ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> རྒྱལ་རབས་ལོ་རྒྱུས། >> བོད་རྒྱལ་གྲི་གུམ་བཙན་པོའི་སྐོར།
བོད་རྒྱལ་གྲི་གུམ་བཙན་པོའི་སྐོར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་རྣམ་རྒྱལ་ཉི་མ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

      བོན་ལུགས་ཀྱི་བསྟན་རྩིས་ལྟར་ཕྱི་ལོ་དབུ་མ་ཚུགས་གོང་B.C.༧༡༠ལོར་བར་གྱི་ལྡིང་གཉིས་ཀྱི་ནང་ཚན་རྒྱལ་པོ་གྲི་རུམ་བཙན་པོ་འཁྲུངས། གྲི་རུམ་གྱི་ཡབ་གནམ་གྱི་ཁྲི་བདུན་གྱི་ཐ་མ་སེང་ཁྲི་བཙན་པོའམ། སྲིབ་ཁྲི་བཙན་པོ་དང་། ཡུམ་སྦྲང་ཟ་ལྷ་རྒྱན་གཉིས་སྟངས་དང་དབྱལ་དུ་འཚོས་པ་ལས་སྲས་འཁྲུངས་ཚད་ཐམས་ཅད་མི་བརྟན་པ་ནི། ཡུལ་དེར་བྲག་དེ་ལ་ཞིག་ལ་བདུད་ཐེལ་མོ་ཞིག་གནས་པ་དེས་ལོ་རེ་བཞིན་ཟོས་ནས་སྲི་བྱས་པས་རྒྱལ་པོས་སྤེ་བོན་ལ་བདུད་ཐེལ་མོ་འདུལ་བར་ཞུས་པ་ལས། སྤེའུ་བོན་གྱིས་ཡི་དམ་བྱམས་མ་བསྒྲུབ་ནས་བུམ་ཆུ་བྲག་དེའི་མགོར་བླུག་པས། བྲག་དེལ་དེ་ཐོལ་ཕོག་པ་བཞིན་དུ་ཉིལ་བས་སྤེའི་བོན་པོ་ལའང་སྤེ་བོན་ཐོག་འཕྲུལ་དུ་གྲགས་སོ། །དེར་བདུད་ཐེལ་མོ་ཡང་སྐད་ངན་ཕྱུང་སྟེ། ང་རང་གི་བུ་འདི་རྒྱལ་པོའི་སྲས་སུ་འབུལ་བ་ལས་འོས་མེད་ཟེར་ནས། དེའི་ཕྱི་ལོར་བདུད་ཀྱི་བུ་རྒྱལ་པོའི་སྲས་སུ་འཁྲུངས་པ་ནི། སྐྲ་རྩ་དམར་ལ་མིག་ཟླུམ་པ། ལག་མཐིལ་གཡས་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་གསད་བཅད་སྨྲས་པ། སྡིག་ལ་མོས་ཤིང་གོ་མཚོན་ལ་དད་པ། མ་ཡི་རུམ་ན་གྲི་རྟགས་སྣ་དགུ་ལུས་ལ་ཚང་བ་ཞིག་བྱུང་ནས། སྐུ་གཤེན་གཅོའུ་ཚེམས་དཀར་གྱིས་མཚན་ཡང་གྲི་རུམ་བཙན་པོ་བཏགས་སོ། བོད་ལ་སྔ་བའི་རྒྱལ་པོ་གཉའ་ཁྲི་ནས་བཟུང་། གནམ་རི་སྲོང་བཙན་བར་རྒྱལ་པོ་རེ་རེའི་རིང་ལ་སྐུ་སྲུང་གི་གཤེན་རེ་དང་། ཐུགས་དམ་གྱི་བོན་རེ། སྐད་འགྱུར་གྱི་ལོ་པཎ་རེ། བྱས་ཐབས་ཀྱི་གསས་ཁང་རེ་བཞེངས། ཞེས་གསུངས་བཞིན། གྲི་གུམ་གྱི་སྐུ་གཤེན་གཅོའུ་ཚེམས་དཀར་དང་། གསས་ཁང་ས་ལེ་བྱེའུ་ཚང་བཞེངས། དགུང་ལོ་༢༧བར་དུ་གཡུང་དྲུང་གི་བོན་ལ་སྤྱད་ཅིང་རྒྱལ་རབས་གོང་མའི་ལུགས་བཞིན་བོན་གཤེན་རྣམས་ལ་རྒྱལ་གྱི་གོང་ན་གཤེན་བཙུན་པའི་སྐུ་གསུང་ཐུགས་ལ་གཙིགས་བྱིན་པ་ནི། དང་པོ་གྲལ་དུ་བཞུགས་སྐབས་སུ་བོན་གཤེན་རྣམས་གཡས་གྲལ་དུ་བཞུགས་པ་དང་། གཤེན་ངག་ཚིག་གསུམ་མ་བྱུང་བར། རྒྱལ་པོས་བཀའ་མི་གསོལ། བློན་པོས་གྲོས་མི་འཆའ། ཐུགས་ལ་མཉེས་པའི་རྩིས་སུ་སྟོང་ཕྲག་གི་ཐང་རྒྱལ་པོ་དང་མཉམ་མོ། སྐབས་དེར་བོད་དང་ཞང་ཞུང་གཉིས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ཁོ་ན་ལས་གཞན་མེད། མངའ་འབངས་རྣམས་ཀྱི་དབུ་ན་མི་རྗེ་ལྷ་ཡིས་མཛད་པས་མགོན་སྐྱབས་ཆེ། ཚེ་སྲོག་གཤེན་གྱིས་བཙས་པས་སྐུ་ཚེ་རིང་། ལས་སྤྱོད་དགེ་བར་སྤྱོད་པས་ལམ་རྒྱུད་གཙང་། དམུ་ཐག་གནམ་ནས་དྲངས་པས་འཛེགས་སྐས་བཟང་། གཙང་རིགས་ལྷ་རུ་བསྟེན་པས་སྡོང་གྲོགས་ཆེ། བློན་པོ་གྲོས་ལ་མཁས་པས་རྒྱལ་སྲིད་གཞི་བརྟན་ཅིང་རྗེ་འབངས་ཀུན་བདེ་སྐྱིད་ཕུན་སུམ་ཚོགས་པར་གནས་ཙམ་ན། སྐབས་ཤིག་རྒྱལ་པོའི་ཐུགས་ལ་གདོན་ཞུགས་ཏེ་བློན་པོ་ལོ་ངམ་དང་འཁྲུགས་འཛིངས་ཤོར་ཏེ་ལོ་ངམ་གྱིས་གྲིས་བཀྲོངས་སོ། །ཞེས་བོད་ཀྱི་རྒྱལ་རབས་ཕལ་ཆེའི་ནང་དུ་གསལ་བཞིན།

      ཅི་ཕྱིར་ཐུགས་ལ་གདོན་ཞུགས་པའི་རྒྱུ་མཚན་གཅིག་ཏུ་ནི། གྲི་རུམ་བཙན་པོ་ཉིད་བདུད་མོས་རྒྱལ་པོར་བུ་ཚབ་ཏུ་ཕུལ་བ་དང་། གཞན་གྲི་རུམ་དགུང་ལོ་༢༨དུས་སུ་བོན་བསྣུབས་ཤིང་། བོན་གཤེན་རིག་འཛིན་རྣམས་ལ་འོ་རྒྱལ་ཚད་མེད་བཏང་བས། རིག་འཛིན་རྣམས་ཀྱིས་སྨོན་ལམ་ལོག་པར་བཏབ་པའི་རྣམ་སྨིན་དུས་ལ་སྨིན་པའི་དབང་གིས་སོ། ། དེ་ལྟར་གྲི་གུམ་གྱི་དུས་སུ་བོན་བསྣུབས་པ་དེ་བོད་ཡུལ་ཁོ་ནའི་ནང་བསྣུབས་ལ། སླར་ཁྲི་སྲོང་གི་དུས་སུ་བོན་བསྣུབས་པ་དེ་བོད་ཙམ་མ་ཡིན་པར་ཞང་བོད་གཉིས་ཀའི་ནང་བོན་བསྣུབས་པ་དང་། སྔར་སྲོང་བཙན་གྱིས་འདུལ་མ་ཐུབ་པའི་ཞང་ཞུང་ཡོངས་རྫོགས་ཀྱང་བོད་ཀྱི་མངའ་འོག་ཏུ་དེའི་དུས་སུ་བཅུག་གོ །

     རྒྱལ་པོ་གྲི་རུམ་གྱི་དུས་སུ་བོན་བསྣུབས་ཚུལ་ལ་བཞི་སྟེ། ཡུལ་གང་དུ་བསྣུབས་པ་དང་། བསྣུབས་པའི་བོན། རྒྱལ་གཤེན་གང་གི་རིང་དང་། ནུབ་ཚུལ་བཅས་བཞི་ཡོད།

     དང་པོ་ཡུལ་གང་དུ་བསྣུབས་པ་ནི། གཞུང་དབང་ཆེན་ལས། རྒྱལ་པོའི་ཞལ་ནས། ཡུལ་འདིར་ང་ཡི་རྒྱལ་སྲིད་དང་ཁྱོད་ཀྱི་བོན་སྲིད་གཉིས་མི་ཤོང་བས་ལྷའི་བོན་སྒོ་བཞི་དང་། དེ་བཏོན་པའི་གེ་ཁོད་ཐིས་འཕེན་དང་གཅོ་གྱིམ་བུ་ལན་ཚ་གཉིས་བདག་གི་སྐུ་སྲུང་དུ་བཞུགས་འཚལ། ཕྱི་མ་རྣམས་བོད་ཡུལ་རུ་བཞི་ལས་འདས་པར་གཤེགས་ཤིག་གསུངས་པ་ལྟར། བོད་ཡུལ་དབུས་གཙང་རུ་བཞིའི་ནང་ནས་གཙང་དུ་རྒྱུ་འབྲས་ཀྱི་བོན་ཐམས་ཅད་བསྣུབས་ལ། བོད་དབུས་སུ་འབྲས་བུའི་བོན་བསྣུབས་ཤིང་རྒྱུ་བོན་ཕལ་ཆེ་བ་བཞུགས་སོ། །སྐབས་དེར་བོད་ཀྱི་ས་རྒྱ་ཁྱོན་དབུས་གཙང་རུ་བཞི་ལས་བརྒལ་མེད་པ་ནི། གོང་གི་རྒྱལ་པོས་གནང་པའི་བཀའ་གཙིགས་ལ་གཞིགས་ན་དབུས་གཙང་རུ་བཞི་ལས་འདས་པར་གཤེགས་ཟེར་བའི་ཚིག་ལས་གཞན་གང་ཡང་མི་གསལ་བས་དེར་བརྟེན་རྟོགས་ནུས་སོ། །

གཉིས་པ་བསྣུབས་པའི་བོན་ནི། གཞུང་དབང་ཆེན་ལས། གཅོ་གྱིམ་བུ་ལན་ཚའི་མཆིད་གནང་བ་ལ། བོན་སྒོ་ཕྱེད་དང་གཉིས་གནང་སྟེ་རྒྱུ་བོན་ཟང་མའོ༼ཤ་སྟག༽ཞེས་པ་སྣང་གཤེན་དང་། སྲིད་གཤེན་སོགས་རྒྱུ་བོན་ཕལ་ཆེ་བ་ཙམ་བཞུགས་ལ། གཞན་འབྲས་བུ་ཡང་དག་པའི་སེམས་བོན་ཐམས་ཅད་དྲིལ་ནས་མཁས་པ་མི་བཞིས། མཚོ་རྔའི་བྲག་གུ་ཀ་རུ་སོགས་གཏེར་ས་མི་འདྲ་བ་མང་པོ་ཞིག་ལ་ཕྱི་ལོའི་སྔོན་B.C.༦༨༣ལོར་གཏེར་དུ་སྦས་ཤིང་། ཕྱིས་སུ་གསང་སྔགས་བསྟན་པ་ཕྱི་དར་གྱི་སྲོལ་འབྱེད་སྟོང་རྒྱུང་སྤྲུལ་པ་དངོས་བྱོན་གཏེར་སྟོན་གཤེན་ཆེན་ཀླུ་དགས་དུས་རབས་༡༠པའི་ནང་འབྲིགས་མཚམས་མཐའ་དཀར་དང་མཚོ་རྔའི་བྲག་གུ་ཀ་རུ་སོགས་ནས་ཟབ་གཏེར་ཇི་སྙེད་ཅིག་བཞེས་སོ། གསུམ་པ་རྒྱལ་གཤེན་གང་གི་རིང་ལ་བསྣུབས་པ་ནི། རྒྱལ་པོ་གྲི་གུམ་བཙན་པོ་དང་སྐུ་གཤེན་མཁས་པ་མི་བཞིའི་སྐུ་ཚེའི་སྟོད་ལ་རྒྱལ་གཤེན་བར་སྙན་ཕྲ་ཞུས་པས་བསྣུབས་ཏེ། ཉི་ཟེར་སྒྲོན་མ་ལས། མཁས་པ་མི་བཞིའི་སྐུ་ཚེའི་སྟོད་ལ་ནུབ་ཅེས་གསུངས་སོ། །མཁས་པ་མི་བཞི་ནི་སྐུ་ཚེ་དང་གྲོང་འཇུག་གི་གདམས་ངག་སོགས་ལ་རང་དབང་ཐོབ་པའི་སྐྱེས་བུ་ཁྱད་པར་ཅན་ཡིན་སྟབས། ཕྱིས་སུ་ཁྲི་སྲོང་གིས་བོན་བསྟན་བསྣུབས་སྐབས་སུའང་ཞལ་བཞུགས་ཡོད་པས། དེ་ལྟ་བུའི་གནས་ལ་རང་ཉིད་རྒྱུ་མཚན་དུ་བྱས་ཏེ་ཆེ་ཧ་ལས་བྱ་མི་རུང་ངོ་། །

      བཞི་པ་ནུབ་ཚུལ་ལ། མཁས་བཞིའི་འགྲེལ་ལས། འགའ་ཞིག་ནི་དུས་ཀྱི་ནུབ་ལ། འགའ་ཞིག་ནི་ལས་ཀྱི་ནུབ། འགའ་ཞིག་ནི་རྐྱེན་གྱིས་ནུབ་བོ། །ཞེས་པ་ལྟར། དང་པོ་དུས་སྙིགས་མ་ལྔ་བདོའི་སྐབས་དེར་བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན་བསྟན་རིན་པོ་ཆེ་འདི་ཉིད་སའི་སྟེང་ན་བཞུགས་དཀའ་བ་དང་། གཉིས་པ་ལས་ནི། སྒོས་བོད་འབངས་རྣམས་བསོད་ནམས་ཆུང་ཞིང་དུག་ལྔ་རང་ཁར་སྤྱད་པ་དང་། ཡང་སྒོས་རྒྱལ་པོ་བསོད་ནམས་ཟད་ཅིང་ཉོན་མོངས་ཆེ་བའི་སྡིག་བཅུ་ཁ་ཚང་དུ་སྤྱོད་པའི་བསྟན་པའི་སྣོད་དུ་མི་རུང་བའི་ཕྱིར་ཏེ། སེམས་ཅན་མི་གཙོ་ལས་ཉིད་གཙོ། ཞེས་གསུངས་པ་བཞིན་ནོ། །

     གསུམ་པ་རྐྱེན་ནི། བསྒྲགས་བྱང་ལས། ཆེ་གསུམ་དབང་གི་མེ་འབར་བ། ཆུང་གསུམ་ཕྲ་མའི་ཤིང་བསྣན་ནས། ཞེས་པ་ལྟར། རྒྱལ་པོ་མངའ་དབང་ཆེ་བོན་པོ་མཐུ་ཆེ་བློན་པོ་གྲོས་ཆེ་བས། ཆེ་གསུམ་དྲེགས་པ་མེ་འབར་བ་ལྟ་བུའི་སྟེང་དུ། ཆུང་གསུམ་ནི། བློན་པོ་ལི་བཙན་བཞེར་གྱིས། རྗེ་རྒྱལ་ལགས་བོན་པོ་མགོ་མཐོ་ན་རྗེ་ཡི་མངའ་ཐང་འཁྱེར། ཞེས་དང་། བློན་པོ་ཟིང་པ་རརྣ་ཡིས། གཤེན་རྣམས་མཐའ་རུ་སྤྱུགས་པའི་བཀའ་མཆིད་གསུངས་པར་ཞུ། ཞེས་དང་། རྒྱ་གར་གྱི་སྤྲང་བོ་རད་ན་སི་ཏིས། ད་ལྟ་རྒྱལ་གཤེན་གཉིས་དོ་མཉམ་ཙམ་གདའ་སྡེ། སྲས་བོན་རྣམས་ཀྱི་སྐུ་རིང་ལ་རྒྱལ་སྲིད་བོན་པོས་འཁྱེར་བར་མཆིའོ། ཞེས་སོགས་ཕྲ་མ་མང་པོར་སྨྲས་ནས་རྒྱལ་གཤེན་པར་དཀྲུག་གོ །དེ་ལྟར་དུས་དང་ལས་རྐྱེན་གསུམ་འཛོམས་པ་ལས་རྒྱལ་པོའི་ཐུགས་ལ་དྭོགས་པ་མེད་པར་གཡུང་དྲུང་གི་བོན་འདི་བསྣུབས་པར་དྲན་པ་ལ། བྲུ་ཤ་གནམ་གསས་ན་རེ། རྒྱལ་པོ་ལགས་གྲོས་འདི་བཤོལ་བར་ཞུ། ཅིས་ཀྱང་མཛད་ན་བོན་བཤེས་ཀྱི་ལྷ་བོན་སྒོ་བཞི་དང་། དེ་བཏོན་པའི་སྐུ་གཤེན་གཅིག་བཞག་འཚལ། དེ་ལྟར་མ་མཛད་ན་ལྷ་རྒོད་ལྕམ་དྲལ་རུ་མཐུར་བས་རྒྱལ་པོ་རང་ཡང་སྐུ་མི་རྟག་གི་ཉེན་ཆེའོ། ཞེས་གླེང་པས། དེར་རྒྱལ་པོས་གཤེན་པོ་རྣམས་བསྡུས་ཏེ། གོང་དུ་གསུངས་པ་བཞིན་བོད་ཡུལ་རུ་བཞི་ལས་འདས་པར་གཤེགས་སམ། ཡང་ན་འི་འོག་ཏུ་བོན་མི་སྤྱོད་པར་སྐྱེ་བོར་སྡོད་དམ། ཡང་ན་ཆབ་གསོལ་ལམ་ཁྱོད་བོན་པོ་རྣམས་ཀྱིས་འདོམས་ཤིག་ཅེས་གསོལ་པས། བློན་ར་སངས་ཁོད་རམ་གྱིས་བོན་མི་བསྣུབས་པ་ནན་གྱིས་ཞུ་བ་ཕུལ་ཡང་མ་གསན་ནོ། །བླ་ཆེན་དྲན་པས་གསུངས་པ། རྒྱལ་པོས་སྨྲ་བ་ཐེངས་གཅིག་ཡིན། གཅམ་བུས་སྨྲ་བ་ཡང་ཡང་སྨྲ། ཡུ་བོས་བརྡུང་བ་ཁུས་ཀྱིས་བརྡུང་། གཤེན་པོ་རྣམས་ཀྱང་མ་བཞུགས་གཤེགས། གྱིམ་བུ་ལན་ཚ་ཡང་སྐུ་སྲུང་དུ་བཞུགས་མི་དགོས་མཐའ་རུ་གཤེགས་གསུངས་པས། གྱིམ་བུ་ལན་ཚས་ལྷ་བོན་སྒོ་བཞི་དར་ན་གསས་མཁར་སྲོག་ཤིང་འཛུགས། བདག་ནི་བསྡད་ན་ལེགས་ལྷ་བོན་ཡང་མ་ནུབ་ན་དགེ་ཟེར་ནས་འགྲོ་མ་ཉན་ནོ། །སྐུ་སྲུང་གེ་ཁོད་ཐིས་འཕེན་ན་རེ། གཤེན་པོ་ཀུན་མི་བཞག་ན་བདག་ཀྱང་མི་འདུག་ཟེར་ནས་བཞུགས་སུ་མ་འདོད་དོ། །

