༄༅།། ཡུལ་གངས་ཅན་བོད་ཀྱི་ལོ་རྒྱུས་ལས་འཁྱོག་པོར་བྲིས་པའི་ལྟ་ཚུལ་ཁ་ཤས་དྲང་པོའི་གཏམ་ལ་གསར་དུ་
བརྗེ་བའི་ལེགས་བཤད་གཟི་ཡི་ཐང་མ་ཞེས་བྱ་བའི་གཞུང་དངོས།
སྔོན་འགྲོར་བྲིས་པའི་གཏམ།
ལོ་རྒྱུས་ཞིབ་འཇུག་གི་དཔྱད་རྩོམ་འདི་ཉིད་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་དབུས་འགྱུར་ལྷ་སའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་དང་དངོས་གཞིའི་སློབ་ཕྲུག་རྣམས་ལ་འཆད་ཁྲིད་བྱས་པའི་ནང་དོན་རྣམས་སྒྲ་ལེན་འཁོར་ལོར་ཕབ་སྒྱུར་ཞུས་ཤིང་ཕྱིས་སུ་རིམ་གྱིས་ཡི་གེར་བཏབ་པ་ཞིག་ཡིན་ལ་མ་ཡིག་ཐོག་མ་པར་སློག་གི་དེབ་གཟུགས་སུ་བཟོས་ནས་སློབ་གྲྭ་ཆེན་མོའི་སློབ་དཔོན་སྐད་གྲགས་ཅན་ཁ་ཤས་དང་ལོ་རྒྱུས་ཞིབ་འཇུག་པ་སྐོར་ཞིག་ལ་སྤྱན་བསྟར་ཞུས་ཤིང་ཁོང་རྣམས་ཀྱི་དགོངས་འཆར་ལྟར་འཆད་ཁྲིད་ཀྱི་བརྗོད་དོན་གཙོ་བོ་གཞུང་རྐང་བྱས་ཤིང་དེའི་སྟེང་ལ་བཟོ་བཅོས་ཕྲན་བུ་དང་སྣོན་འཕྲི་ཅུང་ཟད་བྱས་ནས་གྲུབ་པ་ཞིག་ཡིན་ལ་འདི་ནི་བོད་ལྗོངས་སློབ་ཆེན་གྱི་ལོ་རྒྱུས་ཀྱི་སྟེང་དུ་ཞིབ་འཇུག་སློབ་མས་འཆད་ཁྲིད་བྱས་པ་ཐེངས་དང་པོ་ཡིན་པའི་སྐོར་རྗེས་སུ་གོ་ཐོས་བྱུང་པ་ཡིན།
དེབ་གཞི་འདིའི་ནང་དུ་བོད་སྤྱིའི་ལོ་རྒྱུས་ཀྱི་ཁྲོད་དུ་སྔར་ནས་བཤད་གོམས་སུ་གྱུར་བའི་སྲོལ་རྒྱུན་གྱི་ལྟ་བ་འཁྱོག་པོ་ཁ་ཤས་དང་ཁྱད་པར་དུ་དུས་རབས་བཅུ་བའི་ཕྱིས་སུ་བྱུང་བའི་བོད་ཀྱི་སེར་མོ་བས་བྲིས་པའི་ལོ་རྒྱུས་ཀྱི་ལྟ་ཚུལ་མིག་རྒྱང་ཐུངས་ལ་ཕྱོགས་ལྷུང་གི་ཞེན་པས་སྒྲིབས་པ་ཁ་ཤས་དབྱེ་ཞིབ་ཀྱི་དམིགས་ཡུལ་དུ་བཟུང་ཞིང་མིག་སྔར་རྒྱལ་སྤྱིའི་བོད་རིག་པའི་དཔྱད་ཡིག་གི་ཁྲོད་དུ་ཀུན་གྱིས་མཐོང་ཆེར་བརྩི་བ་དང་བོད་རང་གི་ཚད་དང་ལྡན་པའི་མཁས་པ་སྐོར་ཞིག་གི་གསུང་རྩོམ་སོགས་ལ་ཉམས་ཞིབ་ཡུན་རིང་བྱས་པ་བརྒྱུད་རྣམ་ཀུན་དྲང་བོའི་དོན་རྣམས་འཁྱོག་པོའི་གཏེར་དུ་སྦས་པའི་ལོ་རྒྱུས་ཀྱི་གསང་གནད་འགའ་ཤས་ལ་དཔྱད་པ་དོན་མཐུན་གྱི་བློ་འཇུག་པར་བྱས་པའི་ཁུར་ཙམ་བླངས་ཡོད། འདི་ནི་ལོ་རྒྱུས་ཀྱི་ཆེད་དུ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ཙམ་མ་ཡིན་པར་མི་ལོ་སྟོང་ཕྲག་ལྔ་དྲུག་ལྷག་གི་གོང་རོལ་ནས་གངས་ཅན་ས་ཡི་ཐིག་ལེར་གནས་གཞི་འཆའ་བའི་མེས་པོ་དག་གི་བྱུང་བ་དང་དེ་དག་གིས་མིའི་རིགས་ཀྱི་ཤེས་རིག་གི་ལོ་རྒྱུས་ཁྲོད་དུ་གཟི་འོད་འཚེར་བའི་ཞབས་རྗེས་ཇི་འདྲ་ཞིག་བཞག་པའི་ངང་ཚུལ་ལ་འུར་ཤོད་ཙམ་མ་ཡིན་པར་རྟོག་དཔྱོད་ཀྱི་མཚན་མ་དག་ལས་སྐྱེས་པའི་ཉམས་ཞིབ་ཀྱི་སྤྱི་སྡོམ་དང་ངོས་འཛིན་ཡང་དག་པ་ཞིག་བྱེད་པའི་ཆེད་དུ་ཡིན། འདི་ལྟར་དུས་ཡུན་མི་ལོ་བརྒྱ་ཕྲག་དུ་མ་འགོར་བའི་དུས་རིམ་འདྲ་མིན་གྱི་ནང་དུ་སྔར་བྱུང་བའི་དངོས་ཡོད་ཀྱི་ཤེས་རིག་ཐམས་ཅད་ཉམས་རྒུད་ཀྱི་གནས་སུ་འགྱུར་བ་དང་དུས་དང་གནས་སྐབས་ཀྱི་དབང་གིས་དེ་དག་གི་བྱུང་ཁུངས་དང་དངོས་བརྒྱུད་སོགས་ས་འདྲེས་རྡོ་འདྲེས་སུ་གྱུར་ནས་ཤུལ་མེད་ཁུངས་མེད་དུ་ཕྱིན་ཏེ་འགྲོ་བ་མིའི་རིགས་སྤྱིའི་ཕངས་སེམས་དང་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆག་སྒོ་ཆེན་པོ་ཞིག་ཏུ་འགྱུར་བ་ནི་སྨར་ག་ལ་དགོས། རྒྱུ་མཚན་དེ་དག་གི་དབང་གིས་འཛམ་གླིང་ཤར་ནུབ་ཀྱི་ས་ཁུལ་སོ་སོར་རང་རང་གི་མེས་པོའི་སྔར་བྱུང་ཤེས་རིག་གི་གནས་ཚུལ་དང་སྤྱི་ཚོགས་ཀྱི་སྣང་ཚུལ་སོགས་ལ་ཞིབ་འཇུག་རབ་དང་རིམ་པ་བྱེད་པའི་རིག་གནས་ཀྱི་བྱ་འགུལ་ནི་རྒྱ་ཁྱབ་ཏུ་དར་བའི་སྣང་ཚུལ་མིག་ལྡན་སུས་ཀྱང་གསལ་བོར་གོ་ཐུབ་པ་ཞིག་རེད། དེ་ལྟ་བུའི་གནས་བབ་འོག་ང་ཚོས་ཀྱང་སྔར་བྱུང་མེས་པོ་དག་གི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་ཆོས་རིག་དར་འཕེལ་གྱི་བྱུང་བ་ངོ་མ་དག་ལ་སྒྲོ་སྐུར་དང་འུར་བསྟོད་མེད་པར་དྲང་བོའི་ངག་གི་ལམ་ནས་འཛམ་གླིང་བློ་ལྡན་སྐྱེ་བོ་ཀུན་གྱི་འདྲེན་བྱེད་མིག་གི་ལམ་དུ་བསྟར་བ་ནི་དུས་ཀྱིས་སྤྲད་པའི་འོས་འགན་ཉག་གཅིག་ཏུ་མཐོང་ངོ་། །
ལོ་རྒྱུས་ནི་ཐ་སྙད་རང་སྟེང་གི་ཆ་ནས་དཔྱད་ནའང་འདས་པའི་རྣམ་ཅན་དུ་འདོད་པའི་སྟབས་ཀྱིས་ལྐོག་གྱུར་དུ་ཕྱིན་པའི་འདས་པའི་དུས་ལ་དཔྱད་པའི་ཚེ་ནའང་རིགས་པ་ཁོ་ན་ཙམ་གྱིས་མི་ཆོག་པར་དཔྱད་པ་འཇུག་ཡུལ་གྱི་གཞི་གང་དེར་འབྲེལ་བའི་ཡིག་ཚང་ཚད་ལྡན་ཡིན་མིན་གྱི་བརྟག་དཔྱད་ཅིས་ཀྱང་སྔོན་དུ་འགྲོ་འོས་པ་ཞིག་རེད། དེ་མ་གཏོགས་གཉིས་འཛིན་ཀུན་རྟོག་ལ་ཆེས་ཆེར་གོམས་པའི་བློའི་གཡོ་བ་དང་དེ་འབྲེལ་གྱི་འཁྱེར་སོ་ལྟར་བཀོད་པའི་ལོ་རྒྱུས་ཡིག་ཚང་སོགས་བདེན་དོན་དང་དངོས་ཡོད་ཀྱི་ལོ་རྒྱུས་སྒྲུབ་པའི་རྟགས་ཡང་དག་ཏུ་འགོད་མི་ནུས་ལ་ཕྱོགས་རེ་བའི་ཆགས་སྡང་ལྟར་བཀོད་པའི་ཡིག་ཚངས་ཀྱང་སྦལ་བ་རྨ་ཅན་བཞིན་དུ་དོར་འོས་པ་ཞིག་རེད། འོ་ན་ཁ་ཅིག་གིས་དེ་ལྟར་ན་ཡིད་ཆེས་ཤིང་ཡང་དག་པའི་ལོ་རྒྱུས་ཀྱི་ཡིག་ཆ་མེད་དམ་ཟེར་ན་མེད་པ་ཡང་མ་ཡིན་ཏེ་ཏུན་ཧོང་ས་ཆ་ནས་ཐོན་པའི་གནའ་བོའི་བོད་ཀྱི་ཡིག་ཚང་རྙིང་བ་དང་ཁ་རུབ་སོགས་ནས་ཐོན་པའི་བོད་ཀྱི་གནའ་རྫས་རིན་ཐང་བྲལ་བ་དག་ནི་དཔྱད་གཞིའི་ཡིག་རིགས་ཨང་དང་པོའི་གྲས་དང་། བཙན་པོའི་དུས་སུ་བཞེངས་པའི་རྡོ་རིང་དང་བྲག་བརྐོས་ཡི་གེ་ཡི་རིགས་ནི་དཔྱད་ཡིག་ཨང་གཉིས་པའི་གྲས་དང་། དཔེ་ཆའི་རྒྱུན་དང་བརྒྱུད་པའི་བར་མ་ཆད་པའི་དཔེ་རྙིང་དག་ནི་དཔྱད་ཡིག་ཨང་གསུམ་པའི་གྲས་སུ་ཡོད་ལ་དེ་དག་ནི་ལོ་རྒྱུས་ཉམས་ཞིབ་བྱེད་པའི་ཚེ་ན་ཅིས་ཀྱང་ཁུངས་བཅོལ་གཞི་འཛིན་གནང་འོས་པ་ཞིག་རེད། དེ་དག་ལ་དབྱེ་ཞིབ་བྱེད་པའི་ཚེ་ནའང་དད་པ་དག་སྣང་དང་ཉེ་རིང་ཆགས་སྡང་གི་བློའི་གཡོ་བ་སྔོན་དུ་བཏང་ནས་བལྟས་ན་རང་གི་བློ་སྐྱོན་དུ་སོང་ནས་ཡང་དག་པའི་ལོ་རྒྱུས་ཀྱི་བདེན་པའི་ཞལ་རས་དང་ཞིབ་འཇུག་གི་འབྲས་བུ་ནམ་ཡང་རེག་ཐུབ་མེད་དེ་སྣང་ཚུལ་འདི་དག་གི་སྐབས་སུ་“བྱང་ཆུབ་ཤིང་ལོ་སྤུ་གྲིས་གཅོད་པ”འི་དགོས་པ་བྱུང་ནའང་ཐེ་ཚོམ་འཆང་བར་མི་རིགས་སོ།འདི་ནི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་པའི་དུས་སུ་དད་པ་དང་ཞིབ་འཇུག་སོ་སོར་དབྱེ་དགོས་པའི་རྩ་བའི་ཆ་རྐྱེན་ཞིག་ཀྱང་ཡིན།
དེ་ལྟར་ལོ་རྒྱུས་ཉམས་ཞིབ་ལ་བཟུང་བའི་རྣམ་འགྱུར་ཁ་ཤས་སྔོན་དུ་བསྟན་ནས་སྐབས་སུ་བབས་པའི་ལྒིང་བྱ་ནི་《བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ》ཞེས་པའི་དེབ་གཞི་འདི་ཡིན་ཡང་འདིའི་ནང་དོན་སོགས་གསལ་བོར་ངོ་སྤྲོད་པ་ནི་སྐབས་འདིར་དགོས་མེད་དུ་འགྱུར་བ་ཞིག་སྟེ་ཀློག་མཁན་དག་གིས་བརྗོད་དོན་རྣམས་མཐར་ཆགས་སུ་བཀླག་ན་གོ་བར་འགྱུར་ཞིང་དེ་ལས་དེབ་འདིའི་ཞིབ་འཇུག་བྱེད་སྟངས་ཀྱི་ཐབས་ལམ་ཁ་ཤས་གསལ་བཤད་བྱེད་འོས་པར་བསམ་སྟེ།
[1] དེབ་གཞི་འདིའི་ཁ་ཡིག་ལ་བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ་ཞེས་འབོད་པ་སྟེ་མདོ་དོན་གསར་བརྗེ་ཞེས་བཤད་ནའང་ཐབས་ཤེས་ཤིག་ཡིན། རིགས་ལམ་ལ་བྱང་བར་ངོམས་པ་ཁ་ཤས་ནས་འུར་བཤད་བརྒྱ་ཕྲག་གིས་གནམ་ས་འགེངས་ནའང་ཨུ་ཚུགས་ནི་ནམ་ཡང་ཨུ་ཚུགས་རང་ཡིན་པས་བདག་གིས་སྔར་བཞིན་བོད་ཀྱི་ལོ་རྒྱུས་ཀྱི་ཁྱབ་ཁོངས་སུ་གསར་བརྗེ་ཞེས་པའི་འཕྲུལ་ཆས་ཤིག་བཀོལ་བཞིན་ཡོད། གསར་བརྗེ་ཡི་འཕྲུལ་ཆས་འདི་ནི་རིག་གནས་གསར་བརྗེ་ཡི་ཟླས་དྲངས་པའི་གསར་བརྗེ་ཡི་གོ་དོན་དེ་གཏན་ནས་མ་ཡིན་པར་འདིས་སྔོན་འདས་པའི་དུས་ཀྱི་བདེན་དོན་དྲང་པོ་དང་བླངས་བྱར་འོས་པའི་བརྗོད་དོན་རྣམས་རང་སོར་འཇོག་ཅིང་དེ་ལས་མངོན་པའི་སྐྱག་རྫུན་ལ་གསང་རྒྱར་བཏགས་པ་དང་ཆགས་སྡང་ལ་བཀའ་རྒྱར་བཏགས་པའི་གནས་ཚུལ་འཁྱོག་པོ་སོགས་ཡོངས་སུ་འཆོས་ནས་ཡང་བསྐྱར་ཁ་གསབ་ཀྱི་ཚུལ་དུ་གསར་བ་གསར་བར་བརྗེ་འོས་པ་ཞིག་རེད། ཐབས་ལམ་འདི་དག་སྤྱད་ནས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འདི་ལ་བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ་ཡི་དབུ་བརྩམས་ནས་ནམ་ཞིག་ཚེ་ན་འདིར་རྒྱལ་ཁ་ཡོངས་སུ་ཐོབ་སྲིད་པ་ཞིག་རེད།
[2] དེབ་གཞི་འདིའི་བརྗོད་དོན་རྣམས་ནི་དད་པ་དག་སྣང་གི་སྒོ་ནས་གཅིག་ཀྱང་བྲིས་མེད་ལ་འགྲོ་བ་མིའི་རིགས་ཀྱི་སྤྱིར་བཏང་གི་འགྲོ་འདུག་སྤྱོད་གསུམ་སོགས་ཀྱི་གནས་ཚུལ་ཏེ་མིག་ལ་བསྟན་ཡོད་དུ་སྣང་བ་རྣམས་གཙོར་བཟུང་ནས་བྲིས་ཡོད། དེ་ནི་དད་པ་མེད་པའི་རྒྱུ་མཚན་མིན་ཀྱང་འདིར་སྒེར་ངོས་ཀྱི་གནས་ཚུལ་འབྲེལ་མེད་དུ་སྣང་བས་བཞག་ལ་སྤྱིར་ཡང་མིའི་རིགས་ཀྱི་ལོ་རྒྱུས་དད་པ་དག་སྣང་གིས་བསླད་ན་མི་འགྲིག་སྟེ་དཔེར་ན་ར་ས་འཕྲུལ་སྣང་གཙུག་ལག་ཁང་སྲོང་བཙན་སྒམ་པོའི་སྤྱན་ནས་འོད་ཅིག་འཕྲོས་ཏེ་གྲུབ་པར་བྱས་ཡོད་པ་ལྟ་བུ་རེད། ལོ་རྒྱུས་དངོས་གཙོ་ལ་ཆ་མཚོན་ནས་བཤད་ན་འདི་དག་ནི་གཙོ་བོ་མིན་དེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པའི་སྐབས་དེར་བོད་རྒྱ་ཆེའི་མི་དམངས་ཀྱིས་རྡོ་ཁྲལ་དང་ཤིང་ཁྲལ་སོགས་ཁྲལ་རིགས་སྣ་ཚོགས་ཁུར་ཏེ་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསལ་ནས་བཞེངས་པའི་ལོ་རྒྱུས་བསྙད་ན་ཧ་ཅང་གོ་རྒྱུ་ཡོད་པ་ཞིག་རེད་བསམ་ཡོད། མདོ་དོན་དད་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡིན་པ་བསྙོན་དུ་མེད་ཀྱང་དད་པའི་སྒོ་ནས་མིའི་རིགས་ཀྱི་ལོ་རྒྱུས་འབྲི་བ་དང་འཆད་པ་ནི་དགེ་མཚན་ཅི་ཡང་མེད་པར་འདོད་པས་དེབ་གཞི་འདི་ཉིད་དད་པས་བྲིས་པར་ནམ་ཡང་ཁས་ལེན་མེད་དོ། །
[3] ལོ་རྒྱུས་ཉམས་ཞིབ་པ་རང་སྟེང་ན་ལྷན་སྐྱེས་གཤིས་སུ་སྣང་བའི་ལོ་རྒྱུས་ཀྱི་ལྟ་ཚུལ་ཅུང་ཟད་ཀྱང་མེད་དེ་ལོ་རྒྱུས་ཀྱི་ལྟ་ཚུལ་ནི་ལོ་རྒྱུས་ཀྱི་དཔྱད་ཡིག་སྣ་ཚོགས་ལ་ཉམས་ཞིབ་བརྒྱུད་ནས་སྐྱེ་འོས་པ་ཞིག་རེད། རང་གི་བློ་ཐོག་ནས་ལོ་རྒྱུས་ཀྱི་ལྟ་ཚུལ་འཚོལ་བ་མ་ཡིན་པར་ལོ་རྒྱུས་ཀྱི་དཔྱད་ཡིག་གི་སྟེང་ནས་ལོ་རྒྱུས་ཀྱི་ལྟ་ཚུལ་འཚོལ་དགོས་པ་རེད། དེབ་གཞི་འདིའི་ནང་དོན་དང་ལོ་རྒྱུས་ཀྱི་ལྟ་ཚུལ་རྣམས་ལོ་རྒྱུས་ཀྱི་དཔྱད་ཡིག་སྣ་ཚོགས་ལ་ཉམས་ཞིབ་དང་དཔྱད་བསྡུར་བརྒྱུད་ནས་ཐོན་པ་ཞིག་ལས་རང་ངོས་ན་ལྷན་སྐྱེས་གཤིས་སུ་གྲུབ་པའི་ལོ་རྒྱུས་ཀྱི་ལྟ་ཚུལ་ཞིག་ཡོད་པར་ངོས་འཛིན་མེད་དོ། །
[4] ལོ་རྒྱུས་ལ་ཉམས་ཞིབ་བྱེད་པ་ནི་སྔོན་གྱི་ཆགས་སྡང་ལ་སྣོན་མ་རྒྱག་པ་ཙམ་མ་ཡིན་ལ་སྔོན་གྱི་ཆོས་བརྒྱུད་ཀྱི་བཤད་རྒྱུན་མུ་མཐུད་ནས་སྤེལ་བ་ཙམ་ཞིག་ཀྱང་མ་ཡིན། སྔོན་འདས་པའི་དུས་སུ་ལོ་རྒྱུས་ཀྱི་ལྟ་ཚུལ་རྣམ་དག་ཡིན་པར་ཐག་བཅད་པ་ལ་རྗེས་སུ་རྫུན་དུ་འགྱུར་བ་དང་རྗེས་སུ་བྱུང་བའི་གསར་བཤད་འདྲེ་འུར་དུ་བཏགས་པ་རྣམས་མི་ལོ་སྟོང་ཕྲག་དུ་མར་ས་རྡོའི་གསེབ་དུ་གཟིམ་པའི་གནའ་རྫས་དང་ཡིག་རྙིང་གིས་བདེན་པ་རྭ་སྤྲོད་ཐུབ་པའི་སྣང་ཚུལ་ཀྱང་ཡོད་ངེས་ལ་འདི་ དག་ནི་ལོ་རྒྱུས་ཀྱི་ཞིབ་འཇུག་དང་དེའི་འཕེལ་འགྱུར་གྱི་སྣང་ཚུལ་བཟློག་དུ་མེད་པ་ཞིག་ཡིན་པས་དེབ་གཞི་འདིར་ཡང་དེའི་ཆོས་ཉིད་ལ་ཡིད་ཆེས་དང་ངེས་ཤེས་འདྲོངས་ཐུབ་ཡོད།
[5] ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ནི་སྔོན་འདས་པའི་དུས་ཀྱི་ཤེས་རིག་དང་བསམ་བློ་སོགས་ལ་སྤྱི་སྡོམ་བརྒྱུད་ནས་དེ་དག་ལས་བསླབ་བྱ་ལེན་དགོས་ཤིང་བསླབ་བྱ་དེས་མ་འོངས་པའི་བསམ་པའི་འཁྱེར་སོ་སོགས་ལ་ལམ་སྟོན་བྱེད་འོས་པ་ཞིག་རེད། དེབ་གཞི་འདིར་ཡང་དེའི་གཙོ་དོན་ལ་དམིགས་པ་ཆེར་བསྐྱེད་ཡོད།
[6] ལོ་རྒྱུས་དང་ལོ་རྒྱུས་ལས་བྱུང་བའི་བྱ་དངོས་སོགས་ལ་ནམ་ཡང་འགྱུར་བ་མེད་པའི་གཅིག་གྱུར་གྱི་ཁྱད་ཆོས་ཤིག་ཁྱོན་ནས་མེད་དེ་དེ་ལ་དུས་རིམ་མི་འདྲ་བ་དང་རིག་གནས་ཀྱི་ཁོར་ཡུག་མི་འདྲ་བའི་ཁྲོད་དུ་འགྱུར་ལྡོག་སྣ་ཚོགས་འབྱུང་བཞིན་ཡོད། དེར་བརྟེན་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཚེ་ན་གང་དེའི་‘རྩ་བ’འཚོལ་བ་ནི་མཐར་ཐུག་གི་དམིགས་ཡུལ་རེད། རྩ་བ་ནས་རིམ་བཞིན་འགྱུར་རིམ་སྣ་ཚོགས་ཀྱི་ཤུལ་རྗེས་དེད་ན་ད་གཟོད་ལོ་རྒྱུས་ཀྱི་གསང་བའི་མདུད་རྒྱ་བཀྲོལ་ཐུབ་པར་འདོད་དེ་དེབ་གཞི་འདིར་ཡང་དེའི་ཆ་ལ་གཞོལ་ཅི་ཐུབ་ཀྱི་འབད་པ་བརྒྱབ་ཡོད།
[7] མཐར་དེབ་གཞི་འདི་ཀློག་མཁན་ཡོངས་ལ་ཆོས་རབ་རྣམ་འབྱེད་ཀྱི་བློ་མིག་རྒྱས་པའི་སྨོན་ལན་འདེབས་རྒྱུ་ཡིན།
ཞེས་གངས་རིའི་ཤར་ཕྱོགས་ཀྱི་སློབ་གཉེར་བ་ཆེན་པོ་བན་ཤུལ་དཔལ་མཁར་རྒྱལ་དུ་འབོད་པས་དབུས་འགྱུར་ལྷ་ལྡན་དག་པའི་ཞིང་ཁམས་ནས་ཕྱི་ལོ2009-12-4ལ་སྔོན་འགྲོའི་གཏམ་དུ་གུས་པས་བྲིས་པ་དགེའོ། །
བཤད་ཁྲིད་ཀྱི་གཞུང་དོན་སྐོར།
གླེང་གཞི།
ད་དེ་རིང་ང་ཚོ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་དང་དངོས་གཞིའི་སློབ་ཕྲུག་རྣམས་ལ་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ནས་བཤད་ཁྲིད་ཅིག་གནང་དགོས་ཞེས་རེ་བ་ཞུས་སོང་། དེ་འདྲ་ཡིན་ཙང་ང་རང་མདོ་སྨད་ནས་ཡིན་པས་སྐད་ཆའི་ནང་ལོགས་ལའང་ཨ་མདོའི་སྐད་ཆ་ཁ་ཤས་འདྲེས་ནས་ང་ཚོས་ཕན་ཚུན་གོ་བརྡ་སྤྲོད་ཐབས་ལ་དཀའ་རྙོག་ཅུང་ཙམ་ཐོན་གི་རེད་བསམ་བྱུང་། ཡིན་ནའང་དེ་རིང་བདག་གིས་ཅི་ཐབས་གང་ཐབས་ཀྱི་སྒོ་ནས་ལྷ་སའི་སྐད་རྒྱག་གི་ཡིན། འདི་ནི་བོད་ཀྱི་སྤྱི་སྐད་གཅིག་གྱུར་གྱི་ཞིབ་འཇུག་ལྟ་བ་འདོན་མཁན་རྣམས་ཀྱི་དགོངས་འཆར་ལ་བརྩི་བཀུར་ཞུ་བ་དང་རང་ཉིད་ནས་བོད་མིའི་ཐུན་མོང་གི་སྤྱི་སྐད་ཚད་ལྡན་དབུས་འགྱུར་ལྷ་སའི་སྐད་ཁོ་ན་ཡིན་པའི་འདོད་ཚུལ་སྟོན་པའི་ཆེད་དུ་ཡིན། ད་བཤད་ཁྲིད་ཀྱི་སྐབས་སུ་ཁྱེད་རང་ཚོས་ཧ་མ་གོ་བ་བྱུང་བའམ་ཨ་མདོའི་ལུང་པའི་ཁ་སྐད་ཀྱི་སྒྲ་གདངས་ཁ་ཤས་ཐོན་ནས་ཅི་ཡིན་འདི་ཡིན་མ་ཤེས་པར་མགོ་འཐོམས་པའི་གནས་ཚུལ་བྱུང་སོང་བ་ཡིན་ན་དགོངས་དག་ཞུ་རྒྱུ་ཡིན།
ད་དེ་རིང་ང་ཚོའི་བཤད་བྱའི་ནང་དོན་གཙོ་བོ་དེ་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ནས་རེད། ཧ་ཅང་ཞིབ་ཕྲའི་སྒོ་ནས་བཤད་པ་ཡིན་ན་ཉིན་མང་པོ་ཞིག་གི་དུས་ཚོད་དགོས་ཀྱི་རེད། བོད་ཀྱི་ལོ་རྒྱུས་ཟེར་བ་དེ་ཧ་ཅང་རྒྱུན་རིང་ཞིང་རྫོང་མཐུག་པའི་མི་རིགས་རིག་གནས་ཀྱི་ཟིན་ཐོ་ཞིག་རེད། དེ་འདྲ་ཡིན་པས་དེ་རིང་ང་ཚོར་ཞིབ་ཚགས་དང་ཆ་ཚང་བའི་སྒོ་ནས་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ཞུ་བའི་དུས་ཚོད་ཧ་ལམ་ཡོད་རྒྱུ་མ་རེད། ཡིན་ནའང་བོད་ཀྱི་ལོ་རྒྱུས་ལས་ཐུགས་མཉམ་འཇོག་དགོས་རྒྱུའི་གནད་འགག་གི་སྐབས་ཁ་ཤས་དང་སྔོན་ཆད་བོད་ཀྱི་ལོ་རྒྱུས་ལ་ངོས་འཛིན་བྱེད་སྟངས། སྤྱི་སྡོམ་བྱེད་སྟངས། དབྱེ་ཞིབ་བྱེད་སྟངས་ཀྱི་སྐོར་ལྒིང་ནས་ད་ལྟའི་ཆར་དེ་དག་ལ་ཡང་བསྐྱར་གདེང་འཇོག་ག་རེ་གནང་དགོས་མིན་གྱི་ཐད་ནས་སྐད་ཆ་ཁ་ཤས་བཤད་རྒྱུ་ཡིན། ད་རང་རེའི་བོད་ཀྱི་ལོ་རྒྱུས་ཟེར་ནའང་འདྲ་མི་རིགས་ཟེར་ནའང་གང་ལྟར་རླབས་ཆེ་ཞིང་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་ན་འོད་འཚེར་ཞིང་རིན་ཐང་ཆེན་པོ་ལྡན་པའི་ནོར་བུ་རྩ་ཆེན་པོ་ཞིག་ཡིན་སྟབས་དེ་རིང་བོད་ཀྱི་ན་གཞོན་སློབ་བུ་བསམ་བློ་ཡག་པོ་ཅན་དང་སྤྱོད་སྟངས་ཡག་པོ་ཅན་རྣམས་ལ་འདིའི་སྐོར་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་སོང་བས་ང་རང་སེམས་པ་ཞེ་དྲག་དགའ་པོ་བྱུང་སོང་།
མི་རིགས་ཞེས་པའི་གོ་དོན་གྱི་སྐོར།
ད་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ཁྲོད་དུ་མི་རིགས་ཟེར་བ་དེའི་གོ་དོན་གང་འདྲ་ཞིག་ཡིན་པ་དང་དེའི་ངོ་བོ་རྒྱུ་རྐྱེན་གང་འདྲ་ཞིག་གིས་གྲུབ་ཡོད་པ། དུས་རིམ་འདྲ་མིན་གྱི་ནང་དུ་དེ་ཉིད་ལ་འཕོ་འགྱུར་གང་འདྲ་ཞིག་བྱུང་ཡོད་མིན་སོགས་ཀྱི་རིག་གཞུང་གནད་དོན་ལ་ང་ཚོས་ཤུགས་བརྒྱབ་ནས་དཔྱད་པ་ཞིབ་མོ་གཏོང་དགོས་པའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་རེད། སྤྱིར་བཏང་མི་རིགས་ཀྱི་སྐོར་ལ་ཞིབ་འཇུག་གཏོང་དུས་ཐོག་མར་མི་རིགས་ཞེས་པའི་གོ་དོན་དེ་ཉིད་གསལ་བོར་ངེས་འོས་པ་ཞིག་རེད། ཁ་ཅིག་གི་འདོད་པ་ལྟར་ན་ལོ་རྒྱུས་ཀྱི་སྟེང་ནས་གྲུབ་ཅིང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིམ་པ་མི་འདྲ་བའི་ནང་དུ་ཤ་རུས་ཁྲག་རྒྱུན་གཅིག་པའི་མིའི་རིགས་སྣ་ཚོགས་ཀྱི་ཐུན་མོང་གི་ཚོགས་པར་འདོད་ཀྱང་འདི་ནི་ཆེས་སྔ་བའི་མི་རིགས་ཀྱི་གོ་དོན་འཇོག་ཚུལ་ཉི་ཚེ་བ་ཞིག་ཏུ་སྣང་ཞིང་ད་ལྟའི་དུས་མཚམས་སུ་ཞིབ་དཔྱད་ཀྱི་ཡུལ་དུ་མི་མཛེས་ལ་དུས་རབས་བཅུ་དགུ་བའི་ནང་དུ་སུའུ་ལེན་རྒྱལ་ཁབ་ཀྱི་མི་རིགས་སྨྲ་བ་སྐད་གྲགས་ཅན་སི་ཏྭ་ལེན་གྱི་《མི་རིགས་ཀྱི་གནད་དོན་དང་ལེ་ཉིན་རིང་ལུགས་》[1]ཞེས་པར་མི་རིགས་ཀྱི་གོ་དོན་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་སྟེང་དུ་གྲུབ་པའི་ཐུན་མོང་གི་སྐད་ཆ་དང་ཐུན་མོང་གི་སྡོད་ཡུལ། ཐུན་མོང་གི་དཔལ་འབྱོར་འཚོ་བ་དང་ཐུན་མོང་གི་རིག་གནས་ལས་བསྐྱེད་པའི་ཐུན་མོང་གི་བསམ་པའི་སྤུས་ཚད་གཏན་འཇགས་སུ་གྱུར་ཡོད་པའི་ཐུན་མོང་གི་ཚོགས་སྤྱི་ཞིག་ལ་འདོད་ཅིང་མདོར་ན་ཆ་རྐྱེན་བཞིའི་སྒོ་ནས་མི་རིགས་ཀྱི་གོ་དོན་བཞག་ཡོད་ཀྱང་དེའི་ཚུལ་ལའང་མི་འཐད་པར་མཐའ་དཔྱོད་དང་དགག་བཞག་བྱས་པའི་གནས་ཚུལ་གཞུང་དེར་ཞིབ་པར་མཇལ་ན་གོ་ཐུབ་པས་འདིར་རྒྱས་པར་མི་སྤྲོ་བས་བཞག་ཅིང་སྔོན་མའི་དུས་སྐབས་སུ་བོད་མི་རིགས་ཞེས་པའང་གཙོ་བོ་རིགས་རུས་སམ་གདུང་རྒྱུད་ཀྱི་སྟེང་ནས་འཇོག་པ་རེད་ལ་རུས་རྒྱུད་དང་ཁྲག་རྒྱུད་ཀྱི་སྟེང་ནས་འཇོག་པའི་སྲོལ་ཞིག་ཀྱང་ཡོད། ད་ལྟ་ང་ཚོས་སྔོན་གྱི་མི་རིགས་ཀྱི་འཇོག་བྱེད་དེ་ལ་ཡང་བསྐྱར་བསམ་གཞིགས་ཞིག་བཏང་བ་ཡིན་ན་སྐྱོན་ཆ་ཆེན་པོ་ཞིག་འབྱུང་གི་ཡོད་པ་རེད། བར་སྐབས་ང་ཚོས་ང་ཚོ་ཁྲག་རྒྱུན་གཅིག་པ་ཡིན་པས་མི་རིགས་གཅིག་པ་རེད་ཟེར་བའམ་ང་ཚོ་རུས་རྒྱུད་གཅིག་པ་ཡིན་པས་མི་རིགས་གཅིག་པ་རེད་ཟེར་བའི་དུས་ཚོད་དེ་ནི་གཞི་ནས་མཇུག་རྫོགས་སོང་བ་རེད། ད་ཆ་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཕན་ཚུན་འགྲོ་འོང་དང་འབྲེལ་འདྲིས་སོགས་སྟབས་ཇེ་བདེ་རུ་སོང་ཞིང་སའི་གོ་ལའང་རང་རེའི་ཚོ་སྡེ་ཆུང་ཆུང་ཞིག་གི་ཚད་དུ་གྱུར་བའི་རྒྱུ་མཚན་གྱིས་རུས་རྒྱུད་དང་ཁྲག་རྒྱུན་སོགས་ཕན་ཚུན་ས་འདྲེས་རྡོ་འདྲེས་སུ་གྱུར་ནས་ད་ལྟ་གཞི་མེད་དུ་གྱུར་སོང་བ་རེད། ཨ་མདོའི་རུས་རྒྱུད་སོག་པོ་སོགས་མཚོ་སྔོན་པོའི་མཐའ་ཁུལ་གྱི་མི་རིགས་ཆུང་བ་དག་ལ་འདྲེས་པ་དང་ལྷ་སའི་མི་རྒྱུད་རྒྱ་གར་དང་བལ་པོ་ལ་འདྲེས་པ[2]སོགས་བོད་མི་རིགས་ཀྱི་ཁྲག་དང་རུས་རྒྱུད་དེ་ཉིད་མི་རིགས་མང་པོའི་ནང་དུ་འདྲེས་པ་རེད་ལ་དེ་ལྟ་བུའི་གནས་ཚུལ་འཛམ་གླིང་གཅིག་འགྲོས་ཅན་གྱི་མ་འོངས་པའི་ནང་དུའང་ཚབས་ཇེ་ཆེ་རུ་འགྲོ་བ་སྔོན་དཔག་བྱེད་ཐུབ་པ་ཞིག་རེད། དེ་འདྲ་ཡིན་ཙང་ང་ཚོས་མི་རིགས་ཟེར་བ་རུས་རྒྱུད་ཅིག་དང་ཁྲག་རྒྱུན་ཅིག་གི་སྟེང་ནས་འཇོག་ཐུབ་གི་མ་རེད། འོ་ན་གང་འདྲ་ཞིག་གི་སྟེང་ནས་མི་རིགས་ཞེས་པའི་གོ་དོན་འཇོག་གམ་ཟེར་ན་གཙོ་བོ་རིག་གནས་ཀྱི་སྟེང་ནས་འཇོག་དགོས་པ་རེད། བློ་མཐུན་སི་ཏྭ་ལེན་གྱིས་བརྩིས་པའི་ཆ་རྐྱེན་བཞི་བོ་དེ་ལས་ཀྱང་ད་ལྟའི་དུས་མཚམས་སུ་གཙོ་ཆེ་བ་ཐུན་མོང་གི་རིག་གནས་ལས་བསྐྱེད་པའི་ཐུན་མོང་གི་བསམ་པའི་སྤུས་ཚད་གཏན་འཇགས་སུ་གྱུར་ཡོད་པ་ཞེས་པ་དེ་ཉིད་ནི་གཙོ་སྙིང་ཞིག་རེད། ད་ལྟ་འཛམ་གླིང་སྟེང་ན་རྒྱུགས་ཆེ་བའི་མི་རིགས་ཀྱི་འཇོག་བྱེད་དེའང་གཙོ་བོ་རིག་གནས་ཡིན་པ་མ་ཟད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་དེའང་རིག་གནས་རེད། དེ་གལ་ཆེན་པོ་རེད། དེ་མ་གཏོགས་ང་ཚོའི་ཨ་མདོའི་ས་ཁུལ་ལ་ཆ་མཚོན་ནའང་ད་ལྟའི་བར་རིགས་རུས་དང་ཁྲག་རྒྱུན་གཙོ་བོར་བརྩི་བའི་སྔོན་གྱི་ལུགས་སྲོལ་དེ་ཉིད་ད་དུང་ཡང་རྒྱུད་འཛིན་བྱས་ཡོད་པ་རེད། ཡིན་ནའང་ད་ལྟ་འཛམ་གླིང་གི་རིག་གནས་གསར་བའི་རྣམ་གཞག་ནང་དུ་མི་རིགས་ཀྱི་ངོ་བོར་མཚོན་ན་རིག་གནས་དེ་གལ་ཆེན་པོ་ཞིག་རེད་མ་གཏོགས་རིགས་རྒྱུད་དང་ཁྲག་རྒྱུན་གལ་ཆེར་བརྩི་བའི་གནའ་སྲོལ་ནི་ད་ལྟའི་དུས་མཚམས་སུ་དེ་འདྲའི་གལ་ཆེན་པོ་ཞིག་མ་རེད། དེ་ནས་རིག་གནས་དེ་དང་འབྲེལ་བའི་འདུ་ཤེས་ཞིག་ཡོད་པ་དེ་ཡང་གལ་ཆེན་པོ་ཞིག་རེད་ལ་ད་ལྟ་ནས་བརྩམས་སྟེ་ང་ཚོས་མི་རིགས་ཟེར་བ་དེའི་འཇོག་བྱེད་གཙོ་བོ་རིག་གནས་དང་དེ་འབྲེལ་གྱི་འདུ་ཤེས་ཡིན་པའི་སྐོར་ལ་ངེས་ཤེས་གསལ་བོ་འདྲོངས་ཐུབ་པ་བྱ་རྒྱུ་ནི་གལ་ཆེན་པོ་རེད། དེ་འདྲ་ཡིན་ཙང་ང་ཚོ་རྒྱལ་ཁབ་དང་མི་རིགས་ལ་དགའ་བ་ཡིན་ན་མི་རིགས་དེའི་རིག་གནས་སྦྱངས་རྒྱུ་དེ་གལ་ཆེན་པོ་ཡིན་པ་ཞུ་མ་དགོས་པ་ཞིག་རེད། གལ་ཏེ་ཁྱོད་ལ་ཕྱི་གླིང་པ་ཞིག་གིས་ཁྱེད་རང་བོད་མི་རིགས་ཡིན་པའི་སྒྲུབ་བྱེད་ཇི་ལྟར་གཏོང་ཞེས་དྲི་བ་བཏོན་པ་ཡིན་ན་ཁྱེད་རང་ནས་ཕྱིར་ལན་ཇི་ལྟར་གདབ་བམ། ང་རང་བོད་ལྭ་གྱོན་ཡོད་པས་བོད་མི་རིགས་ཡིན་ཞེས་ལབ་པ་ཡིན་ན་ཕྱིར་འོ་ན་ཕྱི་གླིང་བ་ཞིག་ལ་བོད་ལྭ་བསྐོན་ན་བོད་པ་ཡིན་ནམ་ཞེས་ལྡོག་འདྲི་བྱེད་དུས་ལན་ཇི་ལྟར་འདེབས་སམ། ཡང་ངའི་རུས་རྒྱུད་བོད་ཡིན་པས་བོད་མི་རིགས་ཡིན་ཟེར་ན་ཨ་མདོ་གཅན་ཚའི་ཕྱོགས་སུ་རུས་རྒྱུད་བོད་རིགས་གཙང་མ་གཙང་རྐྱང་ཡིན་ཞིང་བོད་སྐད་བཤད་པའི་ཁ་ཆེ་ཡི་རིགས་དེ་ཚོ་བོད་རིགས་ཡིན་པའི་སྒྲུབ་བྱེད་ཇི་ལྟར་གཏོང་དགོས། ཁོ་ཚོ་རང་སྟེང་ནས་བོད་རིགས་ཡིན་པར་ཁས་ལེན་གཏན་ནས་བྱེད་ཀྱི་མི་འདུག གནད་འགག་འདི་འདྲའི་སྐབས་སུ་ང་ཚོས་མི་རིགས་ཀྱི་འཇོག་བྱེད་གཙོ་བོ་དེ་རིག་གནས་དང་དེ་འབྲེལ་གྱི་འདུ་ཤེས་བྱེད་རྒྱུ་ལས་ཐབས་གཞན་གང་ཡང་འཚོལ་རྒྱུ་ཡོད་མ་རེད། ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ལ་འཛམ་གླིང་གི་ཡུལ་གྲུ་སོ་སོ་ན་རིག་གནས་ཀྱི་བཙན་འཛུལ་རབ་དང་རིམ་པ་མང་བོ་ཞིག་དར་བཞིན་ཡོད་པ་རེད། རིག་གནས་ཀྱི་བཙན་འཛུལ་ཟེར་བ་དེ་གང་འདྲ་ཞིག་རེད་ཅེ་ན་དཔེ་གཅིག་གིས་གསལ་བཤད་ཞུས་ན་ཨ་མེ་རི་ཁ་གཙོ་བྱས་པའི་ནུབ་ཕྱོགས་རིག་གནས་ཀྱི་ཤུགས་རྐྱེན་དེས་ཀྲུང་གོའི་རླབས་ཆེན་གྱི་རིག་གནས་མང་བོ་ཞིག་བེད་སྤྱད་ཀྱི་རིན་ཐང་མེད་པར་གཏོང་གི་ཡོད་པ་རེད། དེ་བཞིན་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྔོན་ཐོན་རིག་གནས་ཀྱི་ཤུགས་རྐྱེན་དེས་བྱེ་བྲག་གི་ས་ཁུལ་ན་ཐ་དད་དུ་གནས་པའི་མི་རིགས་ཀྱི་རིག་གནས་རང་རྐྱ་ཐུབ་པ་སྐོར་ཞིག་བེད་སྤྱོད་ཀྱི་རིན་ཐང་མེད་པ་ཞིག་ཏུ་རང་བཞིན་གྱིས་འགྱུར་འགྲོ་བ་རེད། འདི་ལྟ་བུའི་སྣང་ཚུལ་ལ་འཛམ་གླིང་གི་མིའི་རིག་པའི་ཁྱབ་ཁོངས་ནས་རིག་གནས་ཀྱི་བཙན་འཛུལ་ཟེར་བཞིན་ཡོད་པ་རེད། འདི་ལྟ་བུའི་སྐབས་སུ་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་རིག་གནས་དེ་ལ་སློབ་སྦྱོང་དང་སྲུང་སྐྱོབ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་ལ་མི་རིགས་ཀྱི་འཇོག་བྱེད་དང་ངོ་བོ་མཚོན་བྱེད་རིག་གནས་ཡིན་ཟེར་བ་དེ་ནི་རྒྱུ་མཚན་ལྡན་པ་ཞིག་རེད།
སྔོན་གྱི་དུས་ལ་ཆ་མཚོན་ན་ང་ཚོས་བོད་མི་རིགས་ཀྱི་འབྱུང་ཁུངས་ཀྱི་སྐོར་ལ་རྩོད་པ་མང་བོ་བརྒྱབ་སོང་བ་རེད། ད་མི་ཁ་ཅིག་གིས་ཆཱང་གི་ཁོངས་ནས་ཐོན་སོང་བ་རེད་ཟེར་བ་དང་ཁ་ཅིག་གིས་རྒྱ་གར་ནས་ཐོན་པ་རེད་ཟེར་བའམ་ཡང་ཁ་ཅིག་གིས་ཨུ་རྒྱན་ནས་ཐོན་པ་རེད་སོགས་འདྲ་མི་འདྲའི་རྩོད་པ་སྣ་ཚོགས་ཤིག་བརྒྱབ་ནས་བོད་མི་རིགས་ཀྱི་འབྱུང་ཁུངས་སྐོར་མང་པོ་ཞིག་བཤད་བྱུང་བ་རེད། ཡིན་ནའང་ད་ལྟའི་དུས་རབས་ཉི་ཤུ་རྩ་གཅིག་པའི་དུས་ཚོད་དེའི་ནང་ལ་ང་ཚོས་བོད་ཀྱི་ལོ་རྒྱུས་ལ་ཡང་བསྐྱར་དབྱེ་ཞིབ་གསར་བ་ཞིག་ཞུ་དགོས་གི་རེད། དེ་སྔོན་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་ནང་ལ་བྲིས་པ་དེ་ཚོ་མཐའ་གཅིག་ཏུ་ཚད་མའམ་ཡང་དག་པ་རེད་ཅེས་ལབ་ན་ཕལ་ཆེར་ཡིད་ཆེས་ཡོང་རྒྱུ་མ་རེད། ད་ནི་ང་ཚོས་ཕྱིར་འདང་ཞིག་བརྒྱབ་ན་ད་ལྟའི་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་རིག་གནས་འཕེལ་རྒྱས་ཀྱི་དུས་རབས་ཞིག་དང་ཚན་རིག་འཕེལ་རྒྱས་ཀྱི་དུས་རབས་ཞིག་གམ་མིའི་བསམ་བློ་འཕེལ་རྒྱས་ཀྱི་དུས་རབས་ཞིག་ཡིན་པས་ང་ཚོས་ད་དུང་མུ་མཐུད་ནས་བོད་ཀྱི་ཆོས་འབྱུང་སོགས་ཀྱི་ནང་ལ་བྲིས་ཡོད་པ་དེ་ཚོ་མཁྲེག་འཛིན་བྱས་ནས་འདི་ཡིན་ཤག་ཤག་རེད་ཟེར་བའམ་ཡང་ན་སྔོན་གྱི་མཁས་པ་ཞིག་གིས་བྲིས་པ་ཡིན་པས་ཡིན་ཤག་ཤག་རེད་ཟེར་བའམ་འདི་ལ་དཔྱད་པ་གཏོང་ཉན་རྒྱུ་མ་རེད་དཔྱད་བཏང་བ་ཡིན་ན་མི་གཞན་དག་གིས་གཤེ་གཤེ་ཚ་བོ་གཏོང་རྒྱུ་རེད་སོགས་གུ་དོག་པའི་བསམ་བློ་དེ་འདྲ་ཞིག་འཆང་བ་ཡིན་ན་ཧ་ཅང་དགོད་བྲོ་བའི་གནས་ཤིག་མ་རེད་དམ། ངས་དཔེ་བཞག་ནས་སྐད་ཆ་ཞིག་བཤད་རྒྱུ་ཡིན་ཏེ་ང་ཚོས་བོད་ཀྱི་ལོ་རྒྱུས་ཐུར་དུ་ཨང་ཀི་བསྒྲིགས་ནས་བསྡུར་བ་ལས་འཕྲེད་དུ་བསྡུར་དགོས་ཀྱི་རེད། དཔེ་བཞག་ན་ང་ཚོས་གཉའ་ཁྲི་བཙན་པོའི་དུས་རབས་དེར་རྒྱལ་ནང་ག་འདྲ་ཞིག་རེད། རྒྱ་གར་ག་འདྲ་ཞིག་རེད། ཨ་མེ་རི་ཁ་ག་འདྲ་ཞིག་ཡིན་པ་སོགས་འཕྲེད་དང་གཡས་གཡོན་དུ་ཞིབ་བསྡུར་གསལ་བོ་ཞིག་བྱེད་དགོས་པ་དེ་གཙོ་བོ་རེད། དེ་འདྲ་མ་བྱས་ན་ང་ཚོའི་བོད་ཀྱི་ལོ་རྒྱུས་ཀྱི་ཁྲོད་དུ་དགོད་བྲོ་བའི་གནས་ཚུལ་ཁ་ཤས་ཐོན་གི་ཡོད་པ་རེད། ང་ཚོའི་གཡས་གཡོན་གྱི་རྒྱ་དཀར་ནག་གི་མི་རིགས་རྣམས་ཀྱིས་ཤིང་རྟ་འཁོར་ལོ་འདྲུད་པའམ་ཞིང་བཏབ་ནས་ལོ་ཏོག་ལ་རོལ་བ་སོགས་འགྲོ་བ་མིའི་རིགས་བྱུང་ནས་ཚད་ངེས་ཅན་ལ་ཐོན་ཡོད་པ་དང་ང་ཚོ་བོད་གངས་ཅན་པ་ད་དུང་ཡར་ཀླུང་མགོན་པོ་རི་ན་རྔ་མ་མ་དོར་བའི་སྤྲེལ་རྒན་དང་བྲག་སྲིན་འཐབ་པའི་གཏམ་རྒྱུད་དེ་ལས་འདས་ཡོད་པ་མ་རེད། གླིང་གཅིག་གི་ནང་ཁུལ་གྱི་ཤར་ལྷོ་ནུབ་བྱང་བཅས་ཕྱོགས་བཞི་ནས་དུས་ཚོད་གཅིག་གི་ནང་ལ་འདི་འདྲའི་སྣང་ཚུལ་ཐོན་ཡོད་པ་རེད་ཟེར་ན་དེ་ནི་ཧ་ཅང་དགོད་བྲོ་བའི་གནས་ཤིག་མ་རེད་དམ། དེ་བས་ང་ཚོས་འདི་ལྟ་བུའི་ལོ་རྒྱུས་འབྲི་སྟངས་དང་འདི་ལྟ་བུའི་ལོ་རྒྱུས་ཀྱི་འདུ་ཤེས་འཛིན་སྟངས་ལ་དོན་ངོ་མས་གསར་བརྗེའམ་ཡང་ན་དབྱེ་ཞིབ་ཡང་ན་བསྐྱར་དུ་བསམ་གཞིགས་ཞིག་གཏོང་དགོས་པའི་དུས་ཚོད་ཅིག་ཏུ་སླེབས་པ་གསལ་ཐག་ཆོད་པའི་སྒོ་ནས་ཤེས་རྟོགས་བྱེད་ཐུབ་པ་རེད།
འོ་ད་དེ་འདྲའི་ངོ་བོ་རིག་གནས་ཀྱིས་གྲུབ་པའི་མི་རིགས་ཞིག་ད་ལྟའི་བར་དུ་རིག་གནས་ཀྱི་ཤུགས་རྐྱེན་མང་བོའི་གསེབ་ནས་གྲ་མ་ཉམས་གྲུ་མ་ཆག་པར་ལྷག་འདུག་པ་འདིར་ང་ཚོས་ཡང་བསྐྱར་ཞིབ་འཇུག་ཡང་དག་ཅིག་བྱེད་རན་པའི་དུས་སུ་བབས་ཡོད་པ་རེད། ཉག་ཁྲི་བཙན་པོའི་དུས་ནས་བཟུང་རིག་གནས་དང་ཡུལ་སྲོལ་སོགས་ཕུན་སུམ་ཚོགས་ཤིང་མི་རིགས་གཞན་དག་ལ་སྲེད་པའི་འགྲམ་ཆུ་ལྡིང་བའི་མི་རིགས་འདི་འདྲ་ཞིག་ད་ལྟའི་བར་དུ་གནས་ཡོད་པ་མ་ཟད་ཉེ་བའི་དུས་མཚམས་སུའང་ལོ་རེ་མོས་བཞིན་རྒྱལ་སྤྱིའི་སྟེང་ནས་བོད་རིག་པ་ཞེས་ཆེད་དུ་བོད་ཀྱི་རིག་གནས་ལ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཞིབ་འཇུག་རབ་དང་རིམ་པ་བྱེད་བཞིན་ཡོད་ལ་ཞིབ་འཇུག་ཚོགས་པའ་མང་རབས་ཤིག་ཐོན་སོང་བ་རེད། དེ་གང་གལ་ཆེན་པོ་ཆགས་སོང་བ་རེད་ཟེར་ན་ང་ཚོའི་མི་རིགས་འདིའི་རིག་གནས་དེ་གལ་ཆེན་པོ་ཆགས་སོང་བ་རེད་མ་གཏོགས་རྐྱེན་གཞན་གང་ཡང་ལྷག་ཡོད་པ་མ་རེད། ང་ཚོའི་མི་རིགས་ཀྱི་རིག་གནས་དེ་འཛམ་གླིང་གི་སྒང་ལ་གལ་ཆེ་ཤོས་དང་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཞུ་ཐུབ་པའི་རིག་གནས་རིན་ཐང་ལྡན་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་འཛམ་གླིང་གི་མི་རིགས་སྟོང་ཕྲག་མང་བོའི་གྲས་ནས་ང་ཚོ་དམིགས་སུ་བསལ་ཏེ་རྒྱལ་སྤྱིའི་རང་བཞིན་གྱི་མཐོང་ཆེན་དེ་འདྲ་ཞིག་གནང་སོང་བ་རེད། དེ་ཚང་མས་ཤེས་པར་གྱིས། དེ་ལྟ་བུའི་ཤེས་རིག་ལྡན་པའི་མི་རིགས་དེའི་བརྒྱུད་རིམ་ལ་དཔྱད་པ་བཏང་བ་ཡིན་ན་ཕལ་ཆེར་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་རེད། ཨེ་ཅིབ་དང་ཞི་ལ་རྒྱལ་ཁབ་སོགས་འཛམ་གླིང་གི་ཤེས་རིག་དར་བའི་གནའ་བོའི་རྒྱལ་ཁབ་དག་དང་མཉམ་པའི་ཤེས་རིག་དར་བའི་ལོ་རྒྱུས་ཤིག་ཡོད་པ་རེད། དེའི་སྒྲུབ་བྱེད་གཙོ་བོ་ནི་ཆབ་མདོའི་མཁར་རོ་དང་ཆུ་ཤུར། མངའ་རིས་སོགས་བོད་ཀྱི་ས་ཆ་ཁག་ནས་ཐོན་པའི་བང་སོ་དང་ལྡེབ་རིས་སོགས་རིག་གནས་ཀྱི་གནའ་རྫས་དེ་དག་གི་བརྟག་དཔྱད་དང་དབྱེ་ཞིབ་ཀྱི་འབྲས་བུར་གཞིགས་ན་མ་མཐའ་ཡང་ལོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་ཧ་གོ་གི་ཡོད་པ་རེད། དེ་འདྲ་ཡིན་ཙང་བོད་མི་རིགས་ཟེར་བ་དེ་རིག་གནས་ཀྱི་རྒྱུན་རིང་བ་དང་ལོ་རྒྱུས་ཀྱི་རྒྱུན་རིང་བ་ཞིག་ཡིན་སྟབས་ང་ཚོས་ཡིན་གཅིག་མིན་གཉིས་དེ་ལ་ངོས་འཛིན་ཡག་པོ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་བྱུང་། གནས་ཚུལ་འདི་དག་ལ་རྒྱུས་ལོན་ཡག་པོ་ཞིག་མ་བྱུང་ན་ང་ཚོས་གང་བྱུང་འདི་བྱུང་གིས་ང་ཚོ་བོད་མི་རིགས་ཡིན། ད་ཕལ་ཆེར་བོད་མི་རིགས་ཡིན་རྒྱུ་རེད། བོད་མི་རིགས་ཀྱི་མི་ཡིན་ཤག་ཤག་རེད་ཅེས་ཨུ་ཚུགས་མཁྲེག་པོ་བརྒྱབ་ནས་བསྡད་ན་ཡག་པོ་ཡོད་པ་མ་རེད། ཁྱེད་རང་བོད་མི་རིགས་རེད་པས་ཟེར་ན་ད་ངས་ཡིན་པའི་རྒྱུ་མཚན་ཧ་གོ་གི་མེད་ཀྱང་ཡིན་ཤག་ཤག་རེད། ངའི་ཨ་མ་ལགས་ཀྱིས་ཡིན་པ་རེད་ཟེར་གི ངའི་ཕ་ལགས་ཀྱིས་ཡིན་ཟེར་གི (ཉན་མཁན་གྱི་བཞད་སྒྲ)ང་ཕལ་ཆེར་ཡིན་རྒྱུ་རེད་དཀོན་མཆོག་གསུམ་ཞེས་མནའ་བསྐྱལ་ནའང་ཡག་པོ་མེད། སྔོན་ཞིག་ལ་ཨ་མདོའི་རྒྱ་མ་རོང་ཞིག་གིས་ང་བོད་མིན་ན་དཀོན་མཆོག་གསུམ། ངས་བོད་སྐད་ཤེས་ན་དཀོན་མཆོག་གསུམ་ཟེར་བའི་དཔེ་རང་རེད། དེ་ཐབས་སྡུག་པོ་ཞིག་མ་རེད་དམ།(ཉན་མཁན་གྱི་བཞད་སྒྲ)དེ་ལས་གོང་ཞུས་རྣམས་ལ་སྒྲོ་འདོགས་ཡག་པོ་ཆོད་ན་རང་ཉིད་མི་རིགས་གང་ལ་གཏོགས་པའི་གནས་ཚུལ་བཤད་ཤེས་རྒྱུ་རེད་བསམ་བྱུང་། དེའི་སྐོར་ལ་དབྱེ་ཞིབ་ཡག་པོ་ཞིག་བྱེད་དགོས་གི་རེད། དེའི་སྐོར་ལ་བསམ་བློ་མང་པོ་ཞིག་གཏོང་དགོས་གི་རེད་ལ་ངས་དུས་རྒྱུན་པར་དེའི་སྐོར་ལ་བསམ་བློ་གཏོང་གི་ཡོད།
ང་ཚོ་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ལ་ནད་ཡམས་ཆེན་པོ་ཞིག་ཡོད་པ་རེད། དེ་ནི་ལོ་རྒྱུས་ལ་བལྟ་དུས་དང་ལོ་རྒྱུས་འབྲི་དུས་ཀྱི་ནད་ཡམས་ཆེན་པོ་ཞིག་རེད། ནད་ཡམས་དེ་གང་རེད་ཟེར་ན་སྲོང་བཙན་ཡན་ཆོད་ཀྱི་ལོ་རྒྱུས་ལ་དབུ་སྟོད་མི་མཁོ་བའི་ནད་ཡམས་དེ་རང་རེད། ང་ཚོའི་བོད་ཀྱི་ལོ་རྒྱུས་ལས་སྲོང་བཙན་རྗེས་ཀྱི་ལོ་རྒྱུས་དེ་ཧ་ཅང་རྒྱས་པ་ཞིག་ཡོད་པ་རེད་ལ་སྲོང་བཙན་ཡར་སྔོན་གྱི་ལོ་རྒྱུས་དེ་བདེན་རྫུན་ལ་མ་དཔྱད་པར་ཆ་ཚང་གཡུགས་ཚར་པ་རེད། དེ་ནི་མི་ཞིག་ལ་ཆ་འཇོག་བྱས་ནས་བཤད་པ་ཡིན་ན་ཁོག་སྟོད་མེད་པ་དང་ཁོག་སྨད་ཧ་ཅང་ཆེན་པོ་ཞིག་ཡོད་པའི་བཟོ་ལྟ་རང་རེད། སྲོང་བཙན་ཡར་སྔོན་གྱི་ལོ་རྒྱུས་ལ་དེ་འདྲའི་མཐོང་ཆེན་མི་བྱེད་པའི་རྩ་བ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་རང་རེད། ཤུགས་རྐྱེན་དེའི་འོག་སྲོང་བཙན་ཡར་སྔོན་གྱི་ལོ་རྒྱུས་ནི་རྒྱལ་པོ་ཁ་ཤས་ཀྱི་མཚན་དང་བློན་པོ་ཁ་ཤས་ཀྱི་མཚན་སོགས་རགས་རིམ་ཙམ་ལས་ཆེར་བྲིས་ཡོད་པ་མ་རེད། ང་ཚོས་སྣང་ཚུལ་དེ་ལ་ཞིབ་དཔྱད་གཏོང་དུས་ཧང་སངས་དགོས་པའི་གནས་ཚུལ་ཞིག་མ་རེད་དམ། དེ་རྩ་བ་ཉིད་ནས་འགྲིག་གི་མ་རེད། ཁྱེད་ཚོས་《ཀྲུང་གོའི་ལོ་རྒྱུས》[3]ཞེས་པའི་དེབ་དེར་ལྟོས་དང་བླངས་བྱ་མང་བོ་ཞིག་འདོན་རྒྱུ་ཡོད་པ་རེད། དེའི་ནང་ལ་འགྲོ་བའི་མིའི་རིགས་ཀྱི་འབྱུང་ཡུལ་སྤྲེའུ་ཁྱུ་ནས་བཟུང་ཀྲུང་གོ་གསར་བ་དབུ་བརྙེས་པའི་བར་དུ་ཞིབ་པ་ཞིག་བྲིས་ཡོད་པས་དངོས་ནས་བརྒྱུད་རིམ་ལྡན་པ་ཞིག་རེད། ང་ཚོ་བོད་མི་རིགས་ལ་ད་ལྟའི་བར་དུ་དེ་འདྲའི་ལོ་རྒྱུས་ཀྱི་སློབ་དེབ་ཅིག་ཀྱང་ཡོད་པ་མ་རེད། ང་ཚོའི་ལོ་རྒྱུས་ཀྱི་ནང་དུ་གྲགས་ཆེ་བའི་སྲོང་བཙན་སྒམ་པོ་གཅིག་པུ་ལའང་འཁྲུངས་འདས་ལོ་ཚིགས་དྲུག་ཅུ་ལྷག་ཡོད་པ་རེད། ལོ་རྒྱུས་སྨྲ་བ་མང་པོས་རང་རང་གི་འདོད་ཕྱོགས་ལྟར་ལོ་རྒྱུས་ཀྱི་སྟེང་ལ་དེ་འདྲའི་རྙོག་དྲ་མང་པོ་བཟོས་སྟབས་ཕྱི་རབས་ལོ་རྒྱུས་ཀློག་པའི་གཞོན་ནུ་རྣམས་ཀྱིས་ཡང་སྙིང་གང་ཡིན་འདི་ཡིན་མི་ཤེས་པའི་མགོ་འཐོམས་ཀྱི་གནས་ཚུལ་འབྱུང་གི་ཡོད་པ་རེད། དེ་འདྲ་ཡིན་པས་ང་ཚོས་གཟབ་ནན་སྒོས་བོད་ཀྱི་ལོ་རྒྱུས་ལ་གསར་བརྗེ་ཞིག་བྱེད་དགོས་པའི་དུས་སུ་བབས་ཡོད་པ་རེད། ང་ཚོའི་བོད་ཀྱི་ལོ་རྒྱུས་ལྡེའུ་ཆོས་འབྱུང་ལས་སྟོད་ལྷ་རབས་སམ་བར་མངའ་དར་དང་སྨད་སིལ་ཆད་ཅེས་ལོ་རྒྱུས་ཀྱི་རིམ་པ་གསུམ་དུ་ཕྱེས་ཡོད་ལ་དེ་ལས་བོད་ཀྱི་ཡ་ཐོག་ལོ་རྒྱུས་ཆ་ཚང་ལྷ་སྒྲུང་གི་རབས་ལྟ་བུ་ཞིག་གམ་མི་མ་ཡིན་པའི་ལོ་རྒྱུས་ལྟ་བུ་ཞིག་ལ་བརྗོད་ཡོད་ཀྱང་དོན་དངོས་ཐོག་དེ་དག་ནི་མིའི་ལོ་རྒྱུས་དངོས་ཡིན་པར་ཆ་འཇོག་བྱེད་འོས་པ་ཞིག་རེད། དེ་དག་ལྷ་སྒྲུང་ཁོ་ན་དང་མི་མ་ཡིན་པའི་སྒྲུབ་བྱེད་ཀྱི་སྐོར་ལ་ང་ཚོས་ཡང་བསྐྱར་གཟབ་ནན་སྒོས་དབྱེ་ཞིབ་རབ་དང་རིམ་པ་ཞིག་བྱེད་དགོས་པ་ནི་སྐབས་སུ་བབས་པའི་དོན་བྱ་ཞིག་རེད། ཡང་ན་སྐད་ཆ་རྣོན་པོ་ཞིག་གིས་མཚོན་པར་བྱས་ནས་བཤད་ན་བོད་ཀྱི་ལོ་རྒྱུས་ལ་གསར་བརྗེ་བྱེད་དགོས་པ་དེ་རེད།
བོད་ཀྱི་རིག་གནས་ངོས་འཛིན་གྱི་སྐོར།
ད་འདི་འདྲའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་རྫོང་མཐུག་པའི་མི་རིགས་རླབས་ཆེན་ཞིག་ལ་སངས་རྒྱས་ཆོས་ལུགས་ཁོ་ན་མ་གཏོགས་རིག་གནས་ཤིག་དར་མྱོང་མེད་ཟེར་ན་རྩ་བ་ནས་འགྲིག་གི་མ་རེད། ཡ་ཐོག་རིང་མོའི་དུས་ནས་བཟུང་སངས་རྒྱས་ཆོས་ལུགས་བོད་ལ་མ་དར་བའི་ཡར་སྔོན་གྱི་དུས་ཚོད་ནང་ཤེས་རིག་རབ་དང་རིམ་པ་མང་པོ་ཞིག་དར་ཡོད་པ་ཁ་ཚོན་བཅད་ནས་བཤད་ཆོག་པ་ཞིག་རེད། ང་ཚོས་རིག་གནས་སམ་ཆོས་ལུགས་ཟེར་དུས་ཀྱང་ཡིན་གཅིག་མིན་གཉིས་སྨྱུ་གུས་བྲིས་པའི་དཔེ་ཆ་ཁ་ཤས་དང་གཞུང་ལུགས་ཁོ་ནར་གོ་བ་བླངས་ན་ནོར་འཁྲུལ་ཐོན་ཡོང་གི་རེད། ཨེ་དིས་ཧྭ་ཐེ་ལི་ཡི་《གདོད་མའི་རིག་གནས》[4]ཞེས་པའི་དེབ་ཀྱི་ནང་དུ་མི་རིགས་རིག་པའི་ཁྱབ་ཁོངས་ནས་རིག་གནས་ཀྱི་མཚན་ཉིད་ཡག་པོ་ཞིག་བཞག་འདུག སྒྲ་ཡངས་འཇུག་གི་རིག་གནས་ཀྱི་མཚན་ཉིད་ཅིག་བཞག་འདུག་ལ་དེར་དཔྱད་རྒྱུ་ཆེན་པོ་ཡོད་པར་སྣང་། ཁོང་གིས་སྒྲ་ཡངས་འཇུག་གི་རིག་གནས་དེའི་ནང་ལ་ཤེས་རིག་དང་དད་མོས། སྒྱུ་རྩལ། ཀུན་སྤྱོད། ཁྲིམས་ལུགས། ཡུལ་སྲོལ་སོགས་མང་བོ་ཞིག་བསྡུས་ཡོད་པ་རེད་ལ་དེ་ཆ་ཚང་གི་སྤྱི་མིང་ལ་སྒྲ་ཡངས་འཇུག་གི་རིག་གནས་ཞེས་བརྗོད་པ་རེད། མཚན་ཉིད་འདིའི་ཆ་ནས་བོད་མི་རིགས་ཀྱི་ཤེས་རིག་གི་ཁྱབ་ཁོངས་ལ་བལྟས་པ་ཡིན་ན་མཐུན་རྐྱེན་དེ་དག་ལྷག་འཛོམས་བྱེད་ཐུབ་ཀྱི་རེད། བོད་མི་རིགས་ལའང་ཡི་གེ་ཡོད་པ་རེད། དད་མོས་ཡོད་པ་རེད། སྒྱུ་རྩལ་ཡོད་པ་རེད། ཀུན་སྤྱོད་ཡོད་པ་རེད། ཁྲིམས་ལུགས། ཡུལ་སྲོལ། ཆོ་ག རིག་གཞུང་སོགས་ཆ་ཚང་ཡོད་པ་རེད། དེ་དག་གི་སྤྱི་མིང་ལ་ང་ཚོས་ཀྱང་སྒྲ་ཡངས་འཇུག་གི་རིག་གནས་ཞེས་འདོགས་འོས་པ་ཞིག་རེད། དེ་བཞིན་སྒྲ་དོག་འཇུག་གི་རིག་གནས་ཟེར་བ་ནི་རིག་གཞུང་ཁོ་ནར་གོ་དགོས་པ་རེད། སྒྲ་ཚད་བཟོ་གསོ་སོགས་ཀྱིས་མཚོན་པའི་རིག་པའི་གཞུང་ལུགས་མཐའ་དག་ལ་གོ་བ་རེད། ད་ཆ་མི་མང་པོ་ཞིག་ཞིག་གིས་ཡི་གེ་ཟེར་བ་ནི་རིག་གནས་ཤིག་ཡིན་ནམ་སྙམ་པའི་དོགས་པ་འཆངས་བཞིན་ཡོད། ཡི་གེ་ནི་རིག་གནས་ཁོ་ན་རེད་དེ་མོར་ཀྭན་གྱིས་བྲིས་པའི《གནའ་བོའི་སྤྱི་ཚོགས》[5]ཞེས་པའི་དེབ་གཞིའི་ནང་དུ་ཤེས་རྨོངས་ཀྱི་དུས་རབས་དང་དམུ་རྒོད་ཀྱི་དུས་རབས། ཤེས་རིག་གི་དུས་རབས་ཞེས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་དེ་རྣམ་པ་གསུམ་དུ་ཕྱེས་ཡོད་པ་རེད། དེའི་ནང་གི་ཤེས་རིག་གི་དུས་རབས་ལ་ཐོན་པའི་མཚོན་རྟགས་གཙོ་བོ་དེ་ལ་ཡི་གེ་འཇོག་པ་རེད། ང་ཚོ་བོད་མི་རིགས་ལ་ཆ་མཚོན་ན་ཡོངས་གྲགས་ཀྱི་ལུགས་ནི་སྲོང་བཙན་སྒམ་པོའི་དུས་སུ་ཐོན་མིས་ཡི་གེ་བཟོས་པ་ཡིན་ཞེས་བཤད་པ་དེ་རེད། ཡིན་ནའང་སློབ་དཔོན་ཐོན་མིའི་ཡར་སྔོན་དུའང་བོད་ལ་ཡི་གེ་ཞིག་ཡོད་ཤག་ཤག་རེད། དེ་ནི་ཁ་ཚོན་བཅད་ནས་བཤད་ཆོག་པ་ཞིག་རེད། སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་མང་བོས་བོད་ལ་སྲོང་བཙན་ཡར་སྔོན་དུ་ཡི་གེ་མེད་པའི་ཐད་ཀྱི་ལྟ་ཚུལ་སྲ་མཁྲེག་ལྡན་པའི་ངང་འཛིན་གྱི་ཡོད་པ་དང་ཁོང་ཚོས་དེའི་ཡར་སྔོན་དུ་ཡོད་པར་ཆ་འཇོག་བྱེད་དགོས་ན་ཁ་ཆེ་ཡི་ཆོས་འདོན་བྱེད་དུ་སྤྱོད་པའི་ཡི་གེ་དེ་ཙམ་མམ་ཡང་ན་ཐག་ལ་མདུད་པ་སོགས་རྒྱག་པའི་བརྡ་རྟགས་དེ་ཙམ་ལས་མེད་པར་འདོད་ཀྱང་དོན་དངོས་སུ་ཚད་དེ་ལས་བརྒལ་བའི་ཡི་གེ་ཞིག་ཡོད་པ་ཤིན་ཏུ་གསལ་ཏེ་དེའི་སྒྲུབ་བྱེད་མང་པོ་ཡོད་ཀྱང་ལུང་རིགས་དཔེ་གསུམ་གྱི་སྒྲུབ་བྱེད་འཐད་ལྡན་ལས་ལུང་གི་སྒྲུབ་བྱེད་ནི་《ལྡེའུ་ཆོས་འབྱུང》[6]ལས་དྲི་གུམ་བཙན་པོའི་སྐབས་སུ་ཡི་གེ་དང་བོན་བྱུང་ཞེས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་དང་རྒྱལ་པོ་སྲོང་བཙན་སྒམ་པོས་མཛད་ཟེར་བའི་《མ་ཎི་བཀའ་འབུམ》[7]བྱ་བར་ཡང་གསེར་གྱི་ལྒིགས་བམ་ལ་བཻཊཱུརྱཱ་ཞུན་མའི་བོད་ཡིག་གིས་བྲིས་པའི་མདོ་སྡེ་ཟ་མ་ཏོག་དང་སྤང་ཀོང་ཕྱག་རྒྱ་སོགས་གཉན་པོ་གསང་བ་བོད་ཡིག་གིས་བྲིས་པར་བཤད་པ་རྣམས་གུང་བསྒྲིགས་ནས་སྲོང་བཙན་ཡར་སྔོན་དུ་བོད་ཡིག་ཡོད་མེད་ལ་དཔྱད་དགོས་ཤིང་གཡུ་སྒྲ་སྙིང་བོའི《བཻ་རོའི་འདྲ་འབག་ཆེན་མོ》[8]ནའང་མཐོན་མི་ཆུང་གིས་ཡི་གེ་བསྒྱུར་ཞེས་བཀོད་ཡོད་ཅིང་ཡི་གེ་གསར་གཏོད་བྱས་པའི་རྒྱུ་མཚན་གང་ཡང་བཤད་ཡོད་པ་མ་རེད། སྐབས་འདིའི་བསྒྱུར་ཞེས་པའི་གོ་དོན་ནི་ཞང་ཞུང་གི་ཡིག་རྒན་ནམ་ཞང་ཡིག་གི་ཡིག་གཟུགས་བོད་ཡིག་གི་ཡིག་གཟུགས་ལ་བསྒྱུར་ཞེས་པའི་གོ་དོན་རེད་ལ་སྨར་ཆེན་སྨར་ཆུང་ཞེས་པའང་མདོ་དོན་ཞང་ཞུང་གི་ཡིག་གཟུགས་རང་རེད། ཐོན་མིས་ཞང་ཞུང་གི་ཡིག་གཟུགས་དེ་དག་ལས་མཁོ་བ་བླངས་པ་དང་མི་མཁོ་བ་དོར་བ་སོགས་བྱས་ནས་བོད་ཀྱི་ལུགས་དང་མཐུན་པའི་ཡིག་གཟུགས་ཞིག་བསྒྱུར་བའི་གོ་དོན་རང་རེད་ལ་སློབ་དཔོན་པདྨའི་ཞལ་ནས་རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་བའི་ཚེ།རྒྱ་གར་ཡི་གེ་བོད་ལ་བསྒྱུར་མ་གཏུབ།ཀ་ཁ་སུམ་ཅུ་བོད་ལ་དཔེ་རུ་བླངས་ཞེས་པར་ཡང་བརྟག་བྱ་ཆེན་པོ་ཡོད་དེ་སྨར་ཡིག་ལ་དཔེ་བླངས་ནས་བོད་ཀྱི་ཡིག་གཟུགས་བཟོས་པའི་འདོད་ཚུལ་དེ་ཉིད་དོན་ལྡན་དུ་གྱུར་ཡོད་པ་ཞིག་རེད། དེ་འདྲ་ཡིན་ཙང་ང་ཚོའི་སློབ་དཔོན་ཐོན་མི་ནི་བོད་ཀྱི་ཡི་གེར་བཅོས་བསྒྱུར་གཏོང་མཁན་ཞིག་ལས་གསར་གཏོད་བྱེད་མཁན་ཞིག་རྩ་བ་ཉིད་ནས་མ་རེད། འདིའི་སྐོར་ལ་སྒྲུབ་བྱེད་འཐད་ལྡན་མང་པོ་འགོད་རྒྱུ་ཡོད་ཀྱང་ད་དེ་ཙམ་གྱིས་ཆོག་པར་བྱོས་ལ་འདིའི་ཐད་དུ་ཁྱེད་རང་ཚོར་རྗེས་མར་སྒྲུབ་བྱེད་དང་དགག་པ་གཏོང་རྒྱུ་ཡོད་ན་བགྲོ་ལྒིང་བྱས་ཆོག་ཆོག་རེད། གོང་གི་དེ་ནི་ལུང་གི་སྟེང་ནས་སྲོང་བཙན་ཡན་ཆོད་དུ་ཡི་གེ་ཡོད་པའི་སྒྲུབ་བྱེད་ཅིག་རེད། ད་རིགས་པའི་སྟེང་ནས་དཔྱད་ནའང་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་ལ་ཡི་གེ་ཟེར་གྱི་ཡོད་པ་རེད། གལ་ཏེ་ཐོན་མིས་གདངས་ལ་ཡི་གེར་བཏགས་པའི་ཡི་གེ་དེ་གསར་གཏོད་བྱས་པར་འདོད་ན་འོ་ན་ཐོན་མི་སམ་བྷོ་ཊའི་ཡན་ཆོད་དུ་བོད་ལ་ངག་དང་གདངས་མེད་པར་ཐལ་བས་དེའི་ཡན་ཆོད་ཀྱི་བོད་མི་ཚང་མ་སྐད་ཆ་བཤད་མི་ཤེས་པའི་ལྐུགས་པར་ཁས་ལེན་དགོས་པ་ནི་ཧ་ཅང་དགོད་བྲོ་བ་ཞིག་མ་རེད་དམ། དེ་དུས་ང་ཚོའི་བོད་རིགས་ཡང་མེས་ཚང་མས་རྐང་བརྡ་ལག་བརྡ་བརྒྱབ་ནས་བསྡད་པ་རེད་དམ།(ཉན་མཁན་གྱི་བཞད་སྒྲ)འོ་ན་བོད་ཀྱི་ཡི་གེ་དེ་གཟུགས་ཁོ་ནར་འདོད་ཅིང་ཐོན་མིས་གཟུགས་ལ་ཡི་གེར་བཏགས་པའི་ཡི་གེ་དེ་གསར་གཏོད་བྱས་པར་འདོད་ན་དེའི་ཡན་ཆོད་དུ་བོད་ཀྱི་ཡི་གེ་ཡི་གཟུགས་ཡོད་དེ་གཟི་ཡིག་གི་སྟེང་ན་ཀ་ཁ་སུམ་ཅུའི་གཟུགས་ཡོད་པའི་ཕྱིར། མངའ་རིས་རུ་ཐོག་ནས་རྙེད་པའི་གཟི་ཡིག་ཀ་ཁ་སུམ་ཅུ་ཅན་ཞིག་ལ་ལོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་ནུབ་ཕྱོགས་ཀྱི་རིག་རྫས་བརྟག་དཔྱད་པས་ཐག་བཅད་ཟིན་པས་ཐོན་མིའི་ཡན་ཆོད་ཀྱི་དུས་རབས་ནང་དུ་ཀ་ཁ་སུམ་ཅུའི་གཟུགས་ཡོད་པས་ཧ་ཅང་བཤད་ཐབས་དཀའ་བ་ཞིག་མ་རེད་དམ། ཐོན་མི་འཁྲུངས་ནས་ད་བར་དུ་ལོ་ཆིག་སྟོང་སུམ་བརྒྱ་ལྷག་ཟིན་ཡོད་པ་དང་དེའི་ཡར་སྔོན་གྱི་ལོ་སུམ་སྟོང་བདུན་བརྒྱ་ལྷག་གི་གོང་རོལ་ནས་ཀ་ཁ་སུམ་ཅུའི་ཡིག་གཟུགས་ཡོད་ན་ཐོན་མིས་བོད་ཀྱི་སྒྲ་གཟུགས་གཉིས་སུ་བཏགས་པའི་ཡི་གེ་གཉིས་པོ་གང་ཡང་བཟོས་མེད་ཙང་ང་ཚོས་ཡང་བསྐྱར་དེའི་སྐོར་ལ་བསམ་གཞིགས་དང་དབྱེ་ཞིབ་མི་བྱེད་ག་མེད་བྱུང་ཡོད་པ་རེད། དཔེ་མིག་ལ་བསྟན་ཡོད་ཅིག་གི་སྟེང་ནས་བཤད་ན་བོན་གྱི་ཆོ་གའི་དཔེ་རྙིང་《སྲིད་པ་སྤྱི་མདོས་སྣང་སྲིད་སྤྱི་སྐོང》[9]ཞེས་པའི་དཔེ་ཆ་རྙིང་བ་ཞིག་གི་མཇུག་བྱང་ནའང་སངས་པོ་ཁྲི་ནེ་ཁོད་བདག་གིས་ཡི་གེར་བཏབ་པ་ཞེས་བཀོད་ཡོད་ལ་ཁྲི་ནེ་ཁོད་ནི་སྟག་རི་གཉན་གཟིགས་ཀྱི་བློན་པོ་ཞིག་ཡིན་པས་སྟག་རི་གཉན་གཟིགས་ཀྱི་དུས་སྐབས་སུ་སྲིད་པ་སྤྱི་མདོས་ཟིན་བྲིས་སུ་འགོད་པའི་ཡི་གེ་ཡོད་པ་ནི་དཔེ་ཡི་སྟེང་ནས་སྲོང་བཙན་ཡན་ཆོད་དུ་ཡི་གེ་ཡོད་པའི་སྒྲུབ་བྱེད་ཅིག་རེད། དེ་འདྲ་ཡིན་ཙང་ང་ཚོས་དོན་དངོས་སུ་སྲོང་བཙན་ཡན་ཆོད་དུ་ཡི་གེ་ཡོད་མེད་དེ་བདེན་རྫུན་གང་ཡིན་ལ་ཡང་བསྐྱར་དབྱེ་ཞིབ་དང་དཔྱད་པ་མང་བོ་ཞིག་བརྒྱབ་དགོས་རྒྱུ་རེད། ཚུལ་འདི་དག་ལ་ངེས་ཤེས་འདྲོངས་མ་ཐུབ་པར་ང་ཚོས་མིག་བཙུམ་ནས་ཐོན་མི་སམ་བྷོ་ཊ་བོད་ཡིག་གསར་གཏོད་མཛད་མཁན་ཡིན་ཤག་ཤག་རེད་ཅེས་བསྡད་ན་དགེ་མཚན་མེད་ལ་ཡིན་ཐག་ཆོད་ཡིན་ཞེས་གཙུག་ལག་ཁང་གི་ཇོ་བོའི་སྐུ་མདུན་ནས་མནའ་བསྐྱལ་ནའང་(ཉན་མཁན་གྱི་བཞད་སྒྲ)དགེ་མཚན་ཅི་ཡང་ཡོད་པ་མ་རེད། གཙོ་བོ་དཔྱད་པའི་སྒོ་ནས་ཐག་གཅོད་གནང་ཐུབ་ན་ཡག་ཤོས་རེད། ང་ཚོས་རིག་གཞུང་ལ་ཞིབ་འཇུག་བྱེད་དུས་མནའ་བསྐྱལ་ནས་སྒྲུབ་བྱེད་(ཉན་མཁན་གྱི་བཞད་སྒྲ)དུ་རེ་བ་དང་དད་པ་ཁོ་ནས་ཐག་གཅོད་བྱེད་པ་དེ་ཤིན་ཏུ་མི་འོས་ཤིང་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ནས་དེ་དག་ནི་དོར་བྱ་ཉག་གཅིག་རེད་བསམ་བྱུང་། རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་སུ་གནས་པའི་གནད་དོན་ཡོད་རིགས་ལ་ཇོ་བོ་རིན་པོ་ཞེས་མནའ་བསྐྱལ་བའི་ངང་ཚུལ་(ཉན་མཁན་གྱི་བཞད་སྒྲ)དེ་ནི་བླུན་པོའི་སྤྱོད་སྟངས་ཁོ་ན་ཡིན་པས་ཤིན་ཏུ་ནས་དོར་འོས་པ་ཞིག་རེད།
དེ་འདྲ་ཡིན་ཙང་ང་ཚོས་ཡི་གེ་ཡི་སྐོར་དེ་ལའང་ཡང་བསྐྱར་བསམ་གཞིགས་བྱས་ནས་དབྱེ་ཞིབ་དང་ཞིབ་འཇུག་བྱེད་ཐུབ་ན་རབ་རེད། ངས་བོན་པོའི་ཡིག་ཚངས་དང་བསྟན་བཅོས་མང་པོ་ཞིག་ཞིབ་ཀློག་བྱས་པ་ཡིན་ལ་དེ་དག་ཆ་ཚང་གི་དབུར་ཞང་ཞུང་གི་སྐད་དུ་ཞེས་བཀོད་ཡོད་པའང་དཔྱད་པ་གཏོང་རྒྱུའི་གནས་གལ་ཆེན་ཞིག་རེད་བསམ་བྱུང་། དེ་ལས་ཀྱང་ང་རང་ཧང་སངས་བ་ཞིག་ནི་《སྲིད་པའི་མཛོད་ཕུག》[10]ཅེས་པའི་བོན་གྱི་དཔེ་རྙིང་དེ་རེད། དེ་ནི་ཞང་ཞུང་གི་སྐད་ཆ་དང་བོད་སྐད་ཤན་སྦྱར་བྱས་ནས་གྲུབ་པའི་བསྟན་བཅོས་ཞིག་རེད་ལ་དེར་ཤོ་ལོ་ཀ་ཧ་ཅང་མང་པོ་ཡོད་པ་རེད། ཚིག་རྐང་རེ་རེ་ཡི་ཐོག་མར་ཞུང་ཞུང་གི་སྐད་བཀོད་ནས་དེའི་རྗེས་སུ་བོད་སྐད་ཀྱིས་དེའི་དོན་བཀོད་པའི་ཞང་བོད་ཤན་སྦྱར་གྱི་དཔེ་ཆ་རྙིང་བ་ཞིག་རེད། འདིར་བལྟས་ན་སྔོན་གྱི་དུས་སུ་ཞང་ཞུང་གི་སྐད་ཡིག་ཅིག་ཡོད་ཤག་ཤག་རེད། དེ་མ་གཏོགས་འདི་ལྟ་བུའི་ཞང་བོད་ཤན་སྦྱར་གྱི་བསྟན་བཅོས་ཤིག་དུས་ཡུན་ཉི་མ་ཁ་ཤས་དང་ཟླ་བ་ཁ་ཤས་ཀྱི་རིང་ལ་བོན་པོ་ཚོས་རྫུན་སྒྲུང་ལྟར་སྒྲུབ་ཐུབ་པའི་དོན་དག་ཅིག་མ་རེད། དེ་ལས་གཞན་《ཤ་རིའི་སྒྲ་མདོ》[11]ཞེས་པའི་བོན་པོའི་དཔེ་རྙིང་ཧ་ཅང་དཀོན་གྲས་ཤིག་ཡོད་པ་རེད། དེ་ནི་བོད་ཁམས་ན་དེབ་རྒྱུན་གཅིག་གཉིས་ཙམ་མ་གཏོགས་ཕལ་ཆེར་ཉམས་མེད་དུ་ཕྱིན་ཚར་བའི་ཁ་འཕྲོ་རེད། དེའི་ནང་ན་ཞང་བོད་ཀྱི་སྐད་ཆ་བཀོད་ཡོད་པ་མ་ཟད་ཞང་བོད་སྒྲ་སྡེབ་བྱེད་སྟངས་ཀྱི་སྐོར་ཡང་གསུངས་ཡོད་པ་རེད་ལ་འདི་ནི་ང་ཚོ་བོད་ཀྱི་ཡིག་སྒྱུར་གྱི་གཞུང་ལུགས་ཀྱི་ཐོག་མར་བཞག་ཀྱང་དོན་ལ་གནས་པ་ཞིག་རེད་བསམ་བྱུང་། དེ་འདྲ་ཡིན་ཙང་ང་ཚོས་ཡང་དང་བསྐྱར་དུ་བོད་ཀྱི་ཡི་གེ་སུས་བཟོས་མིན་སོགས་ཀྱི་སྐོར་ལ་བསམ་གཞིགས་ནན་ཏན་གྱིས་བྱེད་འོས་པ་ཞིག་རེད། དེ་ཚང་མས་ཐུགས་ལ་འཛིན་རོགས།
དེ་ནས་ད་དད་མོས་ཟེར་བ་དེ་རེད། དེ་ནི་བོད་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་ཆེན་པོར་འདྲེས་པའི་སེམས་ཀྱི་སྣང་ཚུལ་ཞིག་ཡིན་ཞིང་ད་ལྟའི་དུས་སུ་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་མི་ལོ་སྟོང་ཕྲག་ལྔ་དྲུག་ལྷག་གི་ཡར་སྔོན་ནས་སྲོག་ཆགས་དང་རི་བྲག་སོགས་ཀྱི་དད་མོས་ཀྱི་ས་བོན་ནས་འགོ་བརྩམས་ཏེ་རིམ་བཞིན་འཕེལ་རྒྱས་བྱུང་བ་ཞིག་ཡིན། དཔེར་ན་ཆབ་མདོ་མཁར་རོའི་བོད་ཀྱི་གནའ་བོའི་ཤུལ་རྗེས་དེར་སྡིངས་ཆ་སྒོར་མོ་མཆོད་སྟེགས་ཀྱི་དབྱིབས་ཅན་ཡོད་པ་དེས་གནའ་བོའི་དུས་སུ་དད་མོས་ཀྱི་འདུ་ཤེས་ཡོད་པ་གསལ་རྟོགས་བྱེད་ཐུབ་པ་དང་རྫ་ཆས་དང་བྲག་བརྐོས་སོགས་སུ་བོད་ཀྱིས་ཆེས་རྩ་ཆེར་བརྩི་བའི་ཉི་མའི་གཟུགས་རིས་དང་གཡུང་དྲུང་རི་མོ། གཡག་རྒོད་སོགས་བྲིས་ཡོད་པ་དེས་ཆེས་གདོད་མའི་དུས་ཀྱི་དད་མོས་འདུ་ཤེས་གསལ་མཚོན་བྱེད་ཐུབ་པ་མ་ཟད་གཞི་བདག་བསྟེན་བཀུར་དང་བླ་སྲོག་གི་འདུ་ཤེས་དེ་ནི་དད་མོས་ཁོ་ན་ཡིན་ལ་ཁྱད་པར་དུ་བོད་ཀྱི་ཐ་སྙད་“དཀར་ཕྱོགས”ཞེས་པ་དེས་ཀྱང་བོད་ཀྱི་ཆེས་གདོད་མའི་དད་མོས་ཀྱི་ས་བོན་ཞིག་ད་ལྟའི་བར་མངལ་དུ་སྦྲུམ་ནས་གནས་ཡོད། དེའི་རྗེས་སུ་དད་མོས་ལ་འཕོ་འགྱུར་ཕྱིན་ནས་ཚད་ངེས་ཅན་དུ་སླེབས་ཡོད་པ་ནི་ཞུ་མ་དགོས་པ་ཞིག་རེད། དོན་ངོ་མར་དད་མོས་སམ་དད་པ་ཟེར་བ་དེའང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་རེད། ངས་པེ་ཅིན་སློབ་གྲྭ་ཆེན་མོའི་རྒྱ་རིགས་ཀྱི་ཞིབ་འཇུག་སློབ་མ་ཁ་ཤས་ལ་བོད་ཀྱི་དད་པ་ནི་རིག་གནས་ཤིག་རེད་ཅེས་བཤད་པ་ཡིན། ཁོ་ཚོས་ཀྱང་དོན་དངོས་འདི་ཁས་ལེན་བྱེད་བཞིན་འདུག ཉིས་སྟོང་དྲུག་ལོར་ང་རང་ཉི་ཧོང་སྤྱི་ཚོགས་ཚན་རིག་ཁང་གི་བུ་མོ་ཞིག་དང་ནོར་ཝེའི་རྒྱལ་ཁབ་གྱི་བོན་པོའི་ཞིབ་འཇུག་པ་ཞིག་དང་མཉམ་འབྲེལ་གྱིས་སྟོད་མངའ་རིས་དང་། ལྷ་སའི་ཡུལ་གྲུ་ཁག ཨ་མདོ་སོགས་བོད་ཁམས་ཀྱི་ས་ཆ་སོ་སོར་ཡུལ་སྐོར་བརྟག་དཔྱད་ལ་ཕྱིན་པ་ཡིན། ངས་ཡུལ་སྐོར་དེའི་ནང་ནས་སྟོད་མངའ་རིས་ནས་སྨད་ཨ་མདོའི་བར་གྱི་ཡུལ་གྲུར་གནས་པའི་བོད་རིགས་རྣམས་ལ་གཅིག་གྱུར་རམ་ཐུན་མོང་གི་ཁྱད་ཆོས་གང་ཞིག་ཡོད་མིན་གྱི་སྐོར་ལ་དཔྱད་པ་བཏང་བ་ཡིན། ང་ཚོས་དངོས་ནས་སྟོད་མངའ་རིས་ནས་སྨད་ཨ་མདོའི་བར་གྱི་བོད་མིའི་ཐུན་མོང་གི་ཁྱད་ཆོས་ཤིག་འདེམས་དགོས་བྱུང་ཚེ་མི་མང་པོས་སྐད་ཡིག་ཅེས་ལབ་སྲིད་ཀྱི་རེད། ཡིན་ནའང་ཡི་གེ་ལ་མཚོན་ནས་བཤད་ན་ཕལ་ཆེར་ཐུན་མོང་གི་ཁྱད་ཆོས་སུ་འགྱུར་ཐུབ་རྒྱུ་མ་རེད། ང་ཚོ་བོད་མི་རིགས་ལ་ཡི་གེ་ཤེས་མི་ཤེས་ཅི་རིགས་ཤིག་ཡོད་པ་རེད། ཕལ་ཆེར་ཡི་གེ་མི་ཤེས་མཁན་མང་པོ་ཡིན་རྒྱུ་རེད། ངས་ལོ་ཤས་ཀྱི་སྔོན་ལ་ཨ་མདོ་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་སོ་སོས་རང་རང་གི་ཡི་གེ་བེད་སྤྱོད་བཏང་བའི་ཆ་ནས་ཡིག་རྨོངས་པའི་གྲངས་ཀ་ཐོ་འགོད་བྱས་པའི་ཟིན་ཐོ་ཞིག་ལ་བལྟས་པ་ཡིན། དེའི་ནང་དུ་གྲངས་ཉུང་མི་རིགས་ཡི་གེ་ཡོད་མཁན་རྣམས་ལས་སོག་པོ་མི་རིགས་མཐའ་མ་དང་ང་ཚོ་བོད་མི་རིགས་ནི་ཡིག་རྨོངས་པ་ཆེས་མང་ཞིང་མི་རིགས་མང་པོ་ལས་གཤམ་ནས་ཡར་ལ་བརྩིས་པའི་ཨང་ཀི་གཉིས་པ་དེ་རེད། མི་རིགས་རང་རང་གི་ཡི་གེ་ཤེས་མིན་གྱི་སྟེང་ནས་ཡིག་རྨོངས་པ་བརྩིས་པ་ཡིན་ཀྱང་གནས་ཚུལ་འདི་འདྲ་ཡིན་ན་ཡི་གེ་ནི་ང་ཚོའི་ཐུན་མོང་གི་ཁྱད་ཆོས་སུ་འགྱུར་མི་ཐུབ་པ་ཧ་ཅང་གསལ་པོ་རེད། ཡང་ལ་ལས་སྐད་ཆ་རེད་ཟེར་ནའང་མ་རེད། ལྷ་ས་བའི་སྐད་ཆ་ཨ་མདོ་བས་མི་གོ་བ་དང་ཨ་མདོ་བའི་སྐད་ཆ་ལྷ་ས་བས་མི་གོ་བ། ཁམས་པའི་སྐད་ཆ་ལྷ་ས་བས་མི་གོ་ལ་ཨ་མདོའི་སྐད་ཆ་ཁམས་པས་མི་གོ་བ་སོགས་སོ་སོའི་ལུང་པའི་ཁ་སྐད་ཀྱི་དབང་གིས་ཕན་ཚུན་ལ་གོ་བརྡ་སྤྲོད་ཐབས་ཀྱང་ཧ་ཅང་དཀའ་ཁག་ཆེ་བས་བོད་ཀྱི་སྐད་ཆ་ཕལ་ཆེར་ཐུན་མོང་གི་ཁྱད་ཆོས་སུ་འགྲོ་ཐུབ་པ་ཁག་པོ་རེད། འོ་ན་སྟོད་མངའ་རིས་ནས་སྨད་མདོ་ཁམས་ཀྱི་བར་ན་གནས་པའི་བོད་རིགས་རྣམས་ཀྱི་ཐུན་མོང་གི་ཁྱད་ཆོས་གང་རེད་ཅེ་ན་དད་པ་ཟེར་བ་དེ་རེད། བོད་མི་རིགས་ཀྱི་མི་དམངས་བརྒྱ་ཆའི་དགུ་བཅུ་གོ་ལྔ་ཡན་ཆད་ནི་ཆོས་ལུགས་ལ་དད་པ་ཡོད་པ་རེད། དེ་ནི་སྐད་ཆས་གོ་བརྡ་སྤྲོད་ཐུབ་མིན་དང་ཡི་གེ་ཤེས་མིན་ལ་མ་ལྟོས་པར་ཐུན་མོང་ངམ་གཅིག་གྱུར་གྱི་ཁྱད་ཆོས་ཤིག་རེད་དེ་ཨ་མདོ་བ་གཅིག་དང་། ལྷ་ས་བ་གཅིག མངའ་རིས་བ་གཅིག ཁམས་པའི་མི་གཅིག་བཅས་ལྷན་འཛོམས་བྱུང་བ་ཡིན་ན་སོ་སོས་རང་གི་ཁ་འདོན་དང་ཕྲེང་བ་བསྟན་ན་དེ་དག་གིས་སོ་སོའི་བསམ་པའི་འཁོར་ཕྱོགས་ཕལ་ཆེར་གཅིག་གྱུར་ཡོང་ཐུབ་རྒྱུ་རེད། དེ་ནི་དད་པའི་སྟོབས་ཤུགས་ཉག་གཅིག་ཡིན། སྟོད་མངའ་རིས་ནས་སྨད་ཨ་མདོའི་བར་གྱི་ཡུལ་ལུང་གི་ཁྱིམ་ཚང་སོ་སོའི་ཁྱིམ་ཕུགས་སུ་ལྷ་རྟེན་ཆོས་གསུམ་དང་མཆོད་འབུལ་གྱི་རྟེན་ཁ་ཤས་རེ་མེད་པ་སྲིད་ཀྱི་མ་རེད། དེ་ནི་དད་པའི་སྟོབས་ཤུགས་ཀྱིས་བཞག་པའི་གཅིག་གྱུར་གྱི་ཁྱད་ཆོས་རེད་ལ་དེས་མིའི་བསམ་པའི་སྟེང་ལའང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ནི་ཞུ་མ་དགོས་པ་ཞིག་རེད། ཉེ་ཆར་ཨ་གསར་ཅན་ཁ་ཤས་ཀྱིས་བོད་མིའི་དད་པ་དེ་མི་དགོས་པའི་སྐོར་གྱི་སྐད་ཆ་ཤོད་བཞིན་ཡོད། ཐེངས་ཤིག་ང་དང་གྲོགས་པོ་ཞིག་ལྷ་སའི་བར་སྐོར་དུ་མཉམ་པོར་ཕྱིན་པ་ཡིན། གྲོགས་པོས་བུ་ཆུང་དེས་ཕྱག་འཚལ་ནས་ག་རེ་བྱེད་པ་ཡིན་ན་སློབ་སྦྱོང་ཡག་པོ་མི་བྱེད་པར་ནམ་རྒྱུན་ཕྱག་ཁོ་ན་འཚལ་ནས་ཉི་མ་འཁྱོལ་ཐབས་བྱེད་པ་ནི་གཞན་བརྟེན་གྱི་བསམ་བློ་ཁོ་ན་ཞིག་ཡིན་རབས་ལབ་བྱུང་། དེ་འདྲའི་ལེ་ལོ་དང་སྒྱིད་ལུག་གི་བྱ་སྤྱོད་ཁ་ཤས་ཀྱང་བྱུང་སྲིད་ཀྱི་རེད། ཡིན་ནའང་དད་པ་བྱེད་མཁན་དང་ཕྱག་འཚལ་མཁན་ཚང་མ་དེ་འདྲ་མ་རེད། གལ་ཏེ་གཞན་བརྟེན་དང་ལེ་ལོ་ཡིན་མིན་ལ་མ་ལྟོས་པར་བློ་སེམས་རྩེ་གཅིག་གིས་ཕྱག་འཚལ་ཐུབ་པ་དེའང་ད་ལྟའི་ཆར་ང་ཚོས་སྤོབས་པ་ཞིག་ལ་བརྩིས་ན་འགྲིག་གི་རེད་བསམ་བྱུང་། གཞན་བརྟེན་དང་ལེ་ལོ་ཡིན་མིན་ལ་མ་ལྟོས་པར་བུ་ཆུང་དེའི་བསམ་པར་བཅོས་མིན་གྱི་ཡིད་ཆེས་གཙང་མ་ཞིག་མེད་ན་གཞན་གྱིས་བཙན་ཤུགས་ཀྱིས་ཕྱག་འཚལ་དུ་བཅུག་ན་ཡོང་གི་མ་རེད། ངས་དེའི་བསམ་པའི་སྟེང་གི་དད་པའི་སྟོབས་ཤུགས་དེ་གལ་ཆེན་དང་ཡ་མཚན་པོ་ཞིག་རེད་བསམ་སོང་། ད་ལྟ་ནུབ་གླིང་གི་མི་མང་པོ་ཞིག་གིས་དད་པ་མེད་པའི་མི་རྣམས་ནི་འཇིགས་སྐུལ་རིང་ལུགས་པ་རེད་ཟེར་བཞིན་ཡོད་པ་རེད།(ཉན་མཁན་གྱི་བཞད་སྒྲ)ད་ལྟའི་ལྟ་ཚུལ་གསར་བ་ཅན་ཁ་ཤས་ནས་དད་པར་དགོས་མཁོ་མེད་ཚུལ་དང་དད་པ་གཙོ་ཆེ་མིན་སོགས་མང་པོ་བཤད་འདུག་ཀྱང་མདོ་དོན་དད་པའི་སྐོར་ལ་རྒྱུས་ཡང་དག་ཅིག་ལོན་མེད་པ་འདྲ། ངའི་བསམ་པར་བོད་ཀྱི་རིག་གནས་སྦྱངས་མཁན་ཞིག་ཡིན་ནའང་འདྲ་བོད་ལ་རྒྱུས་ལོན་བྱེད་མཁན་ཞིག་ཡིན་ནའང་དད་པ་དེ་གཙོ་ཆེ་བ་ཞིག་རེད་བསམ་བྱུང་། དད་པ་ཟེར་བ་དེ་དངོས་ནས་བྲན་གཡོག་གི་འདུ་ཤེས་ཤིག་མ་རེད། སངས་རྒྱས་ཆོས་ལུགས་ཀྱི་གཞུང་གང་ནའང་བཙན་ཤུགས་ཀྱིས་དད་པའི་འོག་ཏུ་འཇུག་པའི་བསམ་བློ་དེ་འདྲ་ཞིག་ཁྱོན་ནས་ཡོད་པ་རེད། གལ་ཏེ་དེ་འདྲའི་སྣང་ཚུལ་ཡོད་སྲིད་ན་དེ་ནི་སངས་རྒྱས་ལུགས་མ་རེད། བྲན་གཡོག་ཟེར་བ་ནི་མི་འདོད་བཞིན་དུ་རང་དབང་མེད་པའི་བཙན་ཤུགས་ཀྱི་ངོ་བོ་ཅན་ཞིག་ལ་ཟེར་ཞིང་དད་པ་ཟེར་བ་ནི་རང་དབང་དང་གུ་ཡངས་ཅན་ཞིག་ཡིན་སྟབས་དད་པ་ནི་བྲན་གཡོག་གི་འདུ་ཤེས་རེད་ཟེར་བ་ནི་མ་དཔྱད་པ་ཁོ་ན་རང་རེད། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་སུས་བཙན་ཤུགས་ཀྱིས་བཀའ་ཕབ་ནས་དད་པ་བྱེད་དུ་འཇུག་བཞིན་ཡོད། གལ་ཏེ་ཁྱེད་ཀྱིས་དད་པ་མི་བྱེད་ན་ངས་མེ་མདའ་ཐོད་པར་བཙུགས་ནས་ཁྱོད་རང་གསོད་རྒྱུ་ཡིན་ཟེར་མཁན་ཞིག་རྩ་བ་ཉིད་ནས་ཡོད་པ་མ་རེད། (ཉན་མཁན་གྱི་བཞད་སྒྲ)བསམ་པའི་སྟོབས་ཤུགས་ཀྱི་སྟེང་ནས་བལྟས་པ་ཡིན་ན་དངོས་ནས་དད་པ་ཟེར་བ་ནི་རིག་གནས་གལ་ཆེན་པོ་ཞིག་རེད་བསམ་བྱུང་། དེར་ཁྱེད་ཚོས་ཀྱང་དཔྱད་པ་གནང་བར་ཞུ།
ད་སྒྱུ་རྩལ་ཟེར་བ་དེ་རེད། སྒྱུ་རྩལ་ཟེར་བ་ནི་དངོས་པོའི་བཟོ་སྐྲུན་དང་བསམ་པའི་འཁྱེར་སོ་སོགས་དེ་དག་གི་ཆེས་མཐོ་བའི་ཚད་གཞི་དང་ཁྱད་ཆོས་ཤིག་ལ་བཤད་པ་ཡིན། ང་ཚོ་བོད་ལ་གནའ་བོའི་དུས་ནས་སྒྱུ་རྩལ་གྱི་འབྲས་བུ་དང་དེའི་ལོ་རྒྱུས་ཡ་མཚན་པ་ཡོད། མངའ་རིས་རུ་ཐོག་གི་བྲག་བརྐོས་དང་ཆུ་ཤུར་དང་མཁར་རོའི་གནའ་ཤུལ་གྱི་སྒྱུ་རྩལ་སོགས་ཀྱིས་ལོ་ངོ་ལྔ་སྟོང་ལྷག་གི་ཡན་ཆོད་ནས་སྒྱུ་རྩལ་གྱི་འབྲས་བུ་ངོ་མཚར་བ་ཡོད་པ་གསལ་སྟོན་བྱེད་ནུས་པ་ཡིན་པས་མང་དུ་བཤད་ན་དུས་ཚོད་འགོར་འགྱངས་ཀྱིས་བརྗོད་བྱའི་དོན་སྒྲིབ་པའི་ཉེན་ཁ་ཡོད་པས་དེའི་སྐོར་གཡུགས་ཞོག ཕོ་བྲང་པོ་ཏ་ལ་གཅིག་པུར་མཚོན་ན་ནའང་ཕྱི་རྣམ་པའི་བཟོ་བཀོད་དང་ནང་གི་ལྡེབས་རིས། ལྷ་རྟེན། ལྒིགས་བམ་སོགས་འཛམ་གླིང་གི་ཡིད་དབང་འཕྲོག་པའི་ཆེས་མཐོའི་སྒྱུ་རྩལ་ཞིག་ཡིན། ཕྱིའི་རྣམ་པའི་ཨར་ལས་སོགས་བཟོ་སྐྲུན་གྱི་ཆ་ནས་བཤད་ན་སྐབས་དེའི་ལག་རྩལ་རྩེར་སོན་ཞིག་དང་ནང་གི་རིན་ཐང་བྲལ་བའི་ལྡེབ་རིས་སོགས་ཕུད་དུས་རབས་རིམ་བྱོན་གྱི་གསུང་འབུམ་ཉར་ཚགས་ཀྱི་ཆ་ཁོ་ནའི་ཐད་ནས་ལྒིང་ནའང་འཛམ་གླིང་གི་དཔེ་མཛོད་ཁང་ཆེན་པོ་ཞིག་རེད། ང་རང་ཕོ་བྲང་པོ་ཏ་ལའི་ནང་དུ་བཞུགས་ཡོད་པའི་《གསུང་འབུམ་དཀར་ཆག》[12]ཞིག་ལ་མཇལ་པ་ཡིན། བོད་ཀྱི་གྲུབ་མཐའ་སྣ་ཚོགས་ལས་དགེ་ལུགས་པ་ཁོ་ནའི་གསུང་འབུམ་གྱི་ཁ་བྱང་ཕྱོགས་གཅིག་ཏུ་བསྒྲིགས་ནའང་པོད་རྒན་ཆེན་པོ་ཞིག་ཡོད། རྒྱ་གར་གྱི་རྩོམ་པ་པོ་ལ་དྭགས་པ་ལིས་ཞིས་ནན་གྱི་《རྒྱ་གར་དེང་རབས་ཀྱི་མཚན་ཉིད་རིག་པ་ལས་མིའི་བསམ་བློ》[13]ཞེས་པའི་དེབ་གཞི་ལས་སྒྱུ་རྩལ་གྱིས་འཚོ་བ་མཚོན་པར་བྱེད་པ་ཡིན་ཞེས་གསུངས་པ་ལྟར་བོད་མི་རིགས་ཀྱི་དུས་རབས་རིམ་པའི་ནང་དུ་བྱུང་བའི་དངོས་པོ་དང་བསམ་པའི་སྒྱུ་རྩལ་ཕུང་བོར་གཅིག་ཏུ་སྤུངས་པའི་མཚོན་བྱེད་གཙོ་བོ་ཕོ་བྲང་པོ་ཏ་ལའི་སྒྱུ་རྩལ་འདི་དག་ནི་བོད་མིའི་མི་རབས་རིམ་བྱོན་གྱི་འཚོ་བའི་ཉམས་མྱོང་དང་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་སྒྱུ་རྩལ་རིན་ཐང་བྲལ་བ་ཤ་སྟག་ཡིན། དེ་ལས་གཞན་མངའ་རིས་མཐོ་ལྡིང་དགོན་པའི་ལྡེབ་རིས་དང་རུ་ཐོག་གི་གདོད་མའི་བྲག་བརྐོས། ལོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཁ་རུབ་དང་ཆུ་ཤུར་གྱི་གནའ་ཤུལ་སོགས་དངོས་པོའི་སྒྱུ་རྩལ་དང་། རྩོམ་རིག གེ་སར་སྒྲུང་། བོད་མིའི་སྐྱེ་འཆིའི་ལྟ་ཚུལ་སོགས་བསམ་པའི་སྒྱུ་རྩལ་རིན་ཐང་བྲལ་བ་དེ་དག་ནི་འགྲོ་བ་མིའི་རིགས་ཀྱི་སྒྱུ་རྩལ་ཟིན་ཐོ་ལས་འོད་ཟེར་འཕྲོ་བའི་དོན་དངོས་ཀྱི་སྒྱུ་རྩལ་རིན་ཐང་བྲལ་བ་དེ་ཡིན། འཇར་མན་གྱི་རོལ་དབྱངས་པ་གྲགས་ཆེན《པེ་ཏོ་ཧྥུན་གྱི་གསུང་གི་རེག་ཟིན》[14]ཞེས་པ་ལས་དོན་དངོས་ཀྱི་སྒྱུ་རྩལ་ལ་འཇིག་པ་མེད་ཅེས་གསུངས་པ་ལྟར་ང་ཚོ་བོད་མི་རིགས་ཀྱི་སྒྱུ་རྩལ་གྱི་ཞིང་བཀོད་རེ་རེ་ནི་ནམ་ཡང་འགྲོ་བ་མིའི་རིགས་ཀྱི་སྒྱུ་རྩལ་ཟིན་ཐོ་ལས་འཇིག་པ་མེད་པ་ཞིག་རེད།
ད་ནི་སྒྲ་ཡངས་འཇུག་གི་རིག་གནས་ལས་ཀུན་སྤྱོད་ཞེས་པ་དེ་རེད། བོད་མི་རིགས་ནི་གནའ་བོའི་དུས་ནས་བཟུང་ཀུན་སྤྱོད་ཧ་ཅང་ཡག་པོ་ལྡན་པའི་མི་རིགས་ཤིག་རེད། བོད་མི་རིགས་ལ་གནའ་བོའི་དུས་ནས་བཟུང་མི་རིགས་རང་གི་ཡུལ་སྲོལ་དང་བསམ་བློར་འབྲེལ་བའི་ཀུན་སྤྱོད་ཧ་ཅང་ཡག་ཤོས་མང་པོ་འདུག་ནའང་ཀུན་སྤྱོད་རྩེར་སོན་གྱི་དུས་དེ་ནི་གཡུང་དྲུང་བོན་དང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་ལ་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། དེའི་ཡར་སྔོན་ལའང་ཀུན་སྤྱོད་ཡག་པོ་ཡོད་སྲིད་ཀྱང་ཀུན་སྤྱོད་འཕེལ་རྒྱས་ཀྱི་ཚད་མཐོ་ཤོས་དེ་ནི་གོང་གི་ཆོས་ལུགས་རྣམ་པ་མི་འདྲ་བ་གཉིས་དར་བའི་དུས་ཚོད་ཀྱི་ནང་དུ་མཐོང་དགོས་ཀྱི་ཡོད་པ་རེད། དཔེར་ན་རྗེ་ཙོང་ཁ་བའི་དུས་སུ་ཨ་ཡེ་རྒན་མོ་ཞིག་གིས་གསེར་སྒྱེ་མོ་གང་ཁུར་ནས་སོང་ནའང་མིག་གིས་བལྟ་མཁན་མེད་ཅེས་ཆོས་འབྱུང་ཁ་ཤས་ལས་གསུངས་བྱུང་། འདི་ནི་དོན་དངོས་སུ་མིའི་ཀུན་སྤྱོད་ཚད་ངེས་ཅན་དུ་སླེབས་པའི་མཚོན་རྟགས་གཙོ་བོ་ཞིག་རེད། ང་ཚོས་ནམ་རྒྱུན་གསར་འགྱུར་ལས་ཤེས་གསལ་ལྟར་འཛམ་གླིང་གི་ས་ཆ་གང་སར་ཇག་པ་དང་རྐུན་མས་འཕྲོག་བཅོམ་བྱས་པའི་གནས་ཚུལ་མང་པོ་མངོན་གསལ་གྱིས་མཐོང་རྒྱུ་ཡོད། དེ་ནི་མིའི་ཀུན་སྤྱོད་ཉམས་རྒུད་དུ་འགྲོ་བཞིན་པའི་མཚོན་རྟགས་གཙོ་བོ་ཞིག་རེད། ད་ལྟའི་དུས་མཚམས་སུ་བོད་མི་རིགས་ཀྱི་ཀུན་སྤྱོད་རྩ་བ་ཉིད་ནས་ཉམས་རྨས་སུ་འགྲོ་བཞིན་པའི་སྒང་རེད། ཉམས་རྨས་སུ་འགྲོ་བཞིན་པ་གང་གིས་ཤེས་ཐུབ་ཟེར་ན་བདག་གིས་དུས་རྒྱུན་པར་ལོ་རྒྱུས་ཀྱི་དཔེ་ཆ་མང་པོ་བཀླགས་པ་ཡིན། དེའི་ནང་ལ་བོད་བཙན་པོའི་དུས་སྐབས་ཀྱི་བོད་མིའི་ཀུན་སྤྱོད་གང་འདྲ་ཞིག་ཡིན་པའི་སྐོར་མཐོང་ཐུབ་གི་འདུག དཔེར་ན་དམག་འཁྲུག་རྒྱག་པའི་ཚེ་ནའང་མནའ་ལ་མཐོང་ཆེན་བྱེད་བཞིན་འདུག