ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> རྒྱལ་རབས་ལོ་རྒྱུས། >> ༢༽བོད་ཀྱི་ལོ་རྒྱུས་གསར་དུ་བརྗེ་བའི་གཞུང་དངོས་བཞུགས་སོ།།
༢༽བོད་ཀྱི་ལོ་རྒྱུས་གསར་དུ་བརྗེ་བའི་གཞུང་དངོས་བཞུགས་སོ།།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བན་ཤུལ་དཔལ་མཁར་རྒྱལ།] [ཟླ་ཚེས། 12-04-18] [ཀློག་གྲངས། ]

 རྒྱལ་པོ་ཐོག་མ་ཉག་ཁྲི་བཙན་པོའི་སྐོར།

   བོད་མི་རིགས་ནི་ཆེས་ཐོག་མར་ཉག་ཁྲི་བཙན་པོའི་དུས་དེ་ནས་གྲུབ་པར་འདོད་དེ་དེའི་ཡན་ཆད་དུ་རུས་རྒྱུད་ཚོ་བའི་ལམ་ལུགས་ལྟར་ཡུལ་གྲུ་ཁག་ན་སིལ་བུར་གནས་ཡོད། ཉག་ཁྲི་བཙན་པོའི་དུས་ནས་བཟུང་སྟེ་བཙན་པོའི་སྲིད་དབང་ཐོག་མར་དབུ་བརྙེས་སོང་བ་རེད་ལ་བོད་མིའི་གཅིག་གྱུར་གྱི་བསམ་བློའང་སྐབས་དེ་དུས་ནས་བཟུང་དབུ་ཚུགས་སོང་བ་རེད། དེའི་ཡན་ཆོད་དུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་སོགས་བོད་ཀྱི་རུས་རྒྱུད་ཚོ་བ་མང་བོར་གཅིག་གྱུར་གྱི་དབུ་ཁྲིད་མེད་ཅིང་ཁྲིམས་ཀྱང་མེད་པས་གཅིག་ཟེར་གཅིག་གིས་མ་ཉན་ནས་འཐབ་རྩོད་དང་དཀའ་རྙོག་ཞེ་དྲག་མང་པོ་བཟོས་ཡོད་ས་རེད། སྐབས་དེ་འདྲའི་ཁོར་ཡུག་གི་ཁྲོད་དུ་མི་ཀུན་གྱི་ཡིད་ལ་ཐུན་མོང་གིས་འདོད་པ་ནི་འཁྲུག་རྩོད་ཞི་འཇགས་སུ་སོང་ནས་འཚོ་བ་བདེ་འཇགས་ཡོང་བ་དང་དབུ་ཁྲིད་བཙན་པོ་ཞིག་དགོས་པའི་འདོད་པ་དེ་རེད། དེ་ནས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་མི་དམངས་རྣམས་ལས་འཐུས་ཚབ་ཐུབ་པའི་མི་བཅུ་གཉིས་བདམས་ནས་གཅིག་གྱུར་གྱི་རྒྱལ་པོ་འདེམས་པའི་ཚུལ་ལ་གྲོས་མོལ་བྱས་ཡོད་པ་རེད། དེའི་སྐབས་ཀྱི་མི་བཅུ་གཉིས་ནི་བོན་ཤེས་པ་ཅན་བཅུ་གཉིས་ཡིན་ལ་འདིར་བོན་གྱི་《བྱམས་མ》[26]ཡི་ལུགས་དང་སངས་རྒྱས་ཆོས་ལུགས་པའི་ཆོས་འབྱུང་ཁ་ཤས་ལས་གྲངས་འདྲེན་བྱེད་སྟངས་མི་གཅིག་ནའང་དེ་དག་ནི་གང་ལྟར་ཕྱུགས་རྫི་ཁ་ཤས་མ་ཡིན་པར་ཡོན་ཏན་ལྡན་པའི་མི་བཅུ་གཉིས་ཡིན་པ་ནི་ཚིག་ཐག་བཅད་ནས་བཤད་ཆོག་པ་ཞིག་རེད། སྐབས་དེའི་བོད་རིགས་མི་དམངས་ཀྱི་བསམ་བློ་དང་འཐབ་ཕྱོགས་གཅིག་གྱུར་ཡོང་བའི་ཕྱིར་དུ་བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་འདུན་མ་བསྡུས་ནས་གྲོས་བསྡུར་བྱས་པ་དང་དམ་བཅའ་མི་ནུབ་པའི་ཕྱིར་དུ་ལྷ་གསོལ་ནས་ཆོ་ག་སྒྲུབ་སྟེ་ཉག་ཁྲི་བཙན་པོ་བོད་ཀྱི་གཅིག་གྱུར་གྱི་རྒྱལ་པོར་བརྐོས་པ་རེད། དུས་དེ་ནས་བཟུང་དེ་བསམ་བློ་གཅིག་གྱུར་ལྡན་པའི་བོད་མི་རིགས་ཀྱི་རྩ་བ་གཞི་ནས་ཚུགས་སོང་བ་དང་གཅིག་གྱུར་གྱི་སྲིད་དབང་ཡང་དེ་ནས་དབུ་ཚུགས་སོང་བ་རེད། ཕྱིས་ཀྱི་ལོ་རྒྱུས་ཡིག་ཚངས་མང་བོར་གྲུབ་མཐའི་ཕྱོགས་ཞེན་སོགས་རྐྱེན་དུ་མའི་དབང་གིས་ཉག་ཁྲི་བཙན་པོའི་འབྱུང་ཁུངས་སྐོར་ལ་བཟོ་བཅོས་རབ་དང་རིམ་པ་མང་པོ་ཞིག་བརྒྱབ་སོང་བ་རེད། ལ་ལས་རྒྱ་གར་གྱི་རྒྱལ་པོ་དམག་བརྒྱ་བའི་སྲས་ཡིན་པ་དང་ལ་ལས་རྒྱ་གར་གྱི་ཆུ་བོ་གང་གཱར་བསྐྱུར་ནས་ཐོན་པ་སོགས་ཡང་སྙིང་གང་ཡིན་སྐོར་ཆ་འཇོག་བྱེད་མི་ཤེས་པའི་བཤད་སྟངས་བརྒྱད་ལྷག་ཙམ་བྱུང་ཡོད་པ་རེད། དེ་དག་ནི་ང་ཚོས་སྙིགས་དོར་བཅུད་ལེན་སྒོས་དཔྱད་ཞིབ་གནང་རྒྱུ་ཞིག་རེད་མ་གཏོགས་མིག་བཙུམ་ནས་ཡིད་ཆེས་བྱེད་རྒྱུ་ཞིག་མ་རེད། ངའི་ལྟ་ཚུལ་ལ་དེ་དག་ནི་ནམ་ཡང་རྫུན་སྒྲུང་ཤ་སྟག་རེད་བསམ་སོང་། རྒྱུ་མཚན་ནི་དཔེ་གཅིག་གིས་གསལ་བཤད་བྱས་ན་ཉག་ཁྲི་བཙན་པོ་རྒྱ་གར་གྱི་ཆུ་བོ་གང་གཱར་བསྐུར་ནས་བོད་དུ་ཐོན་པར་བཤད་པ་དེ་རེད། ང་ཚོས་བསམ་གཞིགས་ཞིབ་མོར་བྱས་ན་ཆུ་ནི་མཐོ་ས་ནས་དམའ་སར་འབབ་པ་ཞིག་རེད་མ་གཏོགས་དམའ་ས་ནས་ཕྱིར་མཐོ་སར་འབབ་པའི་ཆོས་ཉིད་ཁྱོན་ནས་མེད་པ་ཞིག་རེད། ཡིན་ཙང་ང་ཚོ་བོད་ཀྱི་ས་མཐོ་ས་ནས་ཆུ་མར་རྒྱ་གར་ལུང་པའི་གཞུང་ལ་འབབ་ཀྱི་རེད་མ་གཏོགས་རྒྱ་གར་ནས་བོད་ལ་འབབ་པའི་ཆུ་བོ་རྐང་གཅིག་མེད་པས་ཉག་ཁྲི་བཙན་པོ་རྒྱ་གར་གྱི་ཆུ་བོ་གང་གཱས་ཁུར་ཡོང་ཟེར་བ་ནི་རྫུན་གཏམ་མ་རེད་དམ།(ཉན་མཁན་གྱི་བཞད་སྒྲ)དེ་ནི་ལོ་རྒྱུས་མཁས་པ་ས་རྒྱུས་ལ་མ་བྱང་བའི་རྟགས་ཤིག་རེད། དེ་འདྲ་ཡིན་ཙང་ང་ཚོས་ཉག་ཁྲི་བཙན་པོའི་སྐོར་ལ་ཡང་བསྐྱར་དབྱེ་ཞིབ་བྱས་ནས་ལོ་རྒྱུས་ཀྱི་བཤད་སྟངས་རྙིང་བ་དེ་ཚོར་དག་སེལ་དང་གསར་བརྗེ་བྱེད་དགོས་གི་རེད། དཔྱོད་ལྡན་ལྡོང་ཕྲུག་གིས་《གཉའ་ཁྲི་བཙན་པོ་ནི་གོ་ལ་གཞན་པའི་མི་ཞིག་རེད》[27]ཟེར་བའི་ལྟ་ཚུལ་ནི་ད་ལྟའི་དུས་མཚམས་སུ་བོད་ཀྱི་སེར་མོ་བས་བོད་ཀྱི་ལོ་རྒྱུས་ཀྱི་ལྟ་སྟངས་ལ་འཛིན་པའི་འཐུས་ཚབ་ཅན་གྱི་རྣམ་འགྱུར་གསར་བ་ཞིག་ཡིན་པ་དང་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གིས་ཉག་ཁྲི་བཙན་པོ་སྤོ་བོའི་ཡུལ་གྱི་རེད་གསུངས་གི་ཡོད་པ་རེད། ཁོང་གི་དཔྱད་རྩོམ་ནི་《གཉའ་ཁྲི་བཙན་པོ་བོད་རང་གི་མི་ཞིག་ཡིན》[28]ཞེས་པ་དེ་རེད། དེ་ནི་རྩ་བའི་ཆ་ནས་བལྟས་ན་ཉག་ཁྲི་བཙན་པོའི་སྐོར་གྱི་ངོས་འཛིན་བྱེད་སྟངས་ཡག་པོ་ཞིག་རེད། ཡིན་ནའང་རྒྱལ་སྤྱིའི་བོན་པོའི་རིག་གནས་ཀྱི་མཁས་པ་གྲགས་ཆེན་མཁར་རྨེའུ་བསམ་གཏན་མཆོག་གིས་ལྟ་ཚུལ་དེར་མོས་མཐུན་གནང་གི་མེད་པ་འདྲ་བས་དཔྱད་པར་རིགས་ལ་གང་ལྟར་ང་རང་གིས་ཡུལ་སའི་རིག་གནས་དང་དེའི་ལྟ་བའི་ཆ་ནས་བལྟས་ན་ཆབ་སྤེལ་ལགས་ཀྱི་ལྟ་ཚུལ་དེ་ཡག་པོ་ཞིག་རེད་བསམ་སོང་། ཡིན་ཡང་ཁོང་གིས་ཡིན་རབས་ཀྱི་སྒྲུབ་བྱེད་མང་པོ་ཞིག་དྲངས་མི་འདུག་པས་ང་ཚོས་ཆབ་སྤེལ་ལགས་ཀྱི་ལྟ་ཚུལ་དེར་ཡང་བསྐྱར་དབྱེ་ཞིབ་བྱས་ནས་དེའི་སྐོར་ལ་དཔྱད་པ་མང་པོ་རྒྱག་དགོས་གི་རེད། དོན་ལ་བོད་རྗེ་ཉག་ཁྲི་བཙན་པོ་ཡར་ཀླུང་ཕྭ་ཡུལ་སྣང་ལྡན་དང་སྤུ་བོ་དམུ་ཡུལ་ངམ་འབྲང་ལྕང་འབྲང་གཉིས་ཀྱི་ས་ཆ་གང་ནས་ཡིན་མིན་གསལ་བོར་ཤེས་ཐུབ་མེད་པ་རེད། དེར་བརྟེན་མཁས་པ་ཆེན་པོའི་གསུང་ཡིན་པས་ཡིན་ཤག་ཤག་གིས་བཞག་ན་འགྲིག་གི་མ་རེད། 《ལྡེའུ་ཆོས་འབྱུང》[29]ལས་བྱུང་བའི་སྤུ་བོའི་ཡུལ་དང་ད་ལྟའི་སྤོ་བོའི་ཡུལ་དོན་གཅིག་ཡིན་མིན་དང་བཙན་པོ་ནོ་མོ་ཧན་སྐུ་ཕྲེང་བཞི་བའི་《འཛམ་གླིང་རྒྱས་བཤད》[30]བྱ་བར་ཀོང་པོའི་ཡུལ་ནས་ཤར་ཕྱོགས་སུ་ལ་ཆེན་པོ་ཞིག་བརྒྱབ་སྟེ་སོང་བ་ན་ཁམས་སྟོད་ལྷོ་རྒྱུད་ཀྱི་ཆར་གཏོགས་སྤོ་བོའི་ཡུལ་ཟེར་བ་ཡོད་ཅེས་འབྱུང་བའི་དོན་ལ་དཔྱད་ན་སྤོ་བོ་ནི་སྔོན་ཆད་ཁམས་པའི་ས་ཆའི་ཁོངས་སུ་གཏོགས་ཤིང་ཁམས་པའི་མིའི་དཔའ་རྩལ་དང་གཉའ་ཁྲི་བཙན་པོའང་གཤིས་ཀ་གཏུམ་ཞིང་དཔའ་རྩལ་ལྡན་པ་སོགས་ཀྱི་ཁྱད་ཆོས་རྣམས་གུང་བསྒྲིགས་ནས་དཔྱད་བསྡུར་བྱེད་དགོས་པའི་གནད་དོན་མང་པོ་ཞིག་ད་དུང་ལོ་རྒྱུས་ཞིབ་འཇུག་གི་ཁྲོད་ན་སྦས་པའི་ཚུལ་དུ་ལྷག་ཡོད། དོན་དངོས་སུ་བཤད་ན་ཉག་ཁྲི་བཙན་པོ་བོད་རང་སའི་མི་ཞིག་ཡིན་པར་ཐེ་ཚོམ་མེད་ཀྱང་གང་ཡིན་འདི་ཡིན་སྐོར་ལ་ཚིག་ཐག་བཅད་ནས་བཤད་རྒྱུ་ཡོད་པ་མ་རེད། ཉིན་ཁ་ཤས་ཀྱི་སྔོན་ལ་དངོས་གཞིའི་སློབ་ཕྲུག་ཅིག་གིས་ང་ལ་གཉའ་ཁྲི་བཙན་པོ་ནི་མིག་བྱ་ལྟར་ཡས་འགེབས་པ། སོ་དུང་སོ་འཁོར་མོར་ཡོད་པ། རྐང་ལག་དྲ་བས་འབྲེལ་བ་ཞིག་ཡིན་པས་ཁོ་རང་དངོས་ནས་བོད་མི་ཞིག་ཡིན་ནམ་ཞེས་དོགས་འདྲི་བྱས་བྱུང་། (ཉན་མཁན་གྱི་བཞད་སྒྲ)དངོས་ནས་དེའང་བསམ་བློ་གཏོང་ཡུལ་ཉག་ཅིག་རེད། ད་ལྟའི་ཆར་དེའི་ཐད་ལ་དཔྱད་པ་འདྲ་རྒྱག་མཁན་གཅིག་ཀྱང་ཐོན་མ་སོང་། བོད་རྒྱལ་ཉག་ཁྲིའི་སྣང་བརྙན་དེའི་ཁྱད་ཆོས་ཁ་ཤས་ཤིག་བོན་གྱི་སྟོན་པ་གཤེན་རབས་མི་བོའི་མཚན་དཔེ་ཡི་ནང་དུ་གསལ་ནའང་དེས་ཤུགས་རྐྱེན་ཐེབས་སོང་ཞེས་བཤད་མ་ཤེས་ལ་ང་རང་གིས་དེ་ནི་བྱ་རྒྱལ་ཁྱུང་ཆེན་གྱི་སྣང་བརྙན་དེས་ཤུགས་རྐྱེན་ཐེབས་སོང་བར་དཔྱད་བཞིན་ཡོད། རྒྱུ་མཚན་ནི་སྐབས་དེ་དུས་བྱ་རྒྱལ་ཁྱུང་ཆེན་ལ་དད་མོས་དང་དེའི་གཟུགས་བརྙན་ཁ་ཤས་ཆོས་ལུགས་ཀྱི་མཚོན་བྱེད་དང་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་འདྲེས་ནས་ཁས་ལེན་དང་ཡིད་ཆེས་ཀྱི་གཞི་རུ་གྱུར་ཡོད་པ་རེད། ཡང་ན་བྱ་ཁྱུང་ནི་སྐབས་དེ་དུས་ཙམ་ལ་བླ་རྟགས་(图腾)ཀྱི་དད་མོས་ཞིག་ལ་ངོས་འཛིན་ཞིང་སུའུ་ལེན་རྒྱལ་ཁབ་ཀྱི་ཧེ་ཐུང་གིས་བྲིས་པའི་《བླ་རྟགས་དད་མོས》[31]ཞེས་པའི་དེབ་དེར་བླ་རྟགས་ཀྱི་གོ་དོན་བཤད་དུས་སྤྱི་ཚོགས་བཀོད་སྒྲིག་གི་ལམ་ལུགས་ཤིག་དང་ཆོས་ལུགས་ཀྱི་རྣམ་པ་ཞིག་ཡིན་པར་བཤད་ཡོད་ལ་འཛམ་གླིང་གི་མིའི་རིག་པ་བ་སྐད་གྲགས་ཅན་ཧྥེ་རེ་ཙུག་གི་《གསེར་གྱི་ཡལ་འདབ》[32]ལས་ཀྱང་དེ་དང་མཐུན་པར་གསུངས་ཡོད། དེ་འདྲ་ཡིན་ཙང་ཉག་ཁྲི་བཙན་པོའི་སྣང་བརྙན་དེའང་མི་རྣམས་ཀྱིས་སྤྱི་ཚོགས་དང་ཆོས་ལུགས་དད་མོས་ཀྱི་ཆ་ནས་ཁས་ལེན་ཐོབ་པའི་ཆེད་དུ་བྱ་ཁྱུང་ཆེན་གྱི་གཟུགས་བརྙན་དེ་འདྲ་ཞིག་ལ་འབྲི་ བཞེངས་བྱས་སོང་པ་རེད། དེ་ལྟ་བུའི་རྒྱུན་སྲོལ་ནི་བོད་ལ་སྔ་མོའི་དུས་ནས་ཡོད་པ་བོན་གྱི་དཔེ་རྙིང་ལྟ་བའི་ཕྱོགས་སོའི་ཁྲོད་ཀྱི་ཁྱུང་གི་རུ་སྐོལ་སྐོལ་མདོའི་ལེའུ[33]ཞེས་པའི་བརྗོད་དོན་གྱིས་གསལ་བཤད་ཞུ་ནུས་པ་ཞིག་རེད།ཉིན་ཁ་ཤས་སྔོན་ལ་ང་རང་འབྲས་སྤུངས་དགོན་གཤམ་གྱི་གནས་ཆུང་ལྷ་ཁང་ལ་མཇལ་བར་ཕྱིན་པ་ཡིན། དེའི་ལྷ་ཁང་ཅིག་གི་ནང་ལའང་དབུ་ཁྱུང་གི་རྣམ་པ་ཅན་གྱི་སྲུང་མ་ཞིག་འདུག་ལ་དེ་ལྟ་བུའི་སྣང་བརྙན་བཀོད་འབྲི་ནི་ཆོས་སྐྱོང་སྲུང་མའི་ཕྱག་བརྙན་དང་དེ་དང་མཐུན་པར་བཞེངས་པའི་མཐོ་རིམ་རྒྱལ་བློན་གྱི་ཆེ་བ་འདོན་པའི་སྣང་བརྙན་ཁྲོད་ན་འབྱུང་གི་ཡོད་པ་ཧ་ཅང་གསལ་བོར་ཤེས་ཐུབ་པ་རེད། འོན་ཀྱང་ཉག་ཁྲིའི་སྣང་བརྙན་དེ་ནི་ཁྱུང་གི་ཤུགས་རྐྱེན་ཐེབས་པའི་འབྲི་སྟངས་ཀྱི་སྣང་བརྙན་ཞིག་ཡིན་ལ་དོན་དངོས་སུ་ཁོང་གི་གདོང་ནི་བོད་པ་རང་གི་གདོང་དང་གཅིག་པ་གཅིག་རྐྱང་རེད། ཡུམ་བུ་བླ་མཁར་ན་ཁོང་གི་སྐུ་བརྙན་འབག་ཅིག་ཡོད་པ་རེད། དེར་བལྟས་ན་ཧ་གོ་རྒྱུ་ཞིག་ཡོད་པ་རེད། ཉག་ཁྲི་བཙན་པོའི་སྣང་བརྙན་སྐོར་ལ་ད་ལྟའི་བར་བོད་རིག་པའི་ཁྱབ་ཁོངས་སུ་ཞིབ་འཇུག་བྱས་ཡོད་པ་མ་རེད། ཡིན་ནའང་ཉག་ཁྲིའི་སྣང་བརྙན་འདིས་སྐབས་དེའི་རིག་གནས་ཀྱི་སྣང་ཚུལ་ཞིག་མངོན་པར་མཚོན་གྱི་ཡོད་པ་རེད།
ཉག་ཁྲི་བཙན་པོའི་མཚན་གྱི་ཐོགས་སྟངས་ཀྱི་ཆ་ནས་བཤད་ནའང་ལྟ་ཚུལ་འདྲ་མིན་ཅི་རིགས་ཤིག་ཐོན་བཞིན་ཡོད། ཉག་རི། ཉ་ཁྲི། སྙ་ཁྲི། གཉའ་ཁྲི། ཉག་ཁྲི་བཅས་ཡི་གེ་འབྲི་སྟངས་མི་གཅིག་པ་མང་པོ་ཞིག་བྱུང་ཡོད་ལ་དེ་དག་གི་གོ་དོན་ལའང་འགྲེལ་བཤད་རྒྱག་སྟངས་ཁ་ཤས་འབྱུང་བཞིན་ཡོད།《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ》[34]ལས་ལྟག་པའི་སྡུད་སྒོར་སྐྲ་ཉག་མ་གཅིག་དང་འཁྲིལ་ནས་གཤེགས་པའི་སྲས་ལྡེ་ཉག་རི་བཙན་པོ་ཞེས་པ། 《བཀའ་ཐང་སྡེ་ལྔ》[35]ལས་གཉའ་ཁྲི་བཙན་པོ་ཟླ་བ་ཉ་ལ་སྐྱེས་པས་ཉ་ཁྲི་བཙན་པོ་ཞེས་ཀྱང་བྱ་ཞེས་པ།《རྒྱལ་གཤེན་ཡ་ངལ་གྱི་གདུང་རབས》[36]ལས་མི་ཡི་སྙ་བར་ཟླ་ངོ་བཅུ་བསྡད་པས་སྙ་ཁྲི་ཞེས་པ། 《ཡུམ་བུ་བླ་སྒང་གི་དཀར་ཆགས》[37]ལས་གཉའ་བར་བཏེགས་ནས་རྗེ་རུ་ཁུར་བས་མཚན་ཡང་གཉའ་ཁྲི་བཙན་པོ་ཞེས་པ་སོགས་ལྟ་ཚུལ་ཤིན་ཏུ་མང་པོ་འབྱུང་ནའང་འདི་དག་ནི་ཕྱིས་སུ་ཉག་ཁྲི་བཙན་པོའི་མཚན་གྱི་འགྲེལ་སྟངས་ཤིག་ཡིན་པས་ཆ་འཇོག་བྱེད་དཀའ་བ་ཞིག་རེད། དོན་དངོས་སུ་《ཏུན་ཧོང་ཡིག་རྙིང》[38]ལས་བྱུང་བའི་ལྡེ་ཉག་ཁྲི་བཙན་པོ་ཞེས་པའི་མཚན་དེ་ཉིད་ནི་ལོ་རྒྱུས་ཡིག་ཆའི་དགོངས་པ་དང་ཤིན་ཏུ་མཐུན་པ་ཞིག་རེད་སྙམ། ཏུན་ཧོང་ཡིག་ཆར་ལྡེ་ཉག་ཁྲི་བཙན་པོ་ཞེས་མཚན་ཐོགས་དགོས་པའི་རྒྱུ་རྐྱེན་གསུངས་མེད་ནའང་དེ་ནི་བོད་ཀ་གཡག་དྲུག་གི་རྗེ་བོ་ཡིན་པས་དེ་ལྟར་ཐོགས་པ་ཞིག་རེད་སྙམ། གནའ་བོའི་བོད་སྐད་ཀྱི་བརྡ་རྙིང་བའི་ཁྲོད་ན་གཡག་དང་ཉག་གཉིས་སྐབས་ཁ་ཤས་སུ་གོ་དོན་མཚུངས་པའི་སྣང་ཚུལ་ལྡན་ཡོད། བོད་ཁ་གཡག་དྲུག་ལའང་ཆོས་འབྱུང་ཁ་ཤས་སུ་བོད་ཁ་ཉ་དྲུག་གམ་བོད་ཁ་ཉག་དྲུག་ཅེས་གསུངས་པ་དང་ལི་ཡུལ་ནས་རྙེད་པའི་བོད་ཀྱི་ཁྲམ་ཤིང་གི་ངོས་སུའང་ཉག་སྡེ་ཞེས་པའི་ཐ་སྙད་བྱུང་ཡོད་པ་རེད། བྱས་ཙང་བོད་ཀྱི་གནའ་སྐད་ཁྲོད་ཉག་གིས་གཡག་གི་གོ་དོན་མཚོན་པ་གསལ་བོར་ཤེས་ཐུབ་གི་རེད། 《བོན་ལུགས་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ》[39]ཞེས་པར་ཀྱེ་རྗེ་ཉག་རི་བཙད་པོ་ལགས། ཡུལ་ཀ་གཡག་དྲུག་གི་ས་མ་གི་ན། བོན་འབངས་ཕ་དགུ་ནི་རྗེ་མི་བཞུགས། ཁ་ཐོག་ཚད་ཀུན་ནི་རྗེ་ནམ་ལ་གཡག་མ་མཆིས་རུང་རི་ཀུན་ཀྱང་གཡག་མི་རྗེ་མེད་ཀྱི་རྗེར་གཤེགས་འཚལ། གཡག་བདག་མེད་ཀྱི་བདག་ཏུ་གཤེགས་འཚལ་ཞེས་གསུངས་ཡོད། འདི་ལས་ང་ཚོས་ཡུལ་ཀ་གཡག་དྲུག་ནི་བོད་རྗེ་ཉག་ཁྲི་བཙན་པོས་དབང་བསྒྱུར་བྱས་པའི་ས་གནས་ཡིན་པ་ཤེས་ཐུབ་ལ་སྐབས་དེའི་ཉག་ཁྲིའི་སྲིད་དབང་གི་འབངས་མིའི་མ་རྩ་གཙོ་བོའང་བོད་ཀ་གཡག་དྲུག་གི་ས་ཆའི་མི་དམངས་ཡིན་པ་ཤེས་ཐུབ་ལ་གཡག་དྲུག་གི་ས་ཆ་དེའི་མིའི་མིང་ལ་གཡག་མི་ཞེས་འབོད་ཀྱི་ཡོད་པ་རེད། 《བོན་གྱི་མོ་ཡིག་རྙིང་བ་ཁག་གསུམ》[40]ལས་ཀྱང་དགྲ་དང་གཡག་འདྲེས་ན་གང་བརྒལ་ནི་གཏོལ་མ་མཆིས་ཞེས་པའི་ཚིག་འགྲོས་ལས་ཀྱང་གཡག་ནི་སྐབས་དེའི་དམག་གི་བརྗོད་དོན་ལ་འཇུག་པ་རྟོགས་ཐུབ་པས་དོན་ལ་གཡག་མིའི་རྗེ་བོ་ཉག་ཁྲི་ཞེས་བཤད་པ་ནི་དོན་ལ་གནས་པའི་མཚན་ཅིག་ཡིན་པ་ཤེས་ཐུབ་ཀྱི་ཡོད་ལ་དེ་ནི་སྒྲུབ་བྱེད་དང་ལྡན་པའི་གནའ་བོའི་ཡི་གེ་ལ་གོ་བ་ལེན་སྟངས་ཤིག་ཡིན་པའང་ཤེས་ཐུབ་ཀྱི་ཡོད།
   ད་ལྟ་ང་ཚོའི་མཐོང་ཡུལ་དུ་གྱུར་བའི་ཆོས་འབྱུང་གི་ནང་ལ་སྲོང་བཙན་སྒམ་པོའི་ཡན་ཆོད་ཀྱི་ལོ་རྒྱུས་སྤྱི་དང་ཁྱད་པར་དུ་ཉག་ཁྲིའི་སྐབས་ཀྱི་གནས་ཚུལ་འདི་དག་ནི་ལྷ་སྒྲུང་ལྟ་བུ་ཞིག་ལ་བརྩིས་ནས་མཐོང་ཆེན་ཆེར་མི་བྱེད་པ་དེ་ནི་ཧ་ཅང་ནོར་འཁྲུལ་ཞིག་རེད། བོད་རྗེ་ཐོག་མ་ཉག་ཁྲིའི་སྐབས་ཀྱི་སྲིད་དབང་གི་གནས་ཚུལ་དང་སྐབས་དེའི་ཤེས་རིག་གི་སྐོར་ལའང་ང་ཚོས་འོལ་ཚོད་མ་ཡིན་པར་དཔྱད་པ་གཏོང་འོས་པ་ཞིག་རེད། མི་རིགས་གཞན་གྱི་ཞིབ་འཇུག་པ་མང་པོ་ཞིག་གིས་ཉག་ཁྲིའི་སྐབས་ནི་གནའ་བོའི་ཚོ་བ་མཉམ་འབྲེལ་ཙམ་དང་ཉག་ཁྲི་བཙན་པོའང་ཚོ་བའི་དཔོན་པོ་ཙམ་ཞིག་ལ་ངོས་འཛིན་བྱས་ཡོད་པ་དང་དེ་དང་རྗེས་མཐུན་པར་དོན་གྲུབ་རྒྱལ་གྱི་《བོད་ཀྱི་ལོ་རྒྱུས་སྐོར་གྱི་བསམ་ཚུལ་ཐོར་བུ》[41]ཞེས་པར་རྗེ་གཉའ་ཁྲིའམ་འོ་ལྡེ་སྤུ་རྒྱལ་དེས་ཡུལ་ཡར་ལུང་གི་བོད་ཀ་གཡག་དྲུག་གི་ཚོ་བའི་ཚོ་དཔོན་མཛད་པ་དང་དེ་ནས་བཟུང་བཙན་པོ་གདུང་རབས་སོ་གཅིག་གི་རིང་ལ་བོད་ཀ་གཡག་དྲུག་གི་ཚོ་བའི་ཚོ་དཔོན་མཛད་པ་རེད་ཅེས་པ་ནི་མ་བརྟགས་བྱུང་རྒྱལ་དུ་སྨྲས་པ་ཙམ་དེ་ཁོང་གི་ལྟ་ཚུལ་དེ་ནི་ཤིན་ཏུ་ནོར་འཁྲུལ་ཚབས་ཆེན་ལས་ཀྱང་ཚབས་ཆེན་ཞིག་རེད། 《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ》[42]ལས་ཡུལ་ཡར་ལུང་སོག་ཀ་རུ། མཁར་ཕྱི་བ་སྟག་རྩེར་བཞུགས། ཡུལ་དུ་རྗེ་གཤེགས་དེ་རང་སྐྱིད། དེའི་དུས་སུ་སྐུ་སྲུང་གཤེན་པོ་ནི། ཕྱ་བོན་ཐང་ཡག་དང་། ཕ་བ་མཚེ་གཅོ་གཉིས་ཀྱིས་མཛད། བློན་པོ་ལྷོ་རི་བགྲེས་པོ་ཡིན། འབངས་ནི་ཡར་གྱི་ལྷོ་རྔེགས་ཡིན། ཕྱག་ང་ཤ་དང་སྦུག་གིས་མཛད་ཅེས་གསུངས་ཡོད་པ་རེད། གནས་ཚུལ་འདིར་བལྟས་ན་ཉག་ཁྲི་བཙན་པོའི་སྲིད་དབང་ནི་ཆ་རྐྱེན་དྲུག་གིས་གྲུབ་པ་ཞིག་རེད། ཡུལ་དང་མཁར། སྐུ་གཤེན། བློན་པོ། འབངས། ཕྱག་ཚང་བཅས་སྲིད་དབང་གི་སྒྲིག་གཞི་ཞིབ་ཚགས་ལྡན་པ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་པ་ཞིག་རེད། དེའི་ནང་གི་ཡུལ་ནི་ད་ལྟའི་ཡར་ལུང་ས་ཆའི་སྟོད་སྨད་བར་གསུམ་འདི་ཉིད་ཡིན་ལ་ཉག་ཁྲིའི་སྐབས་སུ་དབང་བསྒྱུར་བྱས་པའི་ཡུལ་གཙོ་བོའང་འདི་ཡིན་པས་ང་ཚོས་ཡུལ་ཡར་ལུང་ནི་བོད་ཀྱི་ཆེས་ཐོག་མའི་ཤེས་རིག་དར་ས་དང་ཆེས་ཐོག་མའི་སྲིད་དབང་གི་ལྟེ་གནས་ཞིག་ལ་བརྩི་བ་ཡིན། དེའི་དབྱིབས་ནི་སྔོན་ཆད་སོག་པའི་དབྱིབས་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ་རྒྱལ་རབས་ཕྱི་མ་རྣམས་སུ་མཐའ་བཞི་བསྐྱེད་ནས་རྒྱ་ཁྱོན་ཆེར་སོང་བས་ཕྱིས་སུ་ཕོ་བྲང་ཡང་ལྷ་སའི་ཕྱོགས་སུ་སྤོས་པའི་དུས་ནས་བཟུང་རིམ་བཞིན་སྔོན་ཆད་ཀྱི་སོག་པའི་དབྱིབས་དེ་ཉིད་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་ས་དབྱིབས་ཞིག་ལ་འཕེལ་འགྱུར་བྱུང་ཟིན་པ་རེད། དེའི་ནང་གི་མཁར་ནི་བོན་ལུགས་ཡིག་ཚངས་མང་བོར་འཕྱིང་བ་སྟག་རྩེ་ཡིན་ཟེར་ཞིང་ཆོས་འབྱུང་མང་པོར་ཡུམ་བུ་བླ་སྒང་ཡིན་པར་འདོད་ཀྱང་འགལ་བ་ཆེར་མེད་དེ་གནའ་བོའི་དུས་སུ་གློ་བུར་དུ་འཁྲུག་རྩོད་མང་པོ་འབྱུང་སྟབས་ལམ་སེང་གནས་སྤོར་བའི་ཐད་ལ་བསམ་གཞིགས་གཏོང་དགོས། དེར་བརྟེན་སྐབས་ཁ་ཤས་སུ་འཕྱིང་བ་སྟག་རྩེར་བཞུགས་པ་དང་སྐབས་ཁ་ཤས་སུ་ཡུམ་བུ་བླ་མཁར་དུ་བཞུགས་པ་རེད། དེ་ནི་ད་ལྟའི་མཆོངས་རྒྱས་རྫོང་ཁོངས་ཀྱི་འཕྱིང་བ་སྟག་རྩེ་ནས་རྩེད་ཐང་གྲོང་བརྡལ་གྱི་འདབས་སུ་ཡོད་པའི་ཡུམ་བུ་བླ་སྒང་གཉིས་ཀྱི་སའི་དབྱིབས་དང་བར་ཐག་གི་ཆ་ལ་དཔྱད་པ་བཏང་ནའང་ཤེས་ཐུབ་པ་ཞིག་རེད། 《བཀའ་ཆེམས་ཀ་ཁོལ་མ》[43]ལས་ཕོ་བྲང་ས་དང་རྡོ་ལ་མ་བརྩིགས། རི་དྭགས་ཤ་བ་དང་འབྲོང་། གཅན་གཟན་སྟག་དང་གཟིག་གི་པགས་པས་གུར་བརྒྱབ་ནས་ཕོ་བྲང་བྱས་པའི་གནས་ཚུལ་ཤིག་འཁོད་ཡོད། དེར་བལྟས་ན་ཉག་ཁྲིའི་ཆེས་ཐོག་མའི་སྐབས་སུ་ཕོ་བྲང་དེ་ཉིད་ནི་སྤོར་བདེ་བའི་ཆེད་དུ་གུར་བྱས་ཤིང་ཕྱིས་སུ་རྒྱལ་ཁམས་གཏན་འཇགས་ཀྱི་ཐོག་ནས་ས་དང་རྡོ་ཡིས་མཁར་བཞེངས་པ་ཞིག་རེད་བསམ་བཞིན་ཡོད། དེར་ཚང་མས་དཔྱད་པར་མཚལ། དེའི་ནང་གི་སྐུ་གཤེན་ནི་སྐབས་དེའི་ཤེས་ལྡན་མི་སྣ་ཁོ་ན་ཡིན། སྐུ་གཤེན་ནི་སྨན་ལས་དང་དམག་ལས་སོགས་ཤེས་རིག་འཇོན་ཐང་འཛོམས་པོ་ཅན་གྱི་མི་སྣ་ཁོ་ན་ཡིན་པས་སྐུ་གཤེན་ལ་དབང་ཆ་ཆེན་པོ་ཡོད་པ་རེད། དེའི་སྐོར་འདིར་ཞིབ་པར་བཤད་ཀྱང་དུས་ཚོད་མེད་པས་དུས་རབས་རིམ་པ་ལྟར་སྐུ་གཤེན་གྱི་གྲངས་ཀ་ནི《ཉང་རལ་ཆོས་འབྱུང》[44]ན་གསལ་ཞིང་དེའི་དབང་ཆའི་སྐོར《གཡུང་དྲུང་བོན་གྱི་རྒྱུད་འབུམ》[45]ཁག་ལ་གཟིགས་ན་མཁྱེན་ཐུབ་པས་རྣམ་པ་ཚོར་དེ་ལ་དོ་སྣང་ཡོད་པ་ཞུ། དེའི་ནང་གི་བློན་པོ་ནི་ཆབ་སྲིད་ཀྱི་གྲོས་ཁ་བསྡུར་ས་དང་འབངས་ནི་ཉག་ཁྲིའི་ཞབས་འོག་ཏུ་འཁོད་ཅིང་གཡག་མི་གཙོ་བྱས་པའི་སྐབས་དེའི་མི་དམངས་ཡིན་ལ་དམངས་ཡོངས་ཀྱི་གནས་ཚུལ་དང་སྐྱིད་སྡུག་ལ་ཞིབ་དཔྱོད་བྱེད་པའི་འགོ་དཔོན་ནི་ལྷོ་དང་རྔེགས་ཞེས་པའི་མི་གཉིས་ཡིན། སྐབས་འདིའི་ཕྱག་ཚང་ཞེས་པར་གོ་རྒྱུ་ཆེན་པོ་ཡོད་དེ་འདི་ནི་སྐབས་དེའི་དམག་དོན་དང་ཆབ་སྲིད་ཀྱི་སྒྲིག་རིམ་སོགས་ལ་ཞིབ་དཔྱོད་དང་དེའི་གནས་ཚུལ་ཡི་གེར་འདེབས་མཁན་གྱི་ལས་ཁུངས་ཤིག་ཡིན་པས་དཔྱད་དགོས་ལ་དེའི་འགོ་དཔོན་ནི་ཤ་དང་སྦུག་ཅེས་པའི་མི་གཉིས་ཡིན། མདོ་དོན་ང་ཚོས་ཉག་ཁྲིའི་སྐབས་ཀྱི་སྲིད་དབང་དེ་ལ་སྒྲིག་གཞི་ཚགས་དམ་ཞིང་གོ་རིམ་ཡོད་པའི་གནས་ཚུལ་དེར་ཤེས་རྟོགས་བྱེད་དགོས་པ་ནི་གལ་ཆེན་པོར་མཐོང་གི་འདུག