       དེ་ནས་གཤེན་པོ་ཀུན་ཚོགས་ནས་བཀའ་བསྒྲོས་ཏེ་སོ་སོའི་བོན་སྐལ་རེ་བསྣམས་ཏེ་ལྷོ་བལ་མོན་ཡུལ་སོགས་ལ་བསྟན་པ་འཛུགས་པར་དགོངས་ནས་གཙང་སྟོད་བྱི་བ་མཁར་ནས་ཆས་ཏེ་གཤེགས་སོ། །བསྟན་པ་མི་ཚུགས་པའི་རྟགས་བྱུང་སྟེ་ནམ་མཁའ་ལ་སྒྲ་མི་སྙན་པ་དང་། ཁ་བ་བུ་ཡུག་རླུང་དམར་སོགས་བྱུང་བས། སླར་བོན་ཐམས་ཅད་གཏེར་དུ་སྦས་པར་དགོངས་ཏེ། ས་རྟགས་མཚན་དང་ལྡན་པ་འབྲིགས་མཚམས་མཐའ་དཀར་དང་། ཡར་ལུང་རམ་པོ་དཔལ་རི། བྱང་འབྲོག་ཟང་ཟང་ལྷ་བྲག དྭང་ར་ཁྱུང་རྫོང་། རྒྱུ་སྲུབ་གསང་བའི་བྲག་རྣམས་ལ་སྦས་སོ། །བསྟན་པ་གཏེར་དུ་སྦས་པ་རྣམས་ཀྱང་མེ་ཏོག་སྤང་ལ་རྡོལ་བ་ལྟར་དུས་ལ་བབས་ཙམ་ན་ལས་དང་སྐལ་པ་ལྡན་པ་རྣམས་ཀྱིས་རྙེད་པར་གྱུར་ཅིག་ཅེས་སྨོན་ནོ། དེ་རྗེས་རྒྱལ་བོ་གྲི་རུམ་བཙན་པོ་ནི། བསྒྲལ་བའི་ཞིང་བཅུའི་ནང་ནས། སངས་རྒྱས་ཀྱི་བསྟན་པ་བཤིགས་པའི་དགྲ་བོ་དངོས་ཡིན་སྟབས་བོན་གཤེན་རྣམས་ཀྱིས་བདུད་མོ་ལ་བསྟབ་པའི་བརྣག་པ་མཛད་དོ། །ཉི་ཟེར་སྒྲོན་མ་ལས། བསྟན་པ་བསྣུབས་རྟིང་ལོ་བདུན་ཐོག རྒྱལ་པོ་ལོ་ངམ་རྟ་རྫིས་གྲི་མདས་བཀྲོངས། ཞེས་གསུངས་པ་ལྟར། བསྟན་པ་བསྣུབས་ནས་ལོ་བདུན་གྱི་རྗེས་སུ་བོན་བསྣུབས་པའི་བཀའ་ཆད་ཀྱིས་ཐུགས་སུ་གདོན་ཞུགས་ནས་འབངས་ལོ་ངམ་ལ་འཕྲིན་བརྫངས་ཏེ། ང་དང་མཉམ་པའི་བོན་པོ་ནི་སྤྱུགས། ད་ང་ལ་འཐབ་ཟླ་མེད་པས་ཁྱོད་ཀྱིས་འཐབ་ཟླ་བྱེད་དགོས་གསུངས་པས། ལོ་ངམ་ན་རེ། ཁྱོད་སྤྱི་ཕུད་ཀྱི་རྒྱལ་པོ་ཆེན་པོ་ཡིན། བདག་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་བ་ཡིན། རྒྱལ་འབངས་འཁྲུགས་པ་ག་ལ་འོས། རྗེའི་འཐབ་ཟླ་བདག་གིས་མི་འོང་བས་བཀའ་འདི་མི་གསུངས་པར་ཞུ་བྱས་ཀྱང་མ་གསན་ཏེ་ཁྱོད་རང་དམག་གྱིས་ལ་ཤོག མ་འོང་ན་བདག་གིས་དམག་བྱ་ལ་ཁྱེད་འཁོར་བཅས་མྱུར་དུ་བརླག་པར་བྱ་གསུངས་པས། ལོ་ངམ་བློ་མ་བདེ་བར་ཡོད་ཙ་ན། དེ་ནུབ་རྨི་ལམ་དུ་བོན་གྱི་བཀའ་སྲུང་སྐྱེས་ཕྲན་ཆས་བཟང་ཞིག་ཏུ་སྤྲུལ་པ་ན་རེ། ལོ་ངམ་ཁྱོད་སྐྲག་མི་དགོས་རྒྱལ་བོ་ནི་བོན་གྱི་དབུ་ཡོག་བྱུང་ནས་བཀའ་སྲུང་གིས་སྙིང་དཀྲུགས་ནས་ཡོད། ཁྱོད་ཀྱི་སྟོབས་ཀྱིས་མི་ཐུབ་ཀྱང་ལྷ་དབྱེའི་རྫས་འདི་རྣམས་བྱས་ཤིང་འཐབ་ན་ཐུབ་པས་རྒྱལ་པོར་འདི་སྐད་སྨྲོས་ཤིག ཅེས་ལུང་དུ་བསྟན་པར་ལོ་ངམ་གྱིས་རྒྱལ་པོར་སྨྲས་པས། རྒྱལ་པོས་ཀྱང་རྫས་རྣམས་འདོགས་ཤིང་གཡུལ་དུ་འཐབ་པར་བརྩམས་པ་ན། འབངས་ལོ་ངམ་གྱིས་གྲིས་བཀྲོངས་པས་གྲི་གུམ་བཙན་པོ་ཞེས་གྲགས་སོ། །རྒྱལ་པོའི་སྤྱི་གཙུག་གི་དམུ་ཐག་ཆད་དེ་སྤུར་ས་ལ་ལུས་པ་དེ་ལོ་ངམ་གྱིས་ཟངས་ཁ་སྤྲོད་དུ་བཅུག་སྟེ་ཉང་ཆུ་ལ་བསྐྱུར་རོ། །ཞེས་པ་ལ་བརྟགས་ན། སྤུ་ལྡེ་རྒྱལ་སར་མ་ཕེབས་ཀྱི་གོང་ནས་བོད་མི་རྣམས་ཀྱིས་ལྕགས་དངུལ་ཟངས་གསུམ་ལ་བེད་སྤྱོད་ཤེས་པར་སྣང་། དེ་རྗེས་སྲས་སྤུ་ལྡེ་དང་ཉ་ཁྲི་གཉིས་དྭགས་ཀོང་གཉིས་སུ་སྤྱུགས། བློན་པོ་དྲག་པ་རྣམས་བསད། ཞན་པ་རྣམས་སྤྱུགས། བཙུན་མོ་ལུག་རྫི་བྱེད་དུ་བཅུག །སྲས་མོ་ལྷ་ལྕམ་ཁབ་ཏུ་བླང་ནས་རྒྱལ་ས་ལོ་༡༢རིང་འབངས་ལོ་ངམ་གྱིས་བཟུང་ངོ་། །དུས་དེ་ཙམ་ན་བཙུན་མོ་ལུག་རྫིར་སོང་ནས་གཉིད་པའི་དུས་ཤིག་ན་ཡར་ལྷ་ཤམ་པོའི་སྤྲུལ་པ་སྐྱེས་ཕྲན་ཡིད་འོང་ཞིག་དང་འཚོས་པར་རྨིས། དེ་ནས་ནམ་ཞིག་ན་ཕ་མེད་པའི་བུ་ཁྲག་ཤ་ལག་མགོ་ཙམ་ཞིག་ལ་ཁ་མིག་གང་ཡང་མེད་པ་ཞིག་སྐྱེས་སོ། །བཙུན་མོས་གཞན་ལ་བསྟན་པ་ངོ་ཚ་སྟེ་གཡག་རུའི་ནང་དུ་བཅུག་ནས་གསོས་པས་གཞན་ལས་སྐྱེ་ཆེ་བ་ཞིག་བྱུང་སྟེ་མིང་ཡང་ཁྲག་གི་བུ་རུ་ལས་སྐྱེས་བཏགས་སོ། །བུ་དེ་ཆེར་སྐྱེས་ནས་ངའི་ཕ་གར་ཡོད་དྲིས་པས། མས་ཁྱོད་གཡག་རུའི་ནང་ནས་རྙེད་པ་ཡིན་ཕ་སུ་ཡིན་ཆ་མེད་ཟེར་རོ། །ཡང་ནན་གྱིས་དྲིས་པས། ཁྱོད་ལ་ཕ་ཡོད་ན་ད་ལྟ་མ་བུ་འདི་འདྲ་ཨེ་ཡོད་ཟེར་ཏེ་བཤད་དུ་མ་འདོད་དོ། །ཉིན་གཅིག་བུ་རུ་ལས་སྐྱེས་རྟ་འཚོར་ཕྱིན་པའི་ལམ་དུ་མི་དཀར་རྟ་དཀར་ཅན་ཞིག་བྱུང་ནས་ང་ཡར་ལྷ་ཤམ་པོ་ཡིན། ཁྱོད་ངའི་བུ་ཡིན། ཕ་གྲི་གུམ་བཙན་པོ་བྱ་བ་ཡོད་པ་ནི་འབངས་ལོ་ངམ་གྱིས་བསད་ནས་རྒྱལ་ས་ཁོ་ཐོབ་པ་ཡིན་ཟེར་རོ། །

      དེར་བུས་མ་ལ་དེ་སྐད་སྨྲས་པས། མས་ཀྱང་དེ་ལྟར་ཡིན་གཅེན་པོ་སྤུ་ལྡེ་གུང་རྒྱལ་ད་ལྟ་ཀོང་ཡུལ་དུ་བྲོས་ནས་ཡོད། ཅེས་ཞིབ་ཏུ་བཟླས་སོ། །དེ་ནས་རུ་ལས་སྐྱེས་ཀྱིས་སྤུ་ལྡེ་གདན་དྲངས་ཏེ་མཁར་བྱི་བ་སྟག་རྩེའི་རྒྱལ་སར་བཏོན། དབུས་ཀྱི་འབངས་རྣམས་བསྡུས་ནས་རུ་ལས་སྐྱེས་ཀྱི་མིང་གཞན་རྒྱལ་པོ་ཁྲི་སྨོན་བཟུང་བྱ་བ་བཏགས་ནས་རྒྱལ་ཕྲན་བྱས། དེ་ནས་གཙང་དུ་དམག་དྲངས་པས། གཙང་གི་མངའ་འབངས་རྣམས་ཀྱིས་ཀྱང་། ངེད་ཀྱི་རྗེ་བྱོན་ཟེར་ནས་དམག་སྣ་ནང་དུ་དྲངས་ཏེ། ཤམ་པོ་རྩེ་ནས་ཕབ། ལོ་ངམ་ཕ་བུ་དམག་དཔུང་དང་བཅས་པ་གྲི་རུབསད་དོ། དུས་དེར་ཡུལ་དེ་རུ་མི་ནོར་ལ་ནད་རིམས་སྣ་ཚོགས་དང་། ལོ་ཏོག་ལ་བཙའ་སད་སེར་བ་སོགས་མི་དགེ་བ་འབའ་ཞིག་བྱུང་བ་ལ་མོ་དང་རྨི་ལྟས་སོགས་ལ་བརྟགས་པས་ཀུན་གྱིས་རྒྱལ་གྱི་སྤུར་ཆུ་ལ་བསྐྱུར་བའི་ལན་ཡིན་ཟེར། དེ་ནས་སྤུར་བཙལ་འཚལ་ཟེར་ནས། གཙང་པོའི་རྒྱུད་ཀུན་བཙལ་བས་མ་རྙེད་དོ། །ནམ་ཞིག་ཉང་སྟོད་སྟག་ཚལ་དུ་རྩིས་མཁན་མཁས་པ་ཞིག་ལ་རྩིས་བྱས་པས། རྒྱལ་པོའི་སྤུར་ནི་ཀོང་ཡུལ་གྱི་ཀླུ་ལྕམ་ཁོད་དོ་རིང་མོས་བཟུང་འདུག་པས། དེ་བསླུ་བའི་ཐབས་ཀླུ་ལྕམ་མཉེས་པའི་མཆོད་པ་བྱས་ན་རྙེད་པར་འགྱུར་རོ། །ཞེས་ཟེར་ནས་དེ་བཞིན་ཀླུ་ལྕམ་མཉེས་པའི་མཆོད་པ་དང་སྤྱན་གཟིགས་ཡས་གླུད་སྣ་ཚོགས་ཆུ་བོའི་གཞུང་ལ་བཏང་བས་ཀླུ་དགྱེས་ཏེ་རྒྱལ་པོའི་སྤུར་ཆུ་ཁར་ཐོན་ཏེ། དེ་ནས་ཡར་ལུང་གི་དྲང་མ་དྲང་ཆུ་ལ་བང་སོ་བཏབ། རྒྱལ་ངུར་ལ་སྔ་བས་ད་ལྟ་རྗེའི་ངུར་ས་བང་སོའི་ཁྲོད་བྱ་བ་ཡོད་དོ། ༼ཀོང་ཡུལ་ནང་མི་ཡུལ་སྐྱིད་ཐིང་ལ་ངོས་འཛིན་བྱེད་པར་སྣང་། ༽སྲིད་པའི་བང་སོ་ས་ལ་ཟུགས་པ་ཡང་དེ་ལགས་སོ། ། དེ་རྗེས་སྤུ་ལྡེས་བོན་གཤེན་རྣམས་སྤྱན་དྲངས་ཏེ་བསྟན་པ་མ་ཚུགས་བར་དབུས་གཙང་ཁུལ་དུ་འབྲས་བུའི་བོན་རྣམས་བསྣུབས་ཏེ་ལོ་བཅུ་བདུན་སོང་ངོ་། །

༼བོན་སྒོ༽སྤྱི་དེབ་གསུམ་པ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག