུན་ཆལ་བཅས་ཕུལ། ཆལ་དུ་གསེར་གཡུ་བྲེ་དང་ཁལ་ལ་གཞལ་ཏེ་ཕུལ་བས་ས་དེར་ཀོང་པོ་བྲེ་སྣ་རུ་བཏགས་པ་ཡིན་ཏེ། མདོ་འདུས་༼༡༠༢༽ལས། རྟ་བརྐུས་ལེ་ལན་ཀོང་རྗེ་ཡིས། ཀོང་བཟའ་ཁྲི་ལྕམ་གཤེན་ལ་ཕུལ། ཞེས་གསུངས་སོ། དེ་ནས་ཕྱི་རབས་ཀྱི་དད་རྟེན་དུ་ཐུགས་ལས་བོན་རི་སྤྲུལ་ཞིང་རྗེས་བཞག་མཛད་པ་ཡིན་ཏེ། མདོ་དེ་ཉིད་ལས། བདུད་རི་ནག་པོ་བོན་རིར་བསྒྱུར་ཞེས་དང་། ལྷ་རི་གྱང་ཐོར་ཞག་བདུན་བཞུགས། ཞེས་གསུངས་སོ། དེ་ནས་བོད་ཀྱི་བོན་པོ་ལ། ལྷ་གསོལ་བ། འདྲེ་བཀར་བ། ཡུག་ཕུད་པའི་ལུང་ཕོག བོད་ཀྱི་བོན་བོན་པོ་ཐམས་ཅད་ལ་ད་རུང་བསྟན་པ་བཞག་པའི་གནས་མེད་པས་ནམ་ཞིག་ཐེག་པ་རིམ་པ་དགུ་ཡི་བོན་དར་ནས་སྤྱོད་པར་ཤོག། གསུངས་ནས་སྨོན་ལམ་བཏབས་ནས་སླར་འོལ་མོ་ལུང་རིང་དུ་གཤེགས་སོ། །

         ཞར་བྱུང་དུ་འབྲི་གུང་འཇིག་རྟེན་མགོན་པོ་དང་ཐུའུ་བཀྭན་ཆོས་ཉི་སོགས་ཀྱིས། བོན་པོའི་བྱུང་ཚུལ་གླེང་སྐབས། བོད་དུ་དར་བའི་བོན་ལ་བརྡོལ་བོན་འཁྱར་བོན་བསྒྱུར་བོན་གསུམ་བཤད་པ་དང་། མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་འཁྱར་བ་བོན་དང་འདྲེས་པ་ཡིན་སྐད་སོགས་བཤད་པས་བོན་གྱི་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱིས་སྲོལ་འབྱེད་མ་ནུས་ནས་སྐྱེས་ཆེན་ཁོང་རྣམ་པ་ལྟ་བུས་བོན་ལ་བརྡོལ་བོན་འཁྱར་བོན་བསྒྱུར་བོན་གསུམ་གྱི་ཤིང་རྟའི་སྲོལ་འབྱེད་དུ་ཞལ་གྱིས་བཞེས་ནས་དེང་དུས་ཆགས་སྡང་གྲུབ་མཐའི་སྦྲུལ་དུག་གི་ཁྲོད་དུ་དངོས་མེད་མེ་ལོང་གི་ནང་ནས་དངོས་དོན་གཟུགས་བརྙན་མཚོན་པའི་མ་བརྟག་བབ་ཅོལ་ཐེའུ་རང་གི་ལུང་བསྟན་བཤད་ཚུལ་འདི་དག་གཡུང་དྲུང་གྱི་བཀའ་དང་བཀའ་བརྟེན་རྣམས་ལས་མ་གསལ་ཞིང་བོན་གྱི་སྤྱན་ལྡན་མཁས་གྲུབ་དམ་པ་རྣམས་ཀྱིས་མ་གཟིགས་པ་ཞིག་ཁོང་རྣམས་ཀྱི་སྤྱན་སྔར་དུ་གྱུར་བ་ནི་ངོ་མཚར་ཆེ་བའི་གཏམ་ཞིག་མིན་ནམ། དེ་དང་ཕྱོགས་མཚུངས་བདུད་འཇོམས་ཀྱི་རྒྱལ་རབས་དྭངས་ཤེལ་མེ་ལོང་༼༡༦༨༽ལས། གཞན་ཡང་མ་འོངས་པ་ན་སྔགས་དང་འདུལ་བ་འབྱུང་བའི་ལྟས་སུ་གཤེན་པོ་ཆེ་དང་བོན་གཞུང་འབྱུང་སྟེ་ཞེས་པ་ནས་རྡོལ་བོན་དར་ཞིང་ཞེས་པའི་བར་དུ་མི་ལ་བོང་བུའི་རྣ་བ་ཅན་རུས་པ་གཤེན་ཡིན་པའི་ཚུལ་སོགས་དང་བོན་གྱི་དམར་མཆོད་ཤ་བ་རུ་རྒྱས་དེའི་སྐེ་བཅད་ནས་མཆོད། དེ་ནས་རྟ་གླང་མཛོ་དྲེལ་ཁྱི་བྱ་གཡག་སོགས་གསོད་མི་འདྲ་བ་མང་པོའི་སྤུ་གཞོབ་བསམ་མཐའ་ཡས་པར་བྱས་ནས་དམར་མཆོད་འབུལ་ཚུལ་བཤད་པ་དང་། དེར་མ་ཟད་བོན་པོ་མི་སྟེགས་པ་ཡིན་པའི་བཤད་ཚུལ་རྣམས་གྲུབ་མཐའི་ཕྱོགས་འཛིན་འབའ་ཞིག་དང་། བོན་གྱི་གཞུང་ལུགས་རྣམས་མ་མཐོང་བའི་ནས་རྟགས་ཕྱིར་བསྟན་བླུན་པོའི་རང་བཞིན་ངོམས་ཏེ། ལེགས་བཤད་སྐལ་བཟང་མགྲིན་རྒྱན་སྨད་ཆ་ཨང་༼༥༢༡༽ལས། མ་མཐོང་ཕྱིར་ན་མེད་པར་འཛིན་པ་དང་། མ་ཤེས་བཞིན་དུ་འོལ་ཚོད་སྨྲ་བ་དང་། མ་བརྟག་གཞན་ལ་ཁྱད་གསོད་བྱེད་འདི་གསུམ། བླུན་ཚུལ་ཡིན་པ་བོན་ཆོས་ལུང་ཀུན་གྲུབ། ཅེས་དང་། འབེབ་གཏམ་ལུང་སྙིང་༼༦༠༨༽ལས། ལུང་བསྟན་ལུང་དོན་བརླམས་ནས་བྱུང་རྒྱལ་སྨྲས། གསང་ཆེན་གྲུབ་པ་རྣམས་ལ་བསྐུར་པ་བཏབས། མི་བཟོད་རྣམ་པར་སྨིན་པས་རང་ཉིད་མནར། སྤྱང་ཚུལ་བསྟན་ཡང་བླུན་པོའི་རང་གཤིས་ངོམས། ཞེས་གསུངས་ལྟར་རོ། །

        ངེ་ཅག་བོན་པོའི་ལུགས་ལ། ཕྱི་པ་ནང་པའི་ཁྱད་པར་ནི། མཆོག་གསུམ་སྐྱབས་གནས་ལ་ཁས་ལེན་པའི་གང་ཟག་ལ་ནང་པ་དང་། དེ་ཁས་མི་ལེན་པའི་གང་ཟག་ལ་ཕྱི་པ་མི་སྟེགས་པ་ཞེས་གསུངས་རབས་རྣམས་ཀྱི་དགོངས་པ་ཡིན་པར་བརྟེན། ། སྐྱབས་གནས་ཡུལ་མཆོག་གནས་བཞིའམ་དཀོན་མཆོག་གསུམ་ཁས་ལེན་པའི་སྒོག་ནས་གཞི་བདེན་གཉིས་ཟུང་འབྲེལ། ལམ་ཐབས་ཤེས་ཟུང་འབྲེལ། འབྲས་བུ་སྐུ་གཉིས་ཟུང་འཇུག་སོགས་གཞི་ལམ་འབྲས་གསུམ་བློ་ངོར་གྲུབ་པའི་ཚུལ་གྱིས་སྔོན་ཐལ་གསང་བདག་གྲུབ་པའི་ཚུལ་གྱིས་སྔོན་ཐལ་གསང་བདག་གྲུབ་པའི་དབང་ཕྱུག་ཟག་མེད་འོད་སྐུ་འཇའ་ལུས་འཕོ་བ་ཆེན་པོ་སྐུར་བརྙེས་པའི་གྲུབ་ཆེན་རིག་འཛིན་བརྒྱད་ཅུ་སོགས་བྱོན་པས་དེ་ལྟ་བུའི་ལྟ་གྲུབ་གཉིས་ལྡན་གྱི་ཆོས་ལུགས་ཤིག་ཡིན་པ་མ་ཟད་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་ནས་གཞི་སྙིང་རྗེ་ཆེན་པོ་དང་ཐེག་ཆེན་སེམས་བསྐྱེད་ཚད་མེད་བཞི་སོགས་ཀྱི་ཀུན་ནས་བསླང་པས་སེམས་ཅན་གྱི་ཚེ་སྲོག་ལ་འཚེ་བའི་མཆོད་པ་ནི་སྤངས་ཏེ། མདོ་ལས། གཅིག་བསད་གཅིག་གསོ་བྱ་བའི་བོན་ནི་བདག་གི་མི་ཤེས་སོ། དེ་ནི་ལོག་པ་ཡིན་པས་བྱ་རུ་མི་རུང་ངོ་། ཞེས་གསུངས་པ་ལྟར་ལགས། མུ་སྟེགས་པ་ནི་བོན་ཕྱིར་ནང་གསང་གསུམ་ཀུན་ལས་དགག་བྱའི་གཙོ་བོར་ཡིན་ཏེ། གེ་ཁོད་ལས། ལྟ་བ་ལོག་པ་མི་སྟེགས་ཀྱི་ལྟ་བ། སྤྱོད་པ་རྩིང་བ་དུན་ཙེའི་སྤྱོད་པ། ཞེས་དང་། མུ་སྟེགས་ཀྱི་གྲུབ་མཐའ་ཚར་གཅོད་གཏན་ཚིགས་ཐིག་མདོ་སོགས་ལས་ལྟ་བ་ངན་པའི་མུ་ལ་སྟེགས་པས་ན་མུ་སྟེགས་ཞེས་སོགས་མདོ་སྔགས་སེམས་གསུམ་གང་ལས་ཀྱང་བོན་པོ་ལ་མུ་སྟེགས་སུན་འབྱིན་པའི་རྣམ་བཞག་རྒྱས་པ་ཡོད། གོང་ལྟར་མཁས་བླུན་སྐྱེ་བོ་སུ་ཞིག་ཡིན་རུང་། གཡག་ཞར་རས་རྩ་ལ་ཟོས་པ་བཞིན། ཕྱོགས་གཅིག་ལ་མཐོང་སྟེ་གཉིས་མ་མཐོང་ཞེས་པའི་དཔེ་ལྟར་མ་ཡིན་པ་རྣམ་དཔྱོད་བློ་གྲོས་ཀྱི་མིག་རྒྱང་རིང་པོས་རང་གཞན་གྱི་གྲུབ་མཐའ་ཀུན་ལ་བློ་གྲོས་ཀྱི་མིག་ཕྱེས་ནས་བལྟས་ན་བོན་པོ་ཟེར་བ་ཇི་འདྲ་ཞིག་ཡིན་མིན་མཁྱེན་རྟོགས་གསལ་པོར་ཡོངས་ཞིང་གཞན་ཕྱོགས་བལྟ་བའི་མིག་ལོང་ན་གཞུང་དོན་དེ་དག་མཐོང་རྒྱུ་དཀའ་བར་སེམས་སོ། །

༼བོན་སྒོ༽སྤྱི་དེབ་གཉིས་པ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག