བོད་རྗེ་མུ་ཁྲིའི་རྣམ་ཐར་ཆུ་གཏེར་ཆེར། །
བློ་ཆུང་རི་བོང་རྐྱལ་གྱིས་མི་ཆོད་ཀྱང་། །
ཚད་ལྡན་གཞུང་བརྟེན་རྩོམ་ཐུང་ཟགས་མ་འདི། །
རང་འདྲའི་སྐལ་མཉམ་སྐྱེས་བུ་འབུལ་བར་སྤྲོ། །
མཁས་མང་བློ་གྲོས་ཆུ་གཏེར་ལས་འོང་བའི། །
ལེགས་བཤད་རླབས་ཕྲེང་འབུམ་ཕྲག་གཡོ་བཞིན་དུ། །
བདག་བློའི་བ་ཚྭའི་ཁྲོན་ཆུ་དགོས་དབེན་ནའང་། །
མུ་ཁྲིའི་དཔྱད་གཏམ་ཆུ་ཐིགས་ཙམ་ཞིག་གླེང་། །
འོན་ཀྱང་བློ་ཆུང་བྱིས་པ་བདག་འདྲ་བས། །
ཕན་འདོད་ལྷག་བསམ་དཀར་པོས་ཉེར་དྲངས་ཀྱང་། །
སྨྱུག་རྩེའི་གར་གྱིས་རྒྱ་ཤོག་དཀར་པོའི་ངོས། །
བྲིས་ཐལ་མཁས་རྣམས་བྱི་དོར་སྩོལ་ཅིག་གུ །
གངས་ཅན་བོད་ཀྱི་ཞིང་འདིར་ལོ་ངོ་སུམ་སྟོང་ལྷག་ཙམ་འདས་པའི་བོད་རྒྱལ་ཐོག་མར་གཉའ་ཁྲི་བཙན་པོ་ནས་བཟུང་། གནམ་གྱི་ཁྲི་བདུན། བར་གྱི་ལྡེང་གཉིས། ས་ཡི་ལེགས་དྲུག ཆུ་ལ་ལྡེ་བརྒྱད། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི། འོག་གི་བཙན་ལྔ་ལས་སོགས་ཆེ་བ་གཉན་པའི་བཙན་པོ་མང་མང་དུ་བྱོན་ཀྱང་། དེ་དག་གི་ལོ་རྒྱུས་རྣམས་ཆོས་ལུགས་སམ་གྲུབ་མཐའི་དབང་གིས་ཕྱོགས་ལྷུང་དུ་བཤད་པ་ཞིག་ལས། ཡང་དག་པའི་ངེས་བརྟན་རྙེད་པ་ཆེས་དཀོན་པའི་གནས་སུ་གྱུར་ཡོད་པ་ནི་མཁྱེན་གསལ་ལྟར་ལགས། རྒྱལ་པོ་དེ་དག་གི་ལོ་རྒྱུས་ཞིབ་བཀོད་མི་གནང་བ། དཔེར་ན། རྒྱལ་རབས་གསལ་བའི་མེ་ལོང་༼༦༢༽ལས་བོད་རྒྱལ་བོའི་གདུང་རབས་རྗེ་གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་ཐོ་རི་སྙན་ཤལ་ཡན་ལ། གདུང་རབས་ཉི་ཤུ་རྩ་བདུན་ལ་ལོ་ལྔ་བརྒྱ་སོང་འདུག་པར་ངེས་ཟེར་ནའང་། ཆོས་དང་འབྲེལ་བའི་རྒྱལ་བོར་མི་འདུག་པས་ལོ་རྒྱུས་རྒྱས་པར་མ་བཀོད་པ་ཅེས་གསུངས་པ་བཞིན། དེ་དང་དེ་ལྟ་བུའི་རྒྱལ་པོ་དེ་དག་ལ་མཐོང་ཆུང་རྩིས་ནས། ད་ལྟ་བོད་རྒྱལ་པོའི་རྒྱལ་རབས་སྐོར་ལ་རྩོད་སྙོགས་ཆེས་ཆེར་གཡོ་བཞིན་པ་དང་། མཐོང་ཆུང་དེ་དག་གི་ལོ་རྒྱུས་ལ་ད་ལྟ་མཐོང་ཆེན་བརྩི་དགོས་པའང་དེ་རེད། དེས་ན་སྐབས་འདིར་ཕྲན་ནས་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོའི་སྐོར་མདོ་ཙམ་ཞིག་གླེང་བར་མོས་པས། སྤྱིར་སྐྱེས་ཐོབ་ཀྱི་ཤེས་རབ་དབེན་ཁར་གཞུང་ལུགས་རྒྱ་ཆེ་ལ་སྦྱང་བའི་ཤེས་ཡོན་ཞན་པས། མ་རྟོགས་ལོག་རྟོག་ལས་སོགས་ཚིག་དོན་གྱི་ཆ་ལ་ནོང་པར་གྱུར་ལ་གང་མཆིས་མཁས་པ་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་ཐུགས་ཁྲེལ་གྱི་གནས་སུ་མི་མཛད་པར་ལེགས་སྤེལ་ཉེས་འགོག་གི་དགོང་འཆར་གནང་རོགས་ཞུ།
ཐོག་མར་གཉའ་ཁྲི་བཙན་པོས་གནམ་ཟ་མུག་མུག་ཁབ་ཏུ་བཞེས་ནས་དགུང་ལོ་དྲུག་ཅུ་རེ་གཉིས་ཕེབས་མཚམས། སྲས་སུ་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་འཁྲུངས་ཏེ། ལེགས་བཤད་མཛོད་ལས། གཉའ་ཁྲི་དང་གནམ་ཟ་མུག་མུག་གིས་སྲས་མུ་ཁྲི་བཙན་པ་སྟེ། ཞེས་གསུངས་སོ། །འོན་ཀྱང་བོད་ཀྱི་རྒྱལ་རབས་ལ་ལར། ཡབ་ཀྱི་མཚན་བཤད་སྲོལ་འདུག་ཀྱང་། ཡུམ་གྱི་མཚན་ཅི་ཡིན་མ་བཤད་པ་མ་ཟད། སྲོང་བཙན་ཡར་སྔོན་གྱི་བོད་རྒྱལ་རིམ་བྱོན་གྱི་དུས་ལ། ངག་རྒྱུན་གྱི་དུས་རབས་ཤེས་ཟེར་ཞིང་། རྒྱལ་པོ་དེ་དག་ལོ་རྒྱུས་སྟེང་དངོས་སུ་བྱུང་ཡོད་མིན་སྐོར་ལའང་དྭོགས་པ་བཟོས་ཀྱང་། དེ་ལྟར་མིན་པ་དེང་སང་ཕྱི་ནང་མཁས་པ་ཀུན་གྱི་ཚད་འཛིན་གནང་ཡུལ་ཏུན་ཧོང་གི་ཡིག་རྙིང་ལས་ཀྱང་། ལྡེ་ཉག་ཁྲི་བཙན་པོ་དང་གནམ་མུག་མུག་ཏུ་བཤོས་པའི་སྲས་མུ་ཁྲི་བཙན་པོ་ཞེས་དང་། ཉི་སྒྲོན་ལས། རྗེ་གཉའ་ཁྲི་བཙན་པོས་གནམ་ཟ་མུག་མུག་ཁབ་ཏུ་བཞེས་པ་ལ་སྲས་མི་ཁྲི་བཙན་པོ་འཁྲུངས་ཞེས། གནའ་རབས་ཀྱི་ཡིག་རྙིང་ཕལ་ཆེར་ལས་དེ་ལྟར་གསུངས་བའི་ཕྱིར་རོ། །