ཐང་རྒྱལ་རབས་དང་བོད་ཀྱིས་དམག་འཁྲུགས་འདུམ་པའི་ཆེད་དུ་འདུན་མ་བསྡུས་ཏེ་མནའ་བསྐྱལ་ནས་དམ་བཞག་ཡོད་པ་ལོ་རྒྱུས་ཡིག་ཚངས་ལས་གསལ་བོར་ཤེས་ཐུབ་པ་ཞིག་རེད། མནའ་ལ་བརྩི་བ་འདིའང་ཀུན་སྤྱོད་མཆོག་ཏུ་གྱུར་བ་ཞིག་རེད། ད་ལྟའི་བོད་མིས་ཇོ་བོ་རིན་པོ་ཞེས་མནའ་བསྐྱལ་ནའང་རློམ་རྒྱུ་ཆེར་ཡོད་པ་མ་རེད། ཀུན་སྤྱོད་ཞེས་པ་ནི་དངོས་ནས་རིག་གནས་ཤིག་རེད། དེ་འདྲ་ཡིན་ཙང་གུང་ཐང་བསླབ་བྱ་ལས་ཀྱང་ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད་ཅེས་གསུངས་ཡོད་པ་རེད། ཀུན་སྤྱོད་ཡག་པོ་ཡོད་ན་དངོས་ནས་མིའི་ཡིད་སེམས་རང་དབང་མེད་པར་འཕྲོག་ཐུབ་པ་རེད། ངའི་དགེ་རྒན་རིན་པོ་ཆེ་དགེ་འདུན་ཕུན་ཚོགས་མཆོག་ལ་དངོས་ནས་མིས་སྨོན་པའི་ཀུན་སྤྱོད་ཧ་ཅང་གཙང་ཐག་ཆོད་པ་ཞིག་ཡོད་པ་རེད། གྲྭ་བ་ཆུང་ཆུང་མཐེ་བོང་ལྟ་བུ་ཞིག་ཡིན་ནའང་ཁོང་གིས་ཡར་བཞག་ནས་གུས་བཀུར་གནང་གི་རེད། ང་རང་རྒྱུན་པར་ཁོང་གི་མདུན་ལ་འགྲོ་དུས་སེམས་ཚེགས་སྐྱེས་བཞིན་ཡོད། དེ་ནི་ཁོང་གི་ཀུན་སྤྱོད་གཙང་རྐྱང་ཡིན་པའི་རྒྱུ་མཚན་གྱིས་ང་ཧ་ཅང་ཞེད་རྒྱུ་ཞིག་རང་བཞིན་གྱིས་ཐོན་ཡོང་། ཐོག་མར་གཞན་ལ་གུས་བཀུར་བྱས་པ་དེ་ནི་རང་ལ་གུས་བཀུར་གནང་བ་དང་གཅིག་པ་གཅིག་རྐྱང་རེད། དུས་ཕྱིས་སུ་ང་ཚོའི་ས་ཆར་དགེ་རྒན་རིན་པོ་ཆེ་ཡི་ཀུན་སྤྱོད་ནི་མི་ཚང་མས་མིག་དཔེར་བལྟ་ས་དང་ཁ་མིག་ཡར་བལྟ་གནང་ས་གཅིག་པུ་རེད། ད་ལྟའི་དུས་མཚམས་སུ་ང་ཚོར་ཞིབ་འཇུག་སློབ་མའི་མིང་ཞིག་ཐོགས་ནའང་སྦོམ་པོ་ཞེ་དྲག་ཡོད་པ་རེད། དེ་ནི་ཀུན་སྤྱོད་ཀྱི་སྟེང་གི་གནད་དོན་ཅིག་རེད། པོ་ཧྲི་(博士)ཧྲོ་ཧྲི(硕士)ཟེར་བའི་མིང་དེ་གཙོ་བོ་མ་རེད་ལ་དེའི་མིང་ཐོབ་ནས་དོན་གྱི་ཡོན་ཏན་འཛོམས་པོ་ཞིག་དང་ཀུན་སྤྱོད་ཡག་པོ་ཞིག་ཡོད་རྒྱུ་དེ་གཙོ་བོ་རེད། མིང་སྐམ་པོ་ཞིག་ཡོད་ཀྱང་དོན་ཐོག་ལ་དངོས་སུ་ཕབ་དུས་སྙིང་བོ་ཅི་ཡང་ལྷག་གི་མ་རེད། རིག་གནས་ཡོན་ཏན་མེད་ན་མིང་པོ་ཧྲི་ཡིན་ཀྱང་མིང་གྲགས་སྐམ་པོ་ཙམ་ཡིན་པས་དོན་གྱི་སྙིང་བོ་ཅི་ཡང་ཡོད་པ་མ་རེད།(ཉན་མཁན་གྱི་བཞད་སྒྲ)དེ་ནི་དངོས་ནས་རླངས་འཁོར་གཏོང་མི་ཤེས་པའི་མི་ཞིག་ལ་རླངས་འཁོར་བཏང་ཆོག་པའི་འཛིན་ཡིག་ཞིག་སྤྲད་པ་ལྟ་བུ་རེད། འཛིན་ཡིག་བརྒྱ་ཕྲག་འགའ་སྤྲད་ཀྱང་རླངས་འཁོར་ཡག་པོ་གཏོང་མ་ཤེས་ན་དེར་དགེ་མཚན་ཡོད་མེད་ནི་བཤད་མ་དགོས་པར་གསལ་བོར་ཤེས་ཐུབ་པ་ཞིག་རེད། ང་ཚོས་དཔེ་ཆ་མང་པོ་ཀློག་པ་དང་སངས་རྒྱས་ཆོས་ལུགས་ལས་བྱུང་བའི་ཀུན་སྤྱོད་ལ་སློབ་སྦྱོང་བྱས་ནས་སོ་སོའི་ཀུན་སྤྱོད་ཡར་རྒྱས་སུ་འགྲོ་བའི་ཐད་ལ་ཤུགས་ཆེན་པོ་བརྒྱབ་དགོས་པ་དེའང་གལ་ཆེན་པོར་མཐོང་གི་འདུག མི་ཞིག་ལ་ཡོན་ཏན་ལྡན་མིན་དང་བསམ་བློ་ཡག་པོ་ཡོད་མིན་དེ་ཁོའི་ཀུན་སྤྱོད་ལ་བལྟས་ན་ཧ་གོ་ཐུབ་གི་རེད། མི་ཞིག་གི་ཀུན་སྤྱོད་ཀྱི་ནང་ལ་མི་ཞིག་གི་ཡོད་ཚད་འདུས་ཀྱི་ཡོད་སྟབས་ཀུན་སྤྱོད་ཅེས་པའང་དོན་དམ་ཀྱི་རིག་གནས་ཤིག་རེད།
ད་ཁྲིམས་ལུགས་རེད། སྒྲ་ཡངས་འཇུག་གི་ཁོངས་སུ་འདུས་པའི་ཁྲིམས་ལུགས་དེ་རེད། བོད་ལའང་མི་རིགས་གཞན་པ་ནང་བཞིན་གནའ་བོའི་དུས་ནས་བཟུང་ཁྲིམས་དང་དེའི་ལོ་རྒྱུས་ཡོད་པ་རེད། རི་རྒྱ་དང་ཀློང་རྒྱ། ལམ་རྒྱ་སྡོམ་པའི་ཁྲིམས་དེ་ནི་གནའ་བོའི་བོད་ཀྱི་ཚོ་བ་ཁག་ལས་བརྒྱུད་ཡོང་བ་རེད། དེས་ད་ལྟའི་བར་བོད་ཀྱི་སྐྱེས་ཁམས་སོགས་ལ་ནུས་པ་ཆེན་པོ་ཐོན་ཡོད་ལ་མ་འོངས་པ་ནའང་ཐོན་པར་འགྱུར་བ་ཞིག་རེད། དེར་མ་ཟད་བོན་ཁྲིམས་སྲིད་པའི་ཐོ་ཡིག་སོགས་དང་བསང་གི་བྱེད་ནུས་སོགས་ལ་འབྲེལ་བའི་ཁྲིམས་ཧ་ཅང་མང་པོ་ཡོད་པས་འདིར་རེ་རེ་བཞིན་མི་བཤད་ལ་གང་ལྟར་སྔོན་གྱི་མཁས་པའི་བསྟན་བཅོས་ལས་ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་དུ་ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་འཕེལ་ཞེས་ཁྲིམས་ནི་ཡོན་ཏན་ཀུན་གྱི་གཞི་རྟེན་འཕེལ་བྱེད་ཅིག་ལ་ངོས་བཟུང་ཡོད་པ་རེད། ང་ཚོ་བོད་ལྗོངས་སློབ་གྲྭ་ཆེན་མོ་ལྟ་བུ་ཞིག་ལ་མཚོན་ནའང་ཁྲིམས་མེད་ན་ལ་འཐོར་ལུང་འཐོར་དུ་སོང་ནས་རིག་གནས་སྦྱངས་སའི་ཁོར་ཡུག་ཅིག་ཆགས་ཐུབ་ཀྱི་མ་རེད། བོད་ཀྱི་ལོ་རྒྱུས་ཡིག་ཚངས་ལས་ཀྱང་སྔོན་གྱི་རྒྱལ་ཕྲན་སིལ་མ་དེ་དག་ལའང་ཁྲིམས་མེད་པས་ཁ་འཐོར་དགུ་འཐོར་དུ་ཕྱིན་ནས་སིལ་བུར་འཐོར་བ་རེད་ཅེས་ཤོད་བཞིན་ཡོད་པ་དེ་རང་རེད། དེར་བརྟེན་ཁྲིམས་ཞེས་པ་ཧ་ཅང་གལ་ཆེན་པོ་རེད། ཁྲིམས་ཞེས་པ་དེས་སྤྱི་ཚོགས་འཕེལ་རྒྱས་དང་མིའི་ཡོན་ཏན་གོང་འཕེལ་ལ་ཕན་ཐོགས་ཡག་པོ་ཡོང་གི་རེད། སངས་རྒྱས་ཆོས་ལུགས་ཀྱི་འདུལ་བ་ཞེས་པ་དེའང་དོན་དངོས་སུ་ཁྲིམས་ཤ་སྟག་རེད་ལ་དེར་གནས་པའི་མི་ལ་ང་ཚོས་ཚུལ་ཁྲིམས་སྲུང་མཁན་དང་འདུལ་འཛིན་པ་ཞེས་ཀྱང་འབོད་པ་རེད། བདག་ལ་ལུང་སོགས་མེད་ཀྱང་པ࿄་ཆེན་བདེ་ལེགས་ཉི་མའི་《འདུལ་བའི་ལེགས་བཤད་སྐལ་བཟང་ནོར་བུའི་ཕྲེང་བ》[15]ཞེས་པའི་གསུང་རྩོམ་དང་རྗེ་དགེ་འདུན་གྲུབ་ཀྱི་《འདུལ་བའི་ལྒིང་འབུམ་ཆེན་མོ》[16]ལ་མཇལ་བ་ཡིན། དོན་ངོ་མས་བོད་ཀྱི་འདུལ་བ་ཞེས་པ་ནི་ཡ་རབས་ཚུལ་ལྡན་གྱི་ལམ་ལ་འཇུག་པའི་ཁྲིམས་ལུགས་ཁོ་ན་རེད་ལ་འཛམ་གླིང་གི་མི་སོ་སོས་བོད་ཀྱི་འདུལ་ཁྲིམས་བརྩིས་པ་ཡིན་ན་བཙོན་རྭ་དང་ལྕགས་སྒྲོག་གིས་གཅུན་པའི་ལམ་སྲོལ་ཟེར་བ་ཞིག་གཏན་ནས་མི་མཁོ་བར་སེམས། ང་ཚོ་བོད་ཀྱི་ཁྲིམས་ལུགས་ཀྱི་ངོས་ནས་བཤད་ནའང་སྲོང་བཙན་སྒམ་པོའི་དུས་སུ་དགེ་བ་བཅུའི་ཁྲིམས་ལ་སོགས་ཀུན་སྤྱོད་ཀྱི་ཁྲིམས་གཙང་མ་ཞིག་བཀོད་ཡོད་པ་རེད་ལ་དེ་ལས་གཞན་པའི་དགོན་པའི་བཅའ་ཁྲིམས་དང་དུས་རབས་རིམ་བྱོན་གྱི་ཁྲིམས་ལུགས་མང་པོ་ཡོད་པ་དེ་རེད། དོན་དངོས་སུ་ཁྲིམས་ཞེས་པའང་རིག་གནས་ཤིག་ཡིན་པ་ཚིག་ཐག་བཅད་ནས་བཤད་ཆོག་པ་ཞིག་རེད།
ད་ཡུལ་སྲོལ་གོམས་གཤིས་ཟེར་བ་དེ་རེད། ང་ཚོའི་བོད་ཀྱི་ལྷ་ས་དང་ཨ་མདོ་སོགས་ཡུལ་ལུང་སོ་སོར་ཡུལ་སྲོལ་གོམས་གཤིས་འདྲ་མི་འདྲ་སྣ་ཚོགས་ཤིག་གནའ་བོའི་དུས་ནས་བཟུང་དར་ཡོད་པ་རེད། ད་ལྟའི་དུས་སུ་དམངས་སྲོལ་རིག་པ་ཞེས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་རྣམས་རིག་ཚན་ཞིག་དུ་བགོས་ནས་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད། ཡུལ་སྲོལ་གོམས་གཤིས་ཡོད་ཚད་བླངས་བྱ་ཡིན་པའི་ངེས་པ་མེད་དེ་དུས་རབས་དང་བསྟུན་ནས་དེའི་ནང་ལོགས་ལ་བཅོས་བསྒྱུར་གཏོང་དགོས་པ་ཡོད་རྒྱུ་རེད། ཡུལ་སྲོལ་གོམས་གཤིས་ཀྱི་ནང་དུ་བླངས་བྱ་ཡོད་ལ་དོར་བྱའང་ཡོད། བླངས་བྱ་ནི་ང་ཚོའི་བོད་ཀྱི་ཡུལ་ལུང་སོ་སོའི་དམངས་སྲོལ་གྱི་ནང་དུ་རི་མཐོན་པོའི་རྩེ་ལ་དར་ལྕོག་འཛུགས་པ་དང་ལབ་ཙེ་བརྒྱབ་ནས་དེར་ཡུལ་ལྷ་གཞི་བདག་ཡོད་པར་ངོས་འཛིན་བྱས་ནས་རི་དེའི་སྟེང་ནས་ས་བརྐོ་རྡོ་སློག་དང་རྩྭ་རྩི་ཤིང་མི་འབྲེག་པའི་སྲོལ་བཟང་པོ་ཞིག་ཡོད་པ་རེད། འདི་ནི་དངོས་གནས་ཀུན་སྤྱོད་ཡག་པོའི་བྱ་བ་སྒྲུབ་སྟངས་ཤིག་རེད་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་ཁྲིམས་དང་མཐུན་པའི་དམངས་ཁྲིམས་ཡག་པོ་ཞིག་ཀྱང་རེད། འདི་ལྟ་བུའི་རི་རྒྱ་ཀླུང་རྒྱ་སྡོམ་པའི་དམངས་ཁྲིམས་ཀྱི་འདུ་ཤེས་དེ་ང་ཚོར་སྔ་མོའི་དུས་ནས་ཡོད་པ་ནི་ལོ་རྒྱུས་ཡིག་ཚངས་ཁག་ལས་ཤེས་རྟོགས་བྱེད་ཐུབ་པ་ཞིག་རེད། ཨ་མདོ་རེབ་ཀོང་གི་ངའི་གྲོགས་པོ་ཞིག་གིས་ང་ལ་སྐད་ཆ་བཤད་བྱུང་། ཁོང་གིས་ཨ་མདོ་རེབ་ཀོང་ས་ཆར་ཚོང་རྭ་ཞིག་བརྒྱབ་ཡོད་ཅིང་ཚོང་རྭའི་རྩིག་པའི་ངོས་ཞིག་ལ་མི་མང་གིས་རྟག་པར་གཅིན་སྐྱག་འཕོ་བཞིན་འདུག་ལ་དེར་དྲི་མ་ངན་པ་འཐུལ་ནས་བྱ་ཐབས་བྲལ་བ་ཞིག་རེད། ཁོང་གིས་ཉིན་ཞིག་བསམ་བློ་མང་པོ་བཏང་མཐར་གཅིན་པ་གཏོང་སའི་རྩིག་ངོས་དེར་བོད་ཀྱི་ལྷ་རིས་ཐང་ཀ་ཁ་ཤས་བྲིས་པ་ཡིན་པས་དེ་ནས་བཟུང་དེར་གཅིན་སྐྱག་འཕོ་བའི་རྒྱུན་ཆད་སོང་ཟེར། དེར་ང་ཚོས་ཞིབ་དཔྱད་བཏང་ན་གྲོང་གསེབ་པ་ཕལ་བ་རིག་གནས་རྐང་གཅིག་མེད་མཁན་ཡིན་ཀྱང་ཆོས་ལུགས་དང་འབྲེལ་བའི་དམངས་ཁྲིམས་ལ་རང་བཞིན་གྱིས་མཐོང་ཆེན་དང་བརྩི་སྲུང་བྱེད་པ་ཤེས་ཐུབ་གི་རེད། དེ་མ་གཏོགས་ང་ཚོ་རྒྱུན་པར་ཁྲོམ་སྲང་བརྒྱུད་དུས་རྩིག་པ་སོགས་ཀྱི་སྒང་ལ་ས་འདིར་གཅིན་པ་བཏང་ན་སྒོར་ལྔ་བཅུའི་ཆད་པ་ཡིན་སོགས་མང་པོ་བྲིས་འདུག་ཀྱང་མི་རྣམས་ཀྱིས་དེར་དོ་སྣང་མེད་པར་རང་འདོད་ཀྱིས་གཅིན་སྐྱག་འཕོ་བཞིན་འདུག་ལ་ཆད་པ་ཡོད་ཅེས་ཡི་གེ་དམར་པོ་བྲིས་ཡོད་པའི་ས་ཆ་དེ་ཏན་ཏན་གཅིན་སྐྱག་འཕོ་ས་ཞིག་ཏུ་ངོས་འཛིན་ཀྱང་བྱེད་བཞིན་འདུག(ཉན་མཁན་གྱི་བཞད་སྒྲ)ལྷ་སའི་བར་སྐོར་གྱི་གཅིན་པ་གཏོང་སའི་ས་ཆ་ཁ་ཤས་སུ་དར་ལྕོག་འཐེན་ཡོད་ལ་དེས་ནུས་པ་གལ་ཆེན་པོ་ཐོན་བཞིན་ཡོད། ང་ཚོའི་བོད་ཀྱི་བསམ་བློའི་ནང་ལ་ཡོད་པའི་ཆོས་ལུགས་དང་འབྲེལ་བའི་དམངས་སྲོལ་དེས་ཀྱང་སྐབས་ཁ་ཤས་སུ་རྩ་ཁྲིམས་ལས་བརྒལ་བའི་ནུས་པ་ཐོན་གྱི་འདུག དེ་འདྲའི་ངོས་ནས་བལྟས་ན་ཡུལ་སྲོལ་གོམས་གཤིས་ཟེར་བ་དེའང་གལ་ཆེན་པོ་རེད། དེ་འདྲ་ཡིན་ཙང་ང་ཚོས་གྲོང་གསེབ་པའི་ཡུལ་སྲོལ་གོམས་གཤིས་མཚར་བོ་དེ་ཚོ་ཞེས་དམའ་འབེབས་ཞེ་དྲག་བྱེད་རྒྱུ་ཡོད་པ་མ་རེད། ང་ཚོས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བསམ་བློ་ཞིབ་པ་གཏོང་ཐུབ་པ་ཡིན་ན་དེ་ནི་བོད་མིའི་གཤིས་ཀ་དང་བསམ་བློ་ཡག་པོ་ལ་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། བོད་མིའི་བསང་གིས་ཀྱང་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པ་ཡག་པོ་འབྱུང་གི་རེད། དེ་ནི་རྨོངས་དད་ཀྱི་བྱ་འགུལ་ཞིག་རྩ་བ་ཉིད་ནས་མ་རེད། བསང་གི་རྒྱུ་ནི་མཁན་པ་དང་ཤུག་པ་སོགས་རང་བྱུང་སྨན་སྣ་ཁོ་ནས་གྲུབ་པ་ཞིག་རེད་ལ་དེའི་དུ་བ་ནམ་མཁར་ཕྱིན་ན་མཁའ་དབུགས་མི་གཙང་བར་དུག་སེལ་བྱེད་ཀྱི་ཡོད་པ་རེད། དེར་ང་ཚོ་ཨ་མདོ་ས་ཆར་ཁ་ཕོར་ཐལ་བས་བཀྲུ་བའི་དམངས་སྲོལ་ཞིག་ཡོད་པ་རེད། མི་རིགས་ཁ་ཤས་ཤིག་གིས་སྤྱོད་སྟངས་དེ་ནི་ཆེས་བླུན་པའི་བྱེད་སྟངས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཡིན་ནའང་དེ་ནི་ཆེས་ཚན་རིག་དང་མཐུན་པའི་དམངས་སྲོལ་ཉག་གཅིག་རེད། ནོར་གནག་གི་ལྕི་བ་དང་ལུག་གཡང་དཀར་གྱི་རིལ་མ་མེ་ལ་བསྲེགས་པའི་ཐལ་བ་དེ་ནི་ཆེས་གཙང་ཞིང་དག་ལ་དུག་མེད་པའི་དངོས་པོ་ཤ་སྟག་རེད། སྔོན་མའི་དུས་སུ་གྲོད་པ་ན་བའི་ཚེ་ན་ཐལ་བ་ཟོས་ནས་སྨན་གྱི་ཚབ་བྱེད་བཞིན་ཡོད། མི་ཞིག་ལ་ཨེ་ཙིའི་ནད་རིགས་བྱུང་ནས་ཤི་བ་ཡིན་ནའང་དེའི་ཕུང་བོ་ཞུགས་འབུལ་བྱས་པའི་ཐལ་བ་དེར་ཨེ་ཙིའི་ནད་རིགས་མི་འདུག་པས་ཐལ་བ་ཟེར་བ་དེ་ཡང་སྙིང་དུག་མེད་ཀྱི་རྫས་ཤིག་ཡིན་པ་རྟོགས་ནུས་པ་རེད། ཐལ་བ་དེས་དཀར་ཡོལ་ལམ་ཁ་ཕོར་བཀྲུས་པ་ཡིན་ན་དེའི་སྟེང་གི་འབུ་ཕྲ་རྩ་བ་ནས་ལེན་ཐུབ་ཀྱི་རེད། དེ་ནི་ད་ལྟའི་གྲོང་ཁྱེར་ན་ཟ་ཁང་གི་དཀར་ཡོལ་ལ་སྨན་གྱིས་དུག་སེལ་བྱེད་པའི་ཕན་ནུས་དང་གཅིག་འདྲ་ཆགས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ཙང་སྤྱོད་སྟངས་དེ་ནི་མ་བརྟགས་པར་བླུན་པོའི་སྤྱོད་སྟངས་ཤིག་རེད་ཅེས་ཐག་གཅོད་གནང་རྒྱུ་ཧ་ཅང་ཁག་པོ་རེད། མདོར་བསྡུས་ནས་བཤད་ན་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དེའང་རིག་གནས་ཤིག་ཡིན་པ་དང་དེར་ངོས་འཛིན་ཡག་པོ་ཞིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཕྱི་གླིང་བ་སྐྲ་སེར་པོ་ཅན་མང་པོས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལ་སྔར་ནས་ཞིབ་འཇུག་གཏིང་ཟབ་བྱས་ཡོད་པ་རེད། ཧ་གོ་སོང་ངམ།
དེ་ནས་སྒྲ་ཡངས་འཇུག་གི་རིག་གནས་ནང་གི་ཆོ་ག་ཟེར་བ་དེ་རེད། ཆོ་ག་ཞེས་པ་ནི་ཆོས་ལུགས་ཀྱི་ཁྲོད་དང་དེ་མ་ཡིན་པའི་རིག་གནས་ཀྱི་ཁྱབ་ཁོངས་ཁ་ཤས་སུ་དར་ཁྱབ་ཏུ་སོང་ཡོད་པའི་བྱ་འགུལ་ཞིག་རེད། བོན་པོའི་རིག་གནས་ཁྲོད་དུ་གནའ་བོའི་དུས་ནས་བཟུང་ད་ལྟར་ཐུག་པའི་བར་ལ་ཆོ་གའི་སྐོར་ཕུན་སུམ་ཚོགས་པ་ཡོད་པ་རེད། སྐབས་ཁ་ཤས་སུ་དམངས་ཁྲོད་དུ་ཁྱབ་པའི་ཆོ་ག་ཁ་ཤས་ནི་ཆོས་ལུགས་ལ་འབྲེལ་མེད་པ་ལྟར་སྣང་ཡང་དོན་ལ་དེའི་ཕུགས་སུ་ཆོས་ལུགས་ཀྱི་རྫས་རྒྱུན་ཞིག་ཡོད་པ་བཤད་མི་དགོས་པ་ཞིག་རེད། སངས་རྒྱས་ཆོས་ལུགས་ཀྱིས་ལྟ་གྲུབ་གཙོ་བོར་འཛིན་གྱི་ཡོད། བྱས་ཙང་དེའི་ཁྲོད་དུ་ཆོ་ག་ནི་དེ་འདྲའི་རྒྱུགས་ཆེ་བའི་རིག་གནས་ཤིག་མ་རེད། ཡིན་ནའང་བོན་པོའི་ཆོ་ག་ལ་མིག་ལྟོས་བྱས་ནས་ནང་འདྲེན་བྱས་ཡོད་པ་གསལ་བོར་ཤེས་ཐུབ་པ་ཞིག་རེད། དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》[17]ན་བོད་སིལ་བུའི་དུས་སྐབས་སུ་སྔགས་པ་ཕལ་ཆེར་ཡང་སྒྲུབ་ཐབས་ཆད་པ་དང་སྒོམ་པ་ཡང་མེད་པར་བོན་པོའི་ཆོ་ག་ལ་མིག་ལྟོས་བྱས་ཏེ་སྒྲུབ་ལ་གཞུང་ངག་འདོན་དུ་གྱེར་ནས་གྲོང་ཆོག་འགྲིམ་ཞེས་བོན་པོའི་ཆོ་གར་མིག་ལྟོས་བྱས་པའི་གནས་ཚུལ་གསུངས་ཡོད། དེ་ནི་བདེན་ཤས་ཆེ་སྟེ་བན་བོན་གྱི་འདོན་ཆོག་མང་པོ་ཞིག་ལ་གཅིག་དཔེ་གཅིག་གིས་བཤུས་པའི་སྣང་ཚུལ་དུས་རྒྱུན་དུ་ཐོན་བཞིན་ཡོད། ངས་ཉར་ཚགས་བྱས་པའི་དམངས་ཁྲོད་ཀྱི་ཆོ་གའི་དཔེ་རྙིང་ལ་སྣ་ཁ་བརྒྱ་དང་བདུན་ཅུ་ལྷག་ཡོད་ལ་དེའི་ནང་གི་བརྗོད་བྱ་ནི་འདྲ་མི་འདྲ་སྣ་ཚོགས་ཤིག་ཡིན་ཞིང་དེ་ནི་གནའ་བོའི་བོད་མིའི་ཐུན་མོང་མ་ཡིན་པའི་བསམ་བློ་དང་ཤེས་རིག་ལ་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། ང་ཚོའི་གནའ་བོའི་ཆོ་གའི་སྐོར་ལ་རྒྱུས་ལོན་མ་བྱས་ན་གནའ་བོའི་ལོ་རྒྱུས་ལ་རྒྱུས་ལོན་ཟབ་མོ་ཞིག་གནང་རྒྱུ་ནི་ཧ་ཅང་ཁག་པོ་རེད། དཔེར་ན་གཉའ་ཁྲི་བཙན་པོར་ཐེའུ་རངས་སྐྱས་འདེབས་བྱས་པའི་ཆོ་ག་དང་དྲི་གུམ་བཙན་པོ་གྲོངས་དུས་ཀྱི་ཆོ་ག་དེ་རིགས་ལ་འགྲེལ་བཤད་ཞིབ་རྒྱས་ཤིག་རྒྱག་དཀའ་བ་རེད། བྱས་ཙང་ང་ཚོས་བོད་མིའི་ཆོ་གའི་སྐོར་ལ་རྒྱུས་ལོན་གཏིང་ཐག་ཆོད་པ་དང་ཞིབ་འཇུག་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་གི་འདུག དཔེ་བཞག་ནས་བཤད་ན་བོན་གྱི་ཆོ་གའི་དཔེ་རྙིང《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》[18]ཅེས་པ་ང་ཚོའི་རིག་གནས་ཀྱི་ཁྱབ་ཁོངས་མང་པོར་ས་འདྲེས་རྡོ་འདྲེས་སུ་སོང་བའི་ཕྱའི་སྐོར་ལ་ཞིབ་འཇུག་བྱེད་པའི་ཡིག་ཚངས་གལ་ཆེན་ཞིག་རེད། དེའི་ནང་ལ་ཕྱའི་མཚན་ཉིད་སོགས་བཤད་ཡོད་པ་རེད། 《དབུ་ནག་མིའུ་འདྲ་ཆགས》[19]ཞེས་པ་ནི་བོད་མིའི་མཆེད་ཁུངས་དང་རིགས་རུས་ལ་དཔྱད་པ་གཏོང་བར་མཁོ་བའི་ཡིག་རྙིང་ཉག་གཅིག་རེད། དེའི་ནང་ལ་སྲིད་པ་སྐོས་དྲུག་དང་རུས་སྣ་ཚོགས་ཀྱི་འབྱུང་ཁུངས་ཞིབ་རྒྱས་སུ་བཀོད་ཡོད་པ་རེད། 《སྲིད་པ་སྤྱི་མདོས》[20]ནི་བོན་གྱི་སྟོན་པ་གཤེན་རབ་མི་བོས་དམར་མཆོད་བཅད་ནས་དེའི་ཚབ་ཏུ་འབྲུ་རིགས་ཀྱིས་མཆོད་པ་བྱེད་པའི་སྲོལ་གནང་བ་བརྗོད་བྱ་གཙོ་བོ་ཡིན་པའི་ཆོ་གའི་དཔེ་རྙིང་ཞིག་རེད། དེ་ནི་བོད་རིག་པའི་ཁྱབ་ཁོངས་སུ་གོ་གནས་དང་རིན་ཐང་ཆེན་པོ་ལྡན་པའི་ཡིག་ཚངས་ཤིག་རེད། ང་ཚོས་བོན་པོའི་ཆོ་ག་ཞེས་དམའ་འབེབས་གཏོང་རྒྱུ་མེད་པར་དེའི་སྐོར་ལ་ཞིབ་འཇུག་གནང་དགོས་གི་རེད། ད་ལྟ་རྒྱལ་སྤྱིའི་སྟེང་ན་བོན་གྱི་ཆོ་གའི་སྐོར་ལ་ཞིབ་འཇུག་གཏོང་མཁན་ཞེ་དྲག་མང་པོ་ཡོད་པ་རེད། ང་ཚོ་ད་དུང་གྲུབ་མཐའི་ཕྱོགས་རིས་ཀྱི་ཀློང་ནས་མགོ་བོ་འཁོར་ནས་བསྡད་ན་ཧ་ཅང་བློ་ཕམ་མ་རེད་དམ། ང་ཚོས་ཆོ་ག་ཟེར་བ་དེ་ནི་གྲྭ་བ་འགའ་ཤས་དང་སྔགས་རྒན་འགའ་ཤས་ཀྱིས་ངག་འདོན་བྱས་ནས་གཏོར་མ་བཤམས་རྒྱུ་ཙམ་ལ་ངོས་བཟུང་ན་ཤིན་ཏུ་ནོར་འཁྲུལ་ཞིག་རེད། ཆོ་གའི་དཔེ་ཆའི་ནང་གི་བརྗོད་བྱ་དེ་ཚོ་ལ་བསམ་གཞིགས་དང་དབྱེ་ཞིབ་བྱེད་ཐུབ་ན་ཧ་ཅང་ཡག་པོ་རེད། དེ་ཚོའི་ནང་ལ་སྐབས་ཁ་ཤས་སུ་འདྲ་མི་འདྲའི་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་མཆེད་ཀྱི་ཡོད་པ་རེད། ད་ནས་བཟུང་དེའི་སྐོར་ལ་ཐུགས་གཟབ་དང་མདོ་དོན་ཆོ་ག་ཟེར་བ་དེའང་གནའ་བོའི་དུས་ནས་བཟུང་བོད་མི་རིགས་ཀྱི་རིག་གནས་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་སྣང་ཚུལ་དེར་དཔྱད་འཇོག་ཡོད་པར་ངས་ཁྱེད་ཚོར་འབོད་སྐུལ་བྱེད་རྒྱུ་ཡིན།
ད་ནི་བོད་ཀྱི་རིག་གནས་ལས་སྒྲ་ཡངས་འཇུག་གི་རིག་གནས་ལ་ངོས་འཛིན་བྱེད་སྟངས་ཉུང་བསྡུས་ཤིག་དེ་འདྲ་རེད། དེ་ནི་དུས་རབས་འདྲ་མི་འདྲའི་ནང་བྱུང་བའི་རིག་གནས་ཀྱི་རྣམ་གྲངས་ཁག་ཉིང་བསྡུས་སྒོས་བྱུང་བ་ཞིག་རེད་མ་གཏོགས་རྒྱལ་རབས་ག་གེ་མོའི་རིང་ལ་གློ་བུར་དུ་བྱུང་བ་ཞིག་གཏན་ནས་མ་རེད། དེ་འདྲ་ཡིན་ཙང་ང་ཚོས་ཀྱང་ལོ་ལྔ་སྟོང་ལྷག་གི་གོང་རོལ་ནས་བཟུང་ཡང་མེས་རྣམས་ཀྱི་བློ་གྲོས་རྩལ་ལས་བྱུང་བའི་རིག་གནས་སྣ་ཚོགས་ཤིག་ཡོད་པར་ངོས་འཛིན་དང་དེའི་ཐད་ལ་ཡང་བསྐྱར་དབྱེ་ཞིབ་དང་བསམ་གཞིགས་བྱས་ཆོག་པ་ཞིག་རེད།
སྒྲ་དོག་འཇུག་གི་རིག་གནས་ཟེར་བ་དེ་གཙོ་བོ་རིག་གཞུང་ལ་གོ་དགོས་པ་རེད། སྒྲ་ཚད་བཟོ་གསོ་སོགས་རིག་གནས་ཆེ་ཆུང་བཅུ་བོ་དེར་ངོས་འཛིན་བྱེད་དགོས་རྒྱུ་རེད། དེ་དག་ནི་བོད་མིའི་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཁོ་ན་རེད། ད་དེའི་སྐོར་ལ་དོགས་པ་འདྲ་མི་འདྲ་དང་མཐའ་དཔྱོད་སོགས་བྱེད་རྒྱུ་ཡོད་མོད་དེ་རིང་དུས་ཚོད་ཀྱི་དབང་གིས་ཞིབ་པ་ཞིག་གཞི་ནས་ལྒིང་ཐུབ་གི་མ་རེད། དེའི་སྐོར་ཉུང་བསྡུས་རེ་བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱི་《བོད་ཀྱི་རིག་གནས་ལྔའི་རྣམ་གཞག》[21]དང་སྟག་ཚང་ལོ་ཙཱ་བའི《རིག་གནས་ཀུན་ཤེས》[22]སོགས་ལ་གཟིགས་རྟོགས་གནང་ན་རྒྱུས་ལོན་བྱེད་ཐུབ་གི་རེད། ད་ལྟའི་ཆར་བོད་ཀྱི་རིག་གནས་ལྔའི་རྣམ་གཞག་ཐོག་མར་ཕྱེས་མཁན་དེ་ས་སྐྱ་པ࿄་ཊི་ཏ་ཀུན་རྒྱལ་མཚན་ཡིན་ཞེས་ཀུན་གྱི་ཁ་ན་རླུང་ལྟར་གྲགས་ཀྱི་ཡོད་པས་མ་ཚད་འདར་སྟོན་དགྲ་འདུལ་དབང་པོའི་《ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན》[23]ཞེས་པར་བོད་ཀྱི་ཐ་སྙད་རིག་གནས་ལྔའི་འབྱུང་ཁུངས་ཀྱང་རྒྱ་གར་ལ་བཅོལ་ནས་ཞུ་སྲོལ་བྱུང་ཡོད། ཡིན་ནའང་དེར་དཔྱད་པ་འདི་ཙམ་ལུས་ཡོད་དེ་ས་པཎ་ཡར་སྔོན་ལ་རིག་གནས་ལྔའི་རྣམ་གཞག་ཅིག་ཡོད་པ་འདྲ་སྟེ་《རྒྱལ་རབས་གསལ་བའི་མེ་ལོང》[24]ན་དེར་རྒྱལ་བུ་ནར་ལོན་དུས་བཟོ་དང་། རྩིས་དང་། སྒྱུ་རྩལ་དང་། རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་བས་ཞེས་སྲོང་བཙན་སྒམ་པོའི་དུས་ནས་བཟུང་རིག་པའི་གནས་ལྔ་ཞེས་པའི་རྣམ་གཞག་ཅིག་ཡོད་པར་འདོད་པས་དཔྱད་རྒྱུར་སྣང་ལ་བདག་གིས་ས་པ࿄་གྱི་ཡར་སྔོན་ལའང་རིག་པའི་གནས་ལྔའི་རྣམ་གཞག་ཅིག་ཡོད་ཀྱང་གྲངས་འདྲེན་པ་ཙམ་ལས་ཧ་ཅང་ཞིབ་རྒྱས་མིན་སྟབས་ཁོང་ཉིད་ནས་དེའི་རྣམ་གཞག་ཆ་ཇེ་ཚང་དང་ཧ་ཅང་རྒྱས་པར་བྱས་སྟབས་ཕྱིས་ཀྱི་བསྟན་བཅོས་དག་ལས་ཆོས་རྗེ་ས་པཎ་ནས་བཟུང་ལྔ་རིག་གི་རྣམ་གཞག་སྲོལ་ཕྱེ་བ་ལྟ་བུའི་རྩིང་གཏམ་ཐོན་པར་སྣང་ཞིང་དེའི་ཚུལ་ལ་མི་འཐད་པའི་ལྟ་བ་བཀོད་ཡོད་པའང་《བཀའ་བརྒྱུད་ཀྱི་མཁས་པ་བསོད་ནམས་རྒྱལ་མཚན་ཚང་གི་དྲིས་ལན་བཻཊཱུརྱཱའི་ཕྲེང་བ》[25]ན་ཁྱེད་རང་གི་པཎ་ཊི་ཏ་ཞེས་པའང་སྔོན་ཆད་བོད་དུ་བྱོན་པའི་ཉིད་ལས་ཆེས་ཆེར་ལྷག་པའི་བཻ་རོ་ཙ་ན། ཀ་ཅོག རྔོག་ལོ་སོགས་ལ་དེ་ལྟར་མ་གྲགས་པར་ཁྱེད་ཉིད་གྲགས་པ་བཞེད་པས་དེ་ལྟར་མ་གྲགས་བཞིན་དུ་རང་གིས་ནན་ཏན་དུ་བཏགས་ནས་ཅི་མཛད་ཅེས་མང་དུ་བཀོད་ཡོད་པ་སོགས་ཀྱང་ཆགས་སྡང་གི་བློའི་གཡོ་བ་སྔོན་ལ་མ་གཡོས་པར་དཔྱད་པའི་གནས་སུ་རིགས་ལ་བསྟན་པ་དང་རིག་གནས་སྤྱིའི་འཕེལ་རིམ་ལ་གཞིགས་ན་ཆོས་རྗེ་ས་པ࿄་ཡར་སྔོན་གྱི་དུས་རིམ་ནང་དུ་པ࿄་གྲུབ་ཕལ་ཆེ་བས་སྔོན་གྱི་བསྟན་བཅོས་ལ་སློབ་སྦྱོང་དང་སྒྲུབ་པ་ཉམས་ལེན་གཙོ་ཆེར་བྱེད་པ་ལས་གསུང་རྩོམ་མཛད་པའི་ལམ་སྲོལ་དེ་འདྲ་རྒྱུགས་ཆེ་བ་ཞིག་མིན་པར་འདོད་ལ་ཆོས་རྗེ་ས་པ࿄་གྱིས་བོད་རང་གི་རིག་གནས་ཆ་ཚང་ཇེ་ཚང་དུ་གཏོང་དགོས་པར་གཟིགས་ནས་རིགས་པའི་རྣམ་དཔྱོད་ལ་བརྟེན་པའི་རིག་གནས་ཆེ་ཆུང་ཀུན་འདུས་ཀྱི་གསུང་རྩོམ་མང་པོ་མཛད་སྟབས་སྐབས་དེར་སྙན་པའི་གྲགས་པ་ཀུན་ལ་གཡོས་པས་ལྔ་རིག་པ࿄་ཆེན་གྱི་ཐོག་མ་སོགས་དམིགས་བསལ་གྱི་མཚན་གནས་དེ་འདྲ་ཞིག་གནང་བ་རེད་སྙམ་པས་འདིའི་ཐད་དུ་རྣམ་པ་ཚོར་ཡང་དཔྱད་པ་ཡོད་པར་རེ་ཞུ།
ད་ནི་བོད་ཀྱི་མི་རིགས་དང་མི་རིགས་དེར་ལྡན་པའི་ཤེས་རིག་གི་ སྐོར་ནས་ཅུང་ཙམ་ལྒིང་ཟིན་ལ་ང་ཚོས་ད་ལྟའི་དུས་མཚམས་ནས་བཟུང་བོད་མི་རིགས་ནི་ཤེས་རིག་གིས་ཕོངས་པའི་མི་རིགས་ཤིག་ཡིན་པའི་སྐོར་གྱི་དོགས་པ་དེ་སེལ་བར་འོས་ལ་སྲོང་བཙན་ཡན་ཆོད་དུ་བོད་ཡུལ་མུན་པའི་གླིང་ཞེས་བརྗོད་པའི་སྤྱི་བརྟོལ་གྱི་སྡོམ་ཚིག་དེའང་དོར་བར་འོས། བོད་མི་རིགས་ནི་གནའ་བོའི་དུས་ནས་བཟུང་ངོ་བོ་ཤེས་རིག་གིས་གྲུབ་པའི་མི་རིགས་ལོ་རྒྱུས་ལྡན་པ་ཞིག་ལ་ངོས་འཛིན་དང་དེའི་ཆར་དཔྱད་པ་གནང་རྒྱུ་ནི་ང་ཚོར་དུས་རབས་ཀྱིས་སྤྲད་པའི་འོས་འགན་དུ་མཐོང་དགོས་གི་རེད།