གཉིས་པ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་ཡན། ཆབ་སྲིད་འཛིན་པའི་རྒྱལ་པོ་རེ་རེའི་རིང་ལ། རྒྱལ་པོའི་སྐུ་ཕྱྭ་བསྲུང་བའི་བོན་གཤེན་རེ་དང་། ཐར་ལམ་འདྲེན་པའི་སྐུ་གཤེན་རེ། སྒྲ་སྐད་བསྒྱུར་བའི་ལོ་པན་རེ། ཐུགས་དམ་གྱི་བོན་རེ་དང་། མཛད་པ་རླབས་ཆེན་གྱི་གསས་ཁང་རེ་བཞེངས་པའི་སྲོལ་དར། འདིར་བཤད་པར་བྱ་བའི་བོད་རྒྱལ་འདི་ཉིད་ཀྱི་སྐུ་གཤེན་གྱི་མཚན་ལ་ཕྱི་ནང་གསང་བ་ཡང་གསང་གི་མཚན་འདྲ་མིན་ཡོདང་པ་དཔེར་ན། འབེལ་གཏམ་ལུང་སྙིང་ནས་༼༧༢༽སྐུ་གཤེན་གཅོའུ་ཕྱག་དཀར་གསུང་པ་དང་། དེ་བཞིན་རྒྱལ་རབས་བོན་གྱི་འབྱུང་གནས་དང་། དར་རྒྱས་གསལ་སྒྲོན་སོགས་ནས་ཀྱང་དེ་ལྟར་གསུངས་ཡོད། ཁྲོ་འགྲེལ་ནས་གཅོའུ་ལན་ཚ་ཞེས་གསུངས་ཡོད་ཀྱང་། ཡོངས་གྲགས་སུ་སྐུ་གཤེན་གཅོའུ་ཕྱག་དཀར་ཞེས་འབོད་སྲོལ་ཆགས། བོད་རྒྱལ་འདི་ཉིད་ཀྱི་རིང་ལ་སྒྲ་སྐད་བསྒྱུར་བའི་ལོ་པན་ནི། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས་བའི་ནང་ནས་གཙོ་བོའམ་ཐོག་མར་བོད་ཡུལ་དུ་ཕེབས་མཁན་ནམ་མཁའ་སྣང་བ་མདོག་ཅན་ཞེས་པ་དེ་ཡིན། དུས་ཀྱི་ལོ་གསར་ཉ་མཆོད་ལ། བོད་རྒྱལ་རང་ཉིང་གཙོས་བོད་མི་མང་པོས། ནམ་མཁའ་སྣང་བ་མདོག་ཅན་གདན་དྲངས་པར་དགོངས་ནས། ལྷ་རི་གྱང་ཐོའི་རྩེར་གཤེགས་ནས། ཀུན་གྱིས་མཆོད་གསོལ་དང་། བསང་ཆོད་སྒྲ་བླའི་དཔུང་བསྟོད་བཅས་ལེགས་པར་གསོལ་བའི་མཚམས། ནམ་མཁའ་ནས་ཡ་མཚན་གྱི་ལྟས་དུ་མ་བྱུང་བ་དང་ཆབས་ཅིག་ཏུ། ནམ་མཁའ་སྣང་བ་མདོག་ཅན་ཞེས་བྱ་བ། རྟག་གཟིགས་ཡུལ་གྱི་དབུས་གཡུང་དྲུང་དགུ་བརྩེགས་རི། རི་རྒྱལ་ལྷུན་པོའི་ཁབ་ནས། གངས་ལྗོངས་བོད་ཀྱི་ཡུལ་དུ་སྔགས་སེམས་ཀྱི་བསྟན་པ་སྤེལ་བའི་ཕྱིར་ལྷ་རི་གྱང་མ་གྱང་མཐོའི་རྩེ་མོར་གཤེགས། དེར་ལྷ་སྲས་མུ་ཁྲི་བཙན་པོས་གཙོས་བོད་མི་རྣམས་ཀྱིས་ཕྱག་འཚལ་ཐལ་མོ་ཟུམ་ནས་གནམ་གྱི་ལྷ་ཞེས་ཀུན་གྱིས་མགོ་བསོ་གཏུག་གཏུག་ཀྱང་བྱས་སོ། དེ་ནས་བོད་རྒྱལ་འདི་ཉིད་ཀྱིས་ནམ་མཁའ་སྣང་བ་མདོག་ཅན་རང་གི་དབུ་བླར་བཀུར་ནས་ཐུགས་དམ་གྱི་བོན་དུ་གསང་སྔགས་ཀྱི་བོན་སྡེ་སྤྱི་སྤུངས་སྐོར་གསུམ་གྱི་རྒྱུད་གཞུ་ཚང་བར་ཞུས་ནས་ལྷ་རི་གྱང་མ་གྱང་ཐོ་ལ་བསྒྲུབ་པ་བཞུགས་ཏེ། ཉི་སྒྲོན་ལས༼༣༠༦༽མུ་ཁྲིས་སྣང་བ་མདོག་ཅན་ལ་ཁྲོ་བོ་དབང་ཆེན་གྱི་རྒྱུད་གཞུང་མ་བུ་ཚང་བར་ཞུས་ནས་ལྷ་རི་གྱང་ཐོ་ལ་བསྒྲུབ་ཅེས་དང་། བསྒྲགས་པ་གླིང་གྲགས་ལས་༼༥༡༽སྤྱི་སྤུངས་གསང་སྒོར་ཞུགས་ནས། ལྷ་རི་གྱང་ཐོ་ལ་བསྒྲུབ་ཅེས་གསུངས། དེ་བཞིན་རྒྱལ་རབས་བོན་གྱི་འབྱུང་གནས། དར་རྒྱས་གསལ་སྒྲོན་སོགས་ལས་ཀྱང་གསལ་ལོ། །
གོང་གི་ལྷ་རི་གྱང་ཐོ་ཞེས་པ་དེ་ལ་དྭོགས་དཔྱོད་ཅུང་ཙམ་སྤྲོ་ན། མཁས་མཆོག་སྒ་སྟོན་ཚུག་རྒྱས་དང་། སྤ་སྟོན་དཔལ་མཆོག་བཟང་པོ་ལས་སོགས་ཀྱིས། ལྷ་རི་གྱང་ཐོ་ཞེས་པའི་གནས་དེ་ནི། འོལ་གླིང་དུ་ཡོད་པའི་ས་གནས་ཤིག་ཡིན་པ་དང་། དེས་ན་མུ་ཁྲི་ནི་བོད་རྒྱལ་མིན་པར་བཞེད། རྒྱུ་མཚན་གང་གིས་ན། མུ་ཁྲིས་ལྷ་རི་གྱང་ཐོ་ལ་བསྒྲུབ་པར་བཞུགས་པས་སོ། །དེས་ན་སྤྱིར་ལྷ་རི་གྱང་ཐོ་ཞེས་པ་དེ་ལ་ད་ལྟ་བོད་སར་གཏོགས་ན་རྐོང་ཡུལ་དུ་ཡོད་པའི་ལྷ་རི་གྱང་ཐོ་གཅིག་དང་། སྟོན་པས་ཐེག་གསུངས་བའི་གནས། འོལ་གླིང་དུ་ཡོད་པའི་ལྷ་རི་གྱང་ཐོ་གཉིས་ངེས་པར་དབྱེ་དགོས། དེ་ལྟར་མིན་ན་བདག་ཅག་གི་སྟོན་པས་བོད་ཡུལ་དུ་ཐེག་དགུ་གསུངས་བར་ཐལ་བ་དང་། དེ་ལྟར་ན་གཤེན་རབ་མཆོག་བོད་ཡུལ་དུ་ཕེབས་སྐབས། སྟོན་པས་གསུང་པ་བོད་ཀྱི་བོན་པོ་ཐམས་ཅད་ལ་བསྟན་པ་བཞག་པའི་ད་རུང་གནས་མེད་པས། ནམ་ཞིག་ཐེག་པ་རིམ་པ་དགུ་ཡི་བོན་དར་ནས་སྤྱོད་པར་ཤོག་ཅེས་དང་། གཤེན་རབ་ཀྱིས་བོད་ཀྱི་བོན་པོ་ལ། བོད་དུ་ལྷ་གསོལ་བ་དང་འདྲེ་བཀར་བ་གཉིས་ཀྱི་ལུང་ཕོག་ཅེས་ཐེག་པ་རིམ་པ་དགུ་པོ་དག་ནམ་ཞིག་དར་བའི་ལུང་བསྟན་གསུངས་པ་ལས། དེ་དུས་ཐེག་དགུ་གསུང་མེད་པ་ཐག་གིས་ཆོད། མུ་ཁྲི་བཙན་པོ་ནི་བོད་རྒྱལ་ཡིན་པ་ལུང་གིས་གྲུབ་སྟེ། གནམ་གྱི་ལྷ་སྲས་བོད་རྗེ་མུ་ཁྲི་བཙད་ཅེས་གསུངས་སོ། །འོན་ཀྱང་མུ་ཁྲི་ཞེས་པ་འདི་ལ། བོད་རྒྱལ་ལམ་གདུང་རྒྱུབ་བཅུ་གསུམ་གྱི་ནང་ཚན་ཡིན་པའི་མུ་ཁྲི་ཞིག་དང་། བླ་མ་ཆེ་དྲུག་གི་ནང་ཚན་དུ་གཏོགས་པའི་མུ་ཁྲི་ཞིག་ཀྱང་ཕྱེ་དགོས་པར་སེམས།
བོད་རྒྱལ་མུ་ཁྲི་བཙན་པོ་འདི་ཉིད་ཕྱི་ལོའི་སྔོན་༡༠༧༤/B.Cལ་འཁྲུངས་པའི་ལོ་རྒྱུས་སྟེང་གི་ཡང་མྱེས་ཆེན་པོ་ཞིག་ཡིན་པས། དེས་ན་ཁོང་གི་མཛད་འཕྲིན་རྣམ་ཐར་དག རང་གཞན་ཚང་མས་བསམ་ཐེངས་གཅིག་ལ་གསལ་ཐུབ་པ་ཞིག་དང་། ཡིག་ཆ་ཕྱོགས་རེ་བ་དཔྱད་དེ་དངོས་དོན་རྙེད་རྒྱུ་ཡོད་པ་ཞིག་གང་ལ་ཡིན། དེ་ཡང་བོད་རྒྱལ་འདི་ཉིད་ཀྱི་འཁྲུངས་རབ་ཀྱི་ལོ་རྒྱུས་ལའང་བཤད་ཚུག་མི་འདྲ་བ་དུ་མ་བྱུང་བ། བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་ཟེར་བའི་ནང་། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོར་བཤད་པ་དང་། ཤེས་བྱ་རབ་གསལ་ནས་སངས་རྒྱས་ཤཀྱྰ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་གི་དུས་སུ་བྱོན་པར་བཤད་པ་ལས་སོགས་མི་མཐུན་པ་མང་པོ་ཡོད་ཅིང་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །ཡང་སྙིང་བོད་རྗེ་འདི་ཉིད་ནི་ལུགས་གཉིས་ཀྱི་བྱ་བཞག་མཐའ་དག་ལ། མཁས་མཛངས་ལྡན་པའི་བློ་གྲོས་ཀྱི་རྩལ་རྫོགས་ཤིང་། བཅུ་ཕྲག་རིག་པའི་གནས་ཀུན་ལ་མི་འཇིགས་པའི་སྤོབ་པ་ཐོབ་པའི་སྐྱེས་མཆོག་ཅིག་ཡིན་པ་དང་། ཁྱད་པར་དུ་གངས་ཅན་བོད་ཀྱི་ཞིང་དུ་གསང་སྔགས་ཐེག་ཆེན་གྱི་བསྟན་པའི་བདག་པོ་ཡིན་ཏེ། བླ་ཆེན་དྲན་པའི་རྣམ་ཐར་༼ཀ༽དུ་ལུང་དྲངས་པ་སྐུ་གཤེན་གྱིས་གསུངས་པ། གསང་སྔགས་རྒྱུད་ཆེན་བསྟན་པ་བོད་དུ་དར། གནམ་གྱི་ལྷ་སྲས་བོད་རྗེ་མུ་ཁྲི་བཙད། སྔགས་བསྟན་བདག་པོ་བོད་རྒྱལ་ཁྱེད་ལ་དབང་ཞེས་དང་། གཟི་བརྗིད་༼ཨ༽༼༨༦༩༽ལས་ནམ་མཁའ་སྣང་བ་མདོག་ཅན་ཁྱོད། དེ་དུས་དེ་དང་དུས་མཉམ་དུ་ཁ་བ་ཅན་གྱི་བོད་ཡུལ་དུ། ལྷ་རི་གྱང་ཐོ་བྱ་བ་རུ། རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད། ཅེས་གསུངས་སོ། །
དེ་ཡང་གསང་སྔགས་ཀྱི་བསྟན་པ་དེ་བོད་ཡུལ་དུ་དུས་ནམ་ཞིག་ཚེ་བྱུང་ཞེ་ན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་སུ་བྱུང་སྟེ། གཉའ་ཁྲི་བཙན་པོ་རྒྱལ་བློན་རྣམས་དབལ་རམས་བསྒྲུབ་ལ་བརྟེན་ནས་གསེགས་པར་གསུང་བའི་ཕྱིར། མུ་ཁྲི་བཙན་པོ་ལྷ་རི་གྱང་ཐོ་ལ་སྤྱི་སྤུངས་ཀྱི་བོན་སྐོར་ལ་བསྒྲུབ་པར་བཞུགས་པ་ཙམ་མིན་པ། བསླབས་པས་དོན་གོ བསྒྲུབ་པས་དོན་གྲུབ། བསྒོམ་པས་དོན་རྟོགས། ཞེས་བྱམས་མ་ལས་གསུངས་པ་ལྟར། མཐར་སྒྲུབ་པའི་རྟགས་ལ་ཡང་། ནམ་མཁའ་ལ་བྱ་བཞིན་འཕུར་བ་དང་། ཆུ་ལ་ཉ་བཞིན་འཁྱུག་པ་ལས་སོགས་ཀྱི་གྲུབ་རྟགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ཡོད། འོན་ཀྱང་སྐབས་མཚམས་ཤིག རྒྱལ་པོའི་ཐུགས་ལ་འདི་ལྟ་བུའི་བོན་ནི་རྒྱལ་རིགས་དྲ་མ་མིན་པ་ཐ་མལ་གྱི་སྤྱད་དུ་འཕང་བར་དགོངས་ནས། གཞན་ལ་མ་བཤད་པ་གསང་རྩ་འགགས་སུ་སོང་བ་དང་། རང་གི་རང་ཉིད་ཀྱིབསྒྲུབ་རྟགས་ལ་ང་བོའི་ང་རྒྱལ་ཞིག་སྐྱེས་ནས། སྔར་སྒྲུབ་རྟགས་རྣམས་ཀྱང་ཉམས་པར། བྱམས་མ་ལས། སྒྲུབ་པ་ལ་ང་བོའི་ང་རྒྱལ་གྱི་ལྟུང་བ་ཕོག་ནས། རྫུ་འཕྲུལ་སྤྱོད་པས་ཀྱང་སྟོབས་ཀྱི་གཟི་ཉམས་ཞེས་གསུངས། གསང་སྔགས་ཀྱི་བོན་སྡེ་རྣམས་གཞན་ལ་མ་སྤེལ་བའི་ཉེས་སྐྱོན་གྱིས། བསྲུང་མས་རྗུ་འཕྲུལ་གྱིས་རྒྱལ་པོའི་མཁར་ནས་སྤྱི་སྤུངས་ཀྱི་བོན་སྐོར་རྣམས་བླངས་སྟེ། མོན་གྱི་བོན་པོ་ཧ་ར་ཅི་པར་ལ། བོན་གནམ་འབབ་ཏུ་བྱུང་ཞེས་གྲགས། དེ་ནས་རྒྱལ་པོའི་ཐུགས་ལ་འགྱོད་པ་དྲག་པོ་བསྐྱེད་དེ། རྒྱལ་ཡུམ་བྱམས་མར་མཁྱེན་གསོལ། དྲན་པས་ཆོག་པ་བྱམས་མ་ཁྱེད་ཉིད། ང་ལ་ཐུགས་རྗེས་མྱུར་དུ་གཟིགས་མཛོད། ཅེས་གསུངས་པ་དང་། ཡུམ་ཆེན་ཤེས་རབ་བྱམས་མས་ཀྱང་། སྐབས་དང་དུས་ལ་རན་པས་ལ་ཞལ་མངོན་པར་བསྟན་ནས། རྒྱལ་པོར་ཁྲུས་གསོལ་དང་། དམ་ཉམས་པ་དང་ཁྲིམས་ཉམས་པ་བསྐང་བའི་གཟུངས་ཡུམ་ཆེན་གཙང་མ་ཀུན་འཇོམས་ཁྲོ་བོ་བརྒྱ་དང་བཅས་པའི་བཤགས་གཟུངས་འདི་ཉིད་དེ་དུས་གསུངས།
དེ་ནས་གཟུངས་སྔར་བཞིན་རྒྱལ་པོ་ལ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་བ། ཉི་སྒྲོན་ལས། བསྒྲུབ་རྟགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་ཅེས་དང་། བྱམས་མ་ལས། མུ་ཁྲི་བཙན་པོ་ནམ་མཁའ་ལ་བྱ་རྒོད་དུ་སྤྲུལ་ནས་རྫུ་འཕྲུལ་གྱིས་སྨན་ཁྲི་ཁྲིས་སྐོར་ནས་འགྲོ་བ་སྟེ་ཞེས་གསུངས་སོ། དེ་ཡང་གོང་གི་གསས་མཁར་དེ་ཉིད་དེང་དུས་བོད་ས་གང་གི་སྐོར་ལ་ཡིན་ནམ་ཞེ་ན། ཡར་ལུང་གི་ས་ཆེ་གཏོགས་པ་ཞིག་དགོས་ཏེ། བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ་ལས། ཡུལ་ལ་སྔ་བ་ཡར་ལུང་སོག་ཀ་བཏབ། མཁར་ལ་སྔ་བ་ཕྱི་བ་སྟག་རྩེ་བརྩེགས་ཞེས་དང་། མི་ལོ་ཆིག་སྟོང་ཉིས་བརྒྱ་ཙམ་བྱིན་པའི་ཀོང་པོ་དེ་མོའི་རྡོ་བརྐོས་སུ་གཉའ་ཁྲི་བཙན་པོ་མྱི་ཡུལ་གྱི་རྗེར། ལྷ་རི་གྱང་ཐོར་གཤེགས་པ་ཚུན་ཆད་གྲི་གུམ་བཙན་པོ་ནས་ཕན་ཆད་གདུང་རབས་བདུན་གྱི་བར་དུ། ཕྱིང་བ་སྟག་རྩེ་ན་བཞུགས་ཞེས་གསལ་བ་དང་། ཡང་དེབ་ཐེར་ལ་ལ་ནས། གཉའ་ཁྲི་བཙན་པོ་སོགས་ཡུམ་བུ་བླ་མཁར་དུ་བཞུགས་པ་ཡང་བཤད་པར་མཐོང་། བོད་རྒྱལ་མུ་ཁྲི་བཙན་པོ་ནི་གསང་བདག་གྲུབ་པ་ཐོབ་པའི་རིག་འཛིན་གཡུང་དྲུང་བོན་གྱི་མངའ་བདག་ཏུ་གྱུར་བ་མ་ཟད། ཁོང་གིས་ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་ཡང་དེའི་སྐབས་བྱུང་། ཁྱད་པར་དུ་མཛད་པ་རླབས་ཆེའི་གསས་མཁར་ཁོ་མ་ནེའུ་ཆུང་བཏབས། མུ་ཁྲི་བཙན་པོ་ནི་ཚེ་ལ་རང་དབང་ཐོབ་པ་ཡིན་ཞིང་དེ་མིན་གནམ་གྱི་ཁྲི་གཞན་རྣམས་ནི་ལོ་བརྒྱ་རེ་ནས་སྲས་རྒྱལ་སར་བཀོད་དེ་ལུས་ས་ལ་མ་བཞག་པར་ལྷ་གནས་སུ་འོད་ཀྱི་དམུ་ཐག་གི་བརྒྱུད་ནས་མཁའ་ལ་གཤེགས་པ་ཤ་སྟག་ཡིན་པ་བསྟན་རྩིས་སོགས་བོན་གྱི་ཡིག་ཚང་དུ་མ་ནས་གསལ་ཡོད། བོད་ཀྱི་བཙན་པོའི་བང་སོའི་སྐོར་ཞེས་པའི་ནང་། གནམ་གྱི་ཁྲི་བདུན་གྱི་བང་སོ་གནམ་ལ་བཏབས་པའི་བཤད་སྲོལ་འདི་ནི་བོན་པོ་ནམ་མཁའ་ལ་དགའ་བའི་བོན་གཏམ་ན་གཏོགས་དོན་དངོས་སུ་དཔེ་དེ་ལྟ་བུ་ནི་མི་སྲིད་དོ་ཞེས་གསུངས་འདུག་ཀྱང་། འདི་དང་འདི་ལྟ་བུའི་བཤད་སྲོལ་དེ་བོན་པོ་ཁོ་ནར་མ་ངེས་ཏེ། རྒྱལ་རབས་གསལ་བའི་མེ་ལོང་༼༥༥༽ལས་ཁྲི་བདུན་བང་སོ་ནམ་མཁའི་དབྱིངས་ལ་བཏབས། ལྷ་ཡི་ལུས་ལ་རོ་མེད་འཇའ་ལྟར་ཡལ་ཞེས་རྒྱལ་རབས་དུ་མའི་ནང་དུ་འཁོད་ཡོད། དོན་དངོས་སུ་གནམ་གྱི་ཁྲི་བདུན་གྱི་བང་སོ་གནམ་ལ་བཏབས་ཞེས་པའི་གོ་དོན་ནི། གནམ་ལ་ས་རྡོའི་ཕོ་བྲང་བརྩིགས་པིའ་དོན་མ་ཡིན་ཞིང་། རྒྱལ་བོ་དེ་དག་ལ་ཐུན་མོང་མ་ཡིན་པའི་སྤྱི་གཙུག་ཏུ་འོད་ཀྱི་དམུ་ཐག་སྐྱ་ན་རེ་བ་ཞིག་ཡོད་དེ་འདས་པའི་དུས་སྐུ་ཡི་ཞབས་ནས་ཡལ་ཏེ་སྤྱི་གཙུག་གི་དམུ་ཐག་ལ་ཐིམ། འོད་ཀྱི་དམུ་ཐག་དེཡལ་ནས། པུར་ས་ལ་མ་བཞག་ནས་དགུང་དུ་གཤེགས་པས་ན། བང་སོ་གནམ་ལ་བཏབས་ཞེས་གོ་དགོས་པ་ཡིན་ཏེ། ལེགས་བཤད་མཛོད་དབྱིན་ཨང་༼༡༣༡༽དེས་ན་རྒྱལ་པོ་དགུང་དུ་གཤེགས་ཞེས་པ་དང་། བང་སོ་གནམ་ལ་བཏབས་ཞེས་སོགས་གསལ་བར་གསུངས་པའི་ཕྱིར་རོ། །
༼བོན་སྒོ་༽སྤྱི་དེབ་གསུམ་པ་ལས་བཤུས།