ཉག་ཁྲིའི་དུས་སྐབས་དེར་བོད་མི་རིགས་ནི་རྨོངས་རྟུལ་ཀླ་ཀློའི་སྤྱོད་སྟངས་ཁོ་ནས་འཚོ་བ་ཞིག་མ་ཡིན་པར་ཤེས་རིག་ཕུན་སུམ་ཚོགས་པ་ཞིག་དར་ཐུབ་ཡོད་པ་རེད།《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》[46]ལས་བོད་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཡིན་ཏེ་དེའི་སྐུ་རིང་ལ་གཏམ་རྒྱུད་དང་། སྒྲུང་རྒྱུད་དང་། སྡེབ་སྦྱོར་དང་། བཀའི་བཀུགས་དང་། བྲོ་གར་དང་། གླུ་གཞས་དང་། ཤོན་རྩེད་དང་། རྩེད་འཇོ་ལ་སོགས་པ་བྱུང་པ་ཡིན་ཞེས་བཀོད་ཡོད་པ་རེད། དེ་དག་ནི་ཞིབ་པར་བཤད་མ་དགོས་པར་ཆ་ཚང་རིག་གནས་ཀྱི་ཁོངས་གཏོགས་ཡིན་པ་ཚང་མས་མཁྱེན་སྲིད་ཀྱང་དེའི་ནང་གི་སྡེབ་སྦྱོར་ནི་ཡི་གེ་ཡི་སྡེབ་སྦྱོར་ལ་ཟེར་བ་མ་ཡིན་ཏེ་སྨན་ལ་གོ་དགོས་ཞིང་སྔོན་ཆད་བོད་སྨན་གྱི་རིགས་ནི་རྩ་རྩི་ཤིང་དང་ས་རྡོ་སོགས་སྡེབ་ཁ་བསྒྲིགས་ནས་ཐོན་ཡོད་ལ་སྨན་ལ་སྡེབ་སྦྱོར་དུ་འདོགས་རུང་པ་ནི་དཔེར་ན་《ཏུན་ཧོང་ཡིག་རྙིང》[47]ལས་མི་ལྷ་གོར་དང་ལྷ་ཡར་གྱིས་བཏབ་སྟེ་སྒོག་མ་ན་བ་ལ། སྤྱང་ཚེར་གྱི་རྩ་བ་དང་སྤང་ཕྲོམ་གྱི་རྩ་བ་དང་། གླང་གི་རྭ་དང་རྣ་བའི་རྭ་དང་རྟའི་རྨིག་པ་དང་། དེ་རྣམས་ཀྱི་རྐྱེན་དུ་བསྐོངས་ཞེས་པའི་གནས་ཚུལ་ལ་དཔྱད་ན་རྟོགས་ནུས་ཤིང་དེ་ལྟ་བུའི་སྨན་སྦྱོར་བོད་རྒྱལ་ཉག་ཁྲིའི་དུས་ནས་བཟུང་དར་ཡོད་པ་ཤེས་ནུས་ལ་སྔོན་གྱི་རྒྱལ་ཕྲན་རྣམས་ཀྱི་དུས་སུའང་སྨན་གྱི་ལས་རིགས་ཡོད་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་གྱི་ལོ་རྒྱུས་《གསོ་རིག་སྨན་གྱི་ཁོག་འབུགས》[48]དུའང་ཞུས་ཡོད། དེའི་ནང་གི་བཀའི་བཀུགས་ཞེས་པ་དེ་ནི་སྐབས་དེའི་ཁྲིམས་ལུགས་ལ་གོ་བ་རེད། ཉག་ཁྲིའི་སྲིད་དབང་དེར་དམག་དོན་སོགས་གསང་གྲོས་རྣམ་གསུམ་གྱིས་ཕྱི་ནང་གི་དམིགས་ཕྱེ་ཤིང་མི་ལ་ཆད་རྣམ་གཉིས་དང་བཞེད་རྣམ་ལྔས་བོད་ཀྱི་ཁྲིམས་བཅས་ཡིག་ཚང་སྡེ་དགུ་དང་དཔའ་མཚན་བརྒྱད་བཀའ་རིམ་པར་གནང་སྟེ་ཁྲིམས་ལུགས་ཆེན་པོ་ལྡན་པས་མི་རྣམས་རང་བཞིན་གྱིས་ཞི་དུལ་བག་ཡོད་ངང་འཚོ་ཐུབ་པ་བྱུང་བ་རེད། དེའི་ཚུལ་ནི་མཁས་པ་ལྡེའུའི《ཆོས་འབྱུང》[49]ལས་རྐུ་ལ་ལན་མཆིས། རྫུན་ལ་བདེན་མཆིས། གཡོ་ལ་དྲང་མཆིས་སོགས་གསུངས་པ་དེ་དག་ནི་ཆ་ཚང་ཁྲིམས་ཀྱི་ཁོངས་གཏོགས་ཡིན་ལ་མི་དམངས་ཀྱི་བདེ་ཐང་དང་གནོད་འཚེ་འགོག་པའི་བྱེད་ཐབས་ཁྱད་པར་བ་ཁ་ཤས་ཀྱང་ཡིན་པས་ང་ཚོས་དེའི་ཆ་ལའང་ཡིད་གཟབ་གནང་དགོས། དེའི་ནང་གི་གཡག་ལ་ནི་མཚོན་མཆིས་ཞེས་པ་ནི་བོད་ཀ་གཡག་དྲུག་ལ་མཚོན་ཆ་དང་སྟོབས་ཤུགས་ཡོད་ཅེས་པའི་དོན་ཡིན་ལ་དེ་ལྟ་བུའི་སྟོབས་ཤུགས་ལ་བརྟེན་ནས་སུམ་པའི་བོན་པོ་ཨ་ཡོང་རྒྱལ་བ་དང་སྣུབས་ཇི་སྲིད་པའི་རྒྱལ་ཕྲན་སོགས་བཏུལ་ནས་འབངས་སུ་བཀོལ་ཞིང་མཐའ་བཞི་བརྒྱ་བསྐྱེད་པའི་དམག་དོན་གྱི་ལོ་རྒྱུས་ཀྱང་ཡོད་པ་དེ་རང་རེད། དེའི་ནང་གི་ཤོན་རྩེད་ཞེས་པ་ནི་གནའ་བོའི་ཞང་ཞུང་གི་ས་ཁུལ་དུ་དར་བའི་རྩེད་མོའི་རིགས་ཤིག་ཡིན་ལ་དེའི་ཚུལ་བསྟན་འཛིན་རྣམ་དག་གི་གསུང་རྩོམ་འབེལ་སྙིང་[50]ལ་མཇལ་ན་ཤེས་ཐུབ་ལ་སྟོད་མངའ་རིས་ཀྱི་ལྡེབ་རིས་རྣམས་སུ་ད་དུང་ཤོན་རྩེད་ཀྱི་རི་མོར་གསལ་བོར་མཇལ་རྒྱུ་ཡོད། དེའི་གཞན་པ་རྣམས་ཧ་ཅང་གོ་སླ། ཉག་ཁྲིའི་དུས་སྐབས་སུ་ཆོས་ལུགས་ཀྱི་བྱ་འགུལ་དང་དད་མོས་ཀྱི་སྣང་ཚུལ་སོགས་ཀྱང་གང་ལ་གང་འཚམས་ཤིག་ཡོད་པར་འདུག་སྟེ་བོན་གྱི་ཆོ་གའི་ཡིག་རྙིང་ན[51]ཀྱེ་ཡུལ་ནི་ཡར་ཡུལ་སོག་ཀ་ནས།མཁར་ནི་ལུན་བུ་གླང་སྒང་ན།རྒྱལ་པོ་ཤང་དཔོན་འཁོར་གཡོག་ལ།ལོའི་ཀེག་རྣམས་བསལ་བའི་ཚེ། བདུད་ཀྱི་རྒྱལ་པོ་རེ་ཏེ་འགོ་ཉག་ཞལ་ན་རེ། ཤང་པོ་རྒྱལ་པོ་དཔོན་གཡོག་ལ། ལོ་བཀག་ཟླ་ཀེག་བབ་པ་ལ། དེ་ལ་ཀོང་རྩེ་བཀས་བསྩལ་ནས། ཅི་འདོད་ཅི་བཞིན་སྲུང་པ་ལ། ཤང་དཔོན་ཆེན་པོ་རྒྱལ་བ་ནི། བདུད་ལ་དོ་མི་བསྡོ། མགྱོགས་པ་དཀྱུ་མི་བསྙམས། རྗེ་ལ་དཔྱད་མི་འདྲེན། འབྲས་སྐྱེམས་དྭངས་པ་དང་། གསེར་སྐྱེམས་སེར་མོ་གསོལ། གསེར་སྐྱེམས་གཡུ་མངོན་རྗེ། བློན་པོ་ཡོངས་ལ་འབུལ། ཕྱག་བརྟེན་དལ་ཡམས་བསྒྱུར། ཐེན་པ་དང་པོ་སུ་ལ་གཏོང་། གླུད་དུ་ཅི་འབུལ་ཁ་བསུ་ཅི་མཇལ་ན་སོགས་སྐབས་དེར་ལོ་ཀེག་ཟླ་ཀེག་བརྩིས་ནས་རྒྱལ་པོའི་སྐུ་དང་ནང་འཁོར་ལ་བགེགས་ཡོད་པར་ངོས་བཟུང་སྟེ་གླུད་གཏོང་གི་ཆོ་ག་སྤེལ་བ་དང་ལྷ་འདྲེ་ཡི་རིགས་འདྲ་མིན་སྣ་ཚོགས་ལ་དད་མོས་དང་འཛེམ་བྱ་ལྟར་ཡར་ལྷ་ལ་ལྷ་བཤོས་དང་མར་འདྲེ་ལ་གླུད་བསྔོས་ཀྱི་བསམ་བློའི་འདུ་ཤེས་ཤིག་དར་ཁྱབ་ཆེན་པོ་བྱུང་ཡོད་པ་རེད། འདི་ནི་ཉག་ཁྲིའི་སྐབས་དེ་ཤེད་ཅིག་ནས་དར་བའི་གདོད་མའི་མཚན་ཉིད་རིག་པའི་ས་བོན་ཅིག་ལ་ངོས་འཛིན་ཞུས་ཆོག་པ་ཞིག་ཀྱང་རེད། དེ་འདྲ་ཡིན་ཙང་ང་ཚོས་བོད་གྱི་རྒྱལ་པོ་ཐོག་མ་ཉག་ཁྲི་བཙན་པོའི་དུས་སྐབས་དེ་ནི་ལྷ་རབས་ཤིག་གམ་ཤེས་རིག་ཅི་ཡང་དར་མེད་པའི་མུན་ནག་གི་དུས་སྐབས་ཤིག་ལ་ངོས་འཛིན་བྱེད་པའི་ལྟ་ཚུལ་དེ་ཉིད་ཡོངས་སུ་དོར་ནས་ཉག་ཁྲིའི་དུས་སྐབས་ལ་ཡང་བསྐྱར་དབྱེ་ཞིབ་དང་བསམ་གཞིགས་བྱས་ནས་དཔྱད་གཏམ་མང་བོ་ཞིག་འགོད་འོས་ཤིང་ཆོས་འབྱུང་ལས་བྱུང་བའི་ལོ་རྒྱུས་ཀྱི་ལྟ་ཚུལ་རྙིང་བའམ་འཁྱོག་པོར་བྲིས་པའི་འདོད་ཚུལ་དེ་རིགས་གཏོར་བཅོམ་བྱས་ནས་བོད་ཀྱི་ལོ་རྒྱུས་ལ་གསར་བརྗེ་བྱེད་འོས་པ་ཞིག་རེད། འདི་ནི་དུས་སུ་བབས་པའི་ང་ཚོའི་འགན་འཁྲིའང་རེད།

དྲི་གུམ་བཙན་པོའི་གནས་ཚུལ་གྱི་སྐོར།

   ད་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལས་གནད་འགག་གམ་དོ་སྣང་བྱེད་དགོས་པའི་དུས་རིམ་ཞིག་སྟེ་དྲི་གུམ་བཙན་པོའི་དུས་སྐབས་དེ་ཉུང་བསྡུས་ཤིག་ལྒིང་གི་ཡིན། འདི་ལའང་བོད་ཀྱི་བན་བོན་ལོ་རྒྱུས་ཡིག་ཚངས་མང་བོར་འདྲ་མི་འདྲ་སྣ་ཚོགས་ཤིག་བཤད་ནས་མགོ་བོ་འཐོམས་པའི་གནས་ཤིག་ལ་བསྐྱལ་ཡོད་པ་རེད། དྲི་གུམ་བཙན་པོའི་དུས་མཚམས་དེར་ལྷོ་བྲག་ཕྱོགས་ཀྱི་ལོ་ངམ་རྟ་རྫིས་དྲི་གུམ་བཙན་པོ་བཀྲོངས་པ་དང་དེའི་རྒྱུ་རྐྱེན་གང་འདྲ་ཡིན་པའི་སྐོར། རྒྱ་གར་གྱི་ཆོས་སྤེལ་རིན་ཆེན་དངོས་གྲུབ་འབྱོར་བའི་གནས་ཚུལ་གྱི་སྐོར། དྲི་གུམ་བཙན་པོས་བོན་ཆོས་སྣུབས་དགོས་པའི་རྒྱུ་རྐྱེན་དང་བོན་པོའི་ཡིག་ཚངས་ལས་དྲི་གུམ་བཙན་པོར་གདེང་འཇོག་ཅི་འདྲ་བྱེད་པའི་གནས་ཚུལ་སོགས་ནི་ང་ཚོས་ཞིབ་པར་ཤེས་འོས་པའི་ལོ་རྒྱུས་ཀྱི་གནད་དོན་འགའ་ཤས་རེད། དྲི་གུམ་བཙན་པོའི་དུས་སྐབས་དེར་བོད་ཀྱི་མི་དམངས་ཆ་ཚང་བོན་ལུགས་ལ་དད་པ་ཡོད་ཅིང་དད་པའི་སྟོབས་ཤུགས་དེ་ཉིད་ཧ་ཅང་ཆེན་པོ་རང་རེད། རྒྱ་གར་གྱི་ཆོས་སྤེལ་མཁན་ཞིག་ལས་ལམ་སེང་རིག་གནས་གསར་བའི་སྐོར་ཞིག་དང་ལེན་བྱེད་རྒྱུ་ནི་ཤིན་ཏུ་ཁག་པོ་རེད། ཡིན་ནའང་རྒྱལ་པོའི་ཕོ་བྲང་གི་ནང་འཁོར་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཤུགས་རྐྱེན་ཅུང་ཟད་ཙམ་ཐེབས་ཡོད། དེར་བརྟེན་བན་བོན་གྱི་ཡིག་ཆ་མང་པོར་དྲི་གུམ་བཙན་པོའི་ཐུགས་སུ་གདོན་ཞུགས་ཞེས་བཤད་ཡོད་ཀྱང་གདོན་གང་ཡིན་ཡང་གསལ་ཁ་བཏོད་པའི་སྒོ་ནས་བཤད་ཐུབ་མེད་པར་སྣང་ངོ།དྲི་གུམ་བཙན་པོའི་རིང་གི་རྒྱ་གར་གྱི་ཆོས་སྤེལ་རིན་ཆེན་དངོས་གྲུབ་ཞུ་བ་དེ་བོད་ནང་ལ་འབྱོར་བའི་ཆོས་སྤེལ་སྔ་བ་མ་ཡིན་ཀྱང་ད་ལྟའི་བོད་རང་གི་ལོ་རྒྱུས་ཡིག་ཚངས་ཀྱི་ངོས་ནས་བལྟས་ན་དེ་ལྟར་ཆོས་སྤེལ་ཨང་དང་པོ་དེ་ཡིན་པར་སྒྲུབ་ཆོག་པ་ཞིག་རེད། དེ་མ་གཏོགས་མོ་རི་ཡའི་རྒྱལ་ཕྲན་གྱི་རྒྱལ་པོ་གསུམ་པ་ཆོས་རྒྱལ་མྱ་ངན་མེད་(268-232BC)ཀྱི་སྐབས་སུའང་རྒྱ་གར་གྱི་དགེ་སློང་བཞི་ནང་བ་སངས་རྒྱས་པའི་ཆོས་ལུགས་དར་སྤེལ་གྱི་ཆེད་དུ་ཧི་མ་ལ་ཡའི་བྱང་ཕྱོགས་ཀྱི་རི་རྒྱུད་དུ་འབྱོར་ཡོད་པར་གསུངས་ལ་དེའི་གནས་ཚུལ་གསལ་བོ་ཞིབ་པར་བཀོད་པའི་ཡིག་ཆ་མ་རྙེད་པས་བོད་དུ་ཆོས་སྤེལ་དུ་ཡོང་ཡོད་མིན་གསལ་བོར་བཤད་མ་ཤེས་ལ་གནམ་གྱི་ཁྲི་བདུན་སྐབས་ལའང་དེ་འདྲའི་རབ་རིབ་ཀྱི་སྐད་ཆ་ཁ་ཤས་དང་ཡིག་ཚངས་འགའ་རེ་ཡོད་མོད་ཆ་འཇོག་གསལ་པོ་རྩ་བ་ནས་བྱེད་མི་ཐུབ་པས་ང་ཚོས་ཀྱང་དེའི་སྐོར་ནས་ཞིབ་པ་མི་ལྒིང་ལ་འོལ་ཚོད་ཀྱིས་བལྟས་ན་དྲི་གུམ་གྱི་སྐབས་དེར་རྒྱ་གར་གྱི་ཆོས་སྤེལ་རིན་ཆེན་དངོས་གྲུབ་ཁོ་རང་གཅིག་པུ་མ་ཡིན་པར་ད་དུང་རྒྱ་གར་གྱི་མི་ཁ་ཤས་ཡོད་པ་འདྲ་ལ་ཁོང་ནི་དེའི་ནང་གི་གཙོ་བོ་ཆགས་ཀྱི་ཡོད་པ་ཤེས་ཐུབ་གི་རེད། བོད་ཡུལ་དུ་དུས་ཡུན་ཐུང་ཐུང་ཞིག་ལ་བཞུགས་པ་མ་ཡིན་ཏེ་མ་མཐའ་ཡང་ལོ་ཁ་ཤས་ལ་བཞུགས་ནས་སངས་རྒྱས་ཆོས་ལུགས་ཐོག་མར་རྒྱལ་པོའི་ཕོ་བྲང་ལ་སྤེལ་ཅི་ཐུབ་བྱས་ཡོད་ཅིང་མཐའ་མར་རྒྱལ་པོ་དྲི་གུམ་བཙན་པོས་ཅུང་ཟད་དང་ལེན་བྱས་སོང་པ་འདྲ་བས་དཔྱད་དགོས་པར་སྣང་། བྱས་ཙང་བོན་པོའི་ཡིག་ཚངས་ལས་དྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ཞེས་བཀོད་ཡོད་པ་རེད། སྐབས་འདིའི་ཐུགས་ཀྱི་གདོན་ནི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་ཁོ་ན་རང་རེད། ཕྱིས་སུ་གང་ཡིན་འདི་ཡིན་ལ་མ་དཔྱད་པར་ཐུགས་སུ་གདོན་ཞུགས་ཞེས་པའི་ལྟ་ཚུལ་དེ་ནི་སངས་རྒྱས་ཆོས་ལུགས་པས་བྲིས་པའི་ཆོས་འབྱུང་ནང་ལའང་མང་པོ་དྲངས་ཡོད་པ་རེད། དྲི་གུམ་བཙན་པོས་ནང་ཆོས་ཅུང་ཟད་དང་ལེན་བྱས་པའི་ཉེར་ལེན་དེས་བོན་ཆོས་སྣུབས་ཤིང་དྲི་གུམ་ཁོ་རང་མཐའ་མར་བཀྲོངས་རྐྱེན་ཡང་དེ་ལ་རགས་ལས་པ་ཞིག་རེད། དེར་བརྟེན་བོན་པོའི་ཡིག་ཚངས་ཀྱི་ནང་དུ་དྲི་གུམ་བཙན་པོ་མའི་གྲོད་པའི་ནང་ནས་ཐོན་དུས་ནས་བཟུང་བདུད་ཡིན་རབས་དང་《བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག》[52]སོགས་བོན་གྱི་ཡིག་ཚངས་ལས་ཁོང་གི་མཚན་གྱི་ཁ་དོག་ཀྱང་བསྒྱུར་ནས་སྙིང་ནད་སངས་པའི་ཆེད་དུ་གྲིས་བསད་པས་གྲི་བཀུམ་དུ་ཐོགས་པ་རེད་ཅེས་བཤད་ཡོད་པ་རེད། འདི་དག་ནི་ཆགས་སྡང་ཁོ་ན་ཡིན་པས་བདེན་པར་བཟུང་མི་རིགས་སོ།འདི་ནི་བོད་ཀྱི་ལོ་རྒྱུས་རྩོམ་པ་པོའི་སྒེར་ངོས་གྱི་ཉེ་རིང་ཆགས་སྡང་ལྟར་བྲིས་པ་ཞིག་ཡིན་ལ་སྣང་ཚུལ་འདི་ལྟ་བུ་བན་བོན་གཉིས་ཀར་ཡོད་སྲིད་པ་ཞིག་རེད། དུས་རབས་བཅུ་གཅིག་པའི་རྗེས་སུ་བྱུང་བའི་ཆོས་འབྱུང་མང་རབས་ཤིག་གི་ནང་དུ་རྒྱལ་པོ་གླང་དར་མ་བདུད་རྒྱལ་ཞིག་དང་མགོ་ལ་རྭ་ཡོད་པ་ཞིག་ལ་འདོད་ཅིང་ལྷ་ལུང་དཔལ་རྡོར་གསང་བདག་གི་སྤྲུལ་བ་ཡིན་ཚུལ་སོགས་མང་རབས་ཤིག་བྲིས་ཡོད། བོན་པོའི་ཡིག་ཚངས་ཀྱི་ནང་དུའང་དྲི་གུམ་བཙན་པོ་བདུད་དང་ལོ་ངམ་རྟ་རྫི་ལྷ་ཡིན་ཚུལ་སོགས་བྲིས་ཡོད་པ་ནི་མིའི་ལོ་རྒྱུས་ཟིན་ཐོ་ལས་བྱུང་བའི་སྒེར་ངོས་ཀྱི་ཆགས་སྡང་ཁོ་ན་རེད། དེས་ང་ཚོའི་ལོ་རྒྱུས་ཀྱི་གདོང་རིས་གསལ་པོ་དེ་མག་མོག་ཅིག་ཏུ་སྒྲིབ་ཡོད། ང་ཚོས་ལོ་རྒྱུས་ལས་བསླབ་བྱ་ལེན་དགོས་གི་རེད་མ་གཏོགས་ཆགས་སྡང་ལ་སྣོན་མ་བརྒྱབ་དགོས་གི་མ་རེད། དོན་དངོས་སུ་སངས་རྒྱས་ཆོས་པའི་བསྟོད་ཡུལ་ལྷ་ལུང་དཔལ་རྡོར་དང་བོན་པོའི་བསྟོད་ཡུལ་ལོ་ངམ་རྟ་རྫི་གཉིས་གཤིབ་བསྡུར་བརྒྱུད་ནས་བལྟས་ན་གཉིས་ཀས་རྒྱལ་པོ་བསད་པའི་ལོ་རྒྱུས་ཀྱི་ནག་ཉེས་ལ་ཡང་ལྕི་མེད་ཀྱང་མཐའ་འབྲས་ལ་འགན་ཁུར་པའི་སྟེང་ནས་ཉེས་པར་ཡང་ལྕི་ཡོད་པ་འདྲ་སྟེ་བསམ་ཡས་མཁན་པོ་དགུ་བ་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་བཀྲོངས་རྗེས་བྲག་ཡེར་པའི་རི་ཁྲོད་ཅིག་ནས་བཞུགས་སྟེ་སྐབས་དེའི་རྒྱལ་སྲིད་དང་མགོན་མེད་དུ་གྱུར་བའི་མང་ཚོགས་ཀྱི་སྐྱིད་སྡུག་ལ་འགན་མ་ཁུར་བ་དང་ལོ་ངམ་གྱིས་རྒྱལ་པོ་བསད་རྗེས་ལོ་བཅུ་གསུམ་ལ་རྒྱལ་སྲིད་བརྐྱངས་ནས་རྒྱལ་སྲིད་ཀྱི་བྱ་གཞག་དང་མང་ཚོགས་ཀྱི་སྐྱིད་སྡུག་ལ་འགན་ཁུར་ཡོད་པ་རེད། གལ་ཏེ་ཁྱེད་ལ་རྒྱལ་པོ་བཀྲོངས་པའི་སྤོབས་པ་ཡོད་ན་ཁྱེད་ལ་རྒྱལ་སྲིད་འཁུར་བའི་སྤོབས་པ་ཡོད་དགོས་ལ་དེའི་འགན་ཁུར་ཡང་ངེས་པར་དུ་འཁུར་དགོས་གི་རེད། འདི་ནི་ང་ཚོས་ལོ་རྒྱུས་ཀྱི་མི་སྣར་ཞིབ་བསྡུར་བྱེད་ཐབས་གཙོ་བོ་ཞིག་ཡིན་པས་དྲི་གུམ་བཙན་པོ་དང་གླང་དར་མ་གཉིས་ཀྱང་འདི་བཞིན་ཞིབ་བསྡུར་བྱས་ནས་ཡང་སྙིང་དཀར་བོ་དང་ནག་པོ་སུ་ཡིན་ལ་བལྟས་ནས་དེའི་སྟེང་དུ་ལོ་རྒྱུས་ཀྱི་བསླབ་བྱ་འཚོལ་དགོས་རྒྱུ་གཙོ་བོ་རེད།
   དོན་དངོས་སུ་དྲི་གུམ་བཙན་པོ་བཀྲོངས་པའི་རྒྱུ་རྐྱེན་དེའང་ཆོས་ལུགས་གྲུབ་མཐའི་འཐབ་རྩོད་ཀྱི་དོན་སྙིང་ལའང་འབྲེལ་བ་ཐད་ཀར་དུ་ཡོད་པ་ཞིག་རེད། སྐབས་དེར་བོད་ཀྱི་དམག་རྟ་སྤེལ་གཏོང་གནང་སའི་ཡུལ་ལྷོ་བྲག་ཡ་བརྒྱད་ཀྱི་ས་ཆའི་ཕྱོགས་སུ་བོན་ཆོས་ཤུགས་ཆེན་པོར་དར་ཡོད་ལ་ལོ་ངམ་ཡང་དེའི་ཕྱོགས་གཏོགས་ཀྱི་བློན་པོ་ཞིག་རེད། དྲི་གུམ་བཙན་པོས་བོན་ལུགས་ཅུང་ཟད་སྣུབས་པར་བརྩམས་པ་ན་ལོ་ངམ་རྟ་རྫིས་ལམ་སེང་གྲ་སྒྲིག་ཧང་སངས་པ་ཞིག་བྱས་རྗེས་དྲི་གུམ་བཙན་པོ་བཀྲོངས་སོང་པ་རེད། ཁོང་གིས་དྲི་གུམ་བཙན་པོ་བཀྲོངས་པའི་ཐད་ལ་བོན་ལུགས་ཀྱི་ཆོ་ག་ལྟར་གྲ་སྒྲིག་ཉིན་མང་པོ་ཞིག་ལ་བྱས་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། དྲི་གུམ་བཙན་པོ་བཀྲོངས་རྗེས་དེའི་སྤུར་གྱི་བདག་པོར་ཀླུ་སྲིན་བྱེ་མ་ལག་རིང་བརྐོས་པ་རེད། དེ་ནི་ད་ལྟའི་ཀོང་པོའི་ཕྱོགས་ཀྱི་མངའ་སྡེ་ཞིག་གི་དཔོན་པོ་ལ་ཆ་འཇོག་བྱེད་འོས་པ་ཞིག་རེད། ང་ཚོའི་རྒྱལ་རབས་ཆོས་འབྱུང་མང་པོར་ཀླུ་སྲིན་བྱེ་མ་ལག་རིང་ནི་ལྷ་ཀླུ་གཉན་གསུམ་གྱི་ཟླས་དྲངས་པའི་ཀླུ་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱང་དེ་ནི་མིའི་རིགས་ཤིག་ཡིན་པ་ཚིག་ཐག་བཅད་ནས་བཤད་ཆོག་པ་ཞིག་རེད། བོད་ཀྱི་མིའི་རིག་པར་ཞིབ་འཇུག་ཏུ་ཁས་འཆེ་བའི་པོ་ཧྲི་ཞིག་གིས་ཀླུ་ཡིན་ན་ལྷ་ཀླུ་གཉན་གསུམ་གྱི་ཀླུ་ཡིན་པས་ཁྱབ་པར་ཁས་ལེན་གནང་བ་དང་སུམ་རྟགས་ཡག་པོ་མི་མཁྱེན་པའི་ཞིབ་འཇུག་སློབ་མ་ཁ་ཤས་ཀྱང་ལྟ་བ་དེའི་རྗེས་སུ་དེད་ནས་པར་པིར་མང་བོ་སྨྲ་བ་ནི་ལོ་རྒྱུས་ཀྱི་དཔེ་ཆར་གཟིགས་རྒྱ་ཤིན་ཏུ་ཆུངས་པས་དེ་ལྟ་བུའི་སྣང་ཚུལ་ཐོན་གྱི་ཡོད་པ་རེད། དོན་དངོས་སུ་འདིའི་སྐབས་ཀྱི་ཀླུ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི《རྒྱལ་ཁམས་རིགས་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》[53]རུ་གཙང་བོའི་འགྲམ་དུ་གནས་འཆའ་ཞིང་ཁ་ཟས་ཉ་ལ་བྱེད་པའི་མིའི་རིགས་ནག་པོའི་རིགས་ལ་ཀླུ་རུ་འབོད་པར་གསུངས་ཡོད་པ་དེ་དང་《རྦ་བཞེད》[54]ན་ཀླུ་ཚངས་པ་བྱ་བའི་མི་གཅིག་ཅེས་པ་སོགས་ལོ་རྒྱུས་ཀྱི་ཡིག་ཚངས་སྣ་ཚོགས་སྤྱི་སྡོམ་བརྒྱུད་ནས་བལྟས་ན་མིའི་རིགས་ལ་ཀླུ་རུ་བཏགས་པའི་ཀླུ་ནི་གཙང་པོ་ཆེན་པོའི་འགྲམ་དུ་གནས་འཆའ་བ། ཁ་ཟས་ཉ་ལ་བྱེད་པ། ཤ་མདོག་ཕལ་ཆེར་ནག་པོའི་རིགས་སུ་གཏོགས་པ། སྤྱོད་པ་རྒོད་ཅིང་རྩུབ་པ་བཅས་ཀྱི་ཁྱད་ཆོས་འཛོམས་པ་ཞིག་རེད། དེས་ན་ང་ཚོས་ཀྱང་ཀླུ་སྲིན་བྱེ་མ་ལག་རིང་ནི་སྔར་བོན་ལུགས་དར་ཁྱབ་ཆེ་བའི་ས་ཁུལ་ཏེ་ཀོང་ཉང་དྭགས་གསུམ་ལས་ཉང་ཆུ་དང་ཡར་ཀླུང་གཙང་པོའི་འབབ་རྒྱུད་དང་དེ་གཉིས་ཀྱི་བསྣོལ་མཚམས་གང་རུང་གི་ས་ཁུལ་ཞིག་ལ་ངོས་འཛིན་བྱས་ཆོག་གི་རེད། དེར་ལོ་རྒྱུས་ཡིག་ཚངས་ལས་ཀོང་པོ་སྦལ་ཟན་ཞེས་འབྱུང་བས་ཀོང་པོའི་ཕྱོགས་དེར་སྔོན་ཆད་ཉ་རིགས་ཁ་ཟས་སུ་སྤྱོད་པའི་གནས་ཚུལ་ཤེས་ཐུབ་པ་དང་ཀོང་སྲིན་གདུག་པའི་མི་རྣམས་ཞེས་པས་ཀོང་པོའི་མི་རྣམས་ཀྱི་སྤྱོད་པ་ཧ་ཅང་རྩུབ་པ་མཚོན་ཐུབ་ཀྱི་ཡོད་པ་རེད། ཀླུ་སྲིན་བྱེ་མ་ལག་རིངས་དང་ལོ་ངམ་རྟ་རྫི་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་ཅིང་སྐབས་དེར་དེ་གཉིས་པོའི་འབྲེལ་བ་ནི་ཡར་ལུང་གི་ཕྱོགས་འདི་རུ་ཆོས་ལུགས་བོན་ལ་སྤྱོད་ཅིང་བསམ་བློ་གཅིག་པའི་མཛའ་འབྲེལ་གྱི་མངའ་སྡེ་ཁ་ཤས་ཀྱི་འབྲེལ་བ་ཡིན་པ་རྟོགས་ནུས་སོ།ཕྱིས་ཀྱི་རྒྱལ་རབས་ལོ་རྒྱུས་ན་དྲི་གུམ་དང་ལོ་ངམ་འཐབ་པའི་གནས་ཚུལ་འདིའང་འདྲ་མི་འདྲ་ཞིག་ཏུ་བྲིས་ནས་ཡང་སྙིང་གང་ཞིག་ལའང་ཆ་འཇོག་བྱེད་མི་ཤེས་པའི་ཚད་དུ་དེད་ཡོད།
   དྲི་གུམ་བཙན་པོའི་དུས་འདིར་བོད་ལ་ཤེས་རིག་ཕུན་སུམ་ཚོགས་པ་ཞིག་དར་ཡོད། མིའི་འདུར་ལས་ལག་རྩལ་དར་ཁྱབ་ཆེན་པོ་ཕྱིན་ཡོད་པ་དང་འདུར་བོན་གྱི་ལས་ཀ་རྒྱུགས་ཆེ་བའི་དུས་རབས་ཤིག་རེད། ཞང་ཞུང་གི་སྟག་གཟིག་དང་འ་ཞ་སོགས་ཕྱིའི་ཡུལ་ནས་འདུར་ལས་ལག་རྩལ་གྱི་ཆེད་མཁས་པ་གདན་དྲངས་ནས་འདུར་ལས་ལག་རྩལ་གྱི་བྱང་ཚད་ཇེ་མཐོར་བཏང་ཞིང་ཕྱིའི་རིག་གནས་ནང་དུ་འདྲེན་པར་སྒོ་ཆེན་པོར་ཕྱེ་ཡོད་པ་རེད། འདུར་ལས་ཟེར་བ་ནི་མིའི་གཤིན་པོ་དང་དུར་ས་བཟོ་སྟངས་སོགས་ཀྱི་ལས་ཀའི་མིང་ལ་ཟེར་ཞིང་སྐབས་འདི་དུས་ནས་བཟུང་བོད་ལ་རྒྱལ་པོའི་བང་སོ་ས་གཞིར་བརྩིགས་པའི་སྲོལ་དར་ཞིང་ཕྱིས་སུ་བང་སོ་སོགས་འདུར་གྱི་ལས་རིགས་འཕེལ་རྒྱས་ཕྱིན་ནས་འདུར་ལས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་ལྷག་ཡོད་པ་རེད།《རྒྱལ་རབས་མང་པོའི་རྣམ་གྲངས་ལེགས་བཤད》[55]ལས་ས་ཟིན་འདུ་བྱ་བར་མགར་བ་སྤུན་དགུས་བརྡུངས་པས་བོད་རལ་དགུ་ཟི་དང་དགུ་རོགས་ཟེར་བའང་དེ་དུས་དར་བར་བཤད་པ་དང་《ལྡེའུ་ཆོས་འབྱུང》[56]ལས་འབྱུང་བ་ལྟར་ཡི་གེ་བྱུང་བ་དང་བོན་དར་བ། ཕུར་ལྷ་མཆོད་པ། མདང་སྲི་གནོན་པ། རྔ་བཟོ་བའི་ལག་རྩལ་དར་བ། གླུད་གཏོང་བའི་ཆོ་ག་དར་བ་སོགས་ཆོས་ལུགས་ཀྱི་བྱ་འགུལ་སྣ་ཚོགས་དར་ཞིང་གཡུལ་འཐབ་པའི་ཕྱིར་དུ་སྨར་ཁམས་དེ་མོ་ས་ཆ་ནས་བྱང་ལེབ་ཉ་རྒྱབ་དང་འདྲ་ཞིང་མཐའ་སྲབ་ལ་དཀྱིལ་མཐུག་ཅིང་རྩེ་མོ་སེན་ཁ་རྩ་བ་གཟོང་ཁ་སྟེ་དམར་ཡུལ་ཉ་འདྲ་བྱ་བའི་ཁྲབ་གསར་དུ་ཐོན་པ་སོགས་ཀྱི་གནས་ཚུལ་ཀྱང་ཁམས་སྟོན་གྱིས་མཛད་པའི《རྒྱ་བོད་ཀྱི་ནོར་རྫས་ཀྱི་རིས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ་ཞེས་པ》[57]རུ་བཀོད་ཡོད། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སངས་རྒྱས་ཆོས་ལུགས་པའི་ཆོས་འབྱུང་གི་ལུགས་ལྟར་ན་དྲི་གུམ་གྱི་སྐབས་འདིར་གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང་ཞེས་བོན་པོའི་གཞུང་ལུགས་བྱུང་ཡོད་པར་བཤད་ཡོད། དེ་དག་ཞིབ་པར་ཞུ་མ་དགོས་པར་ཀ་ཐོག་རིག་འཛིན་ཚེ་དབང་གི་《རྒྱལ་རབས་གསེར་གྱི་ཕྲེང་བ》[58]དང་《ལ་དྭགས་རྒྱལ་རབས》[59]གཉིས་ཀྱང་ལུགས་འདིར་མཐུན་པས་དེར་གཟིགས་ཞིབ་གནང་ན་གོ་བར་འགྱུར་ཞིང་དེའི་ཆ་ལ་དཔྱད་གཞིའང་ཡོད་པར་སྣང་བས་རྣམ་པ་ཚོས་ཀྱང་ཐུགས་བསམ་ཞིབ་པ་གནང་རོགས། 
   རབ་བྱུང་ན་དྲི་གུམ་བཙན་པོའི་དུས་སྐབས་འདི་ནི་བོད་ཀྱི་ལོ་རྒྱུས་ལས་རིག་ཚན་དུ་བགོས་ནས་ཞིབ་འཇུག་གནང་ཐུབ་ན་ཡག་ཤོས་སུ་སྣང་ཞིང་འདིའི་སྐབས་ལ་བཤད་སྟངས་འདྲ་མི་འདྲ་ཞིག་ཆགས་ཡོད་པས་དོགས་གཞི་ཤིན་ཏུ་མང་པོ་ཞིག་ཡོད་ནའང་དེ་རིང་ཞིབ་པར་བཤད་རྒྱུའི་དུས་ཚོད་མེད་པས་དེ་ཙམ་གྱིས་ཆོག་པར་བྱོས་ལ་སྐབས་བྱུང་ན་རྗེས་སུ་ཡང་བསྐྱར་འདིའི་སྐོར་མུ་མཐུད་ནས་ལྒིང་གི་ཡིན། 

བསམ་ཡས་དགོན་པའི་རིག་གནས་ཀྱི་སྐོར།

   ཡང་བོད་ཀྱི་ལོ་རྒྱུས་ལས་གཙོ་བོར་ལྒིང་དགོས་པ་གཅིག་ནི་བསམ་ཡས་དགོན་པའི་དུས་རབས་དེ་རེད། ངས་དུས་རབས་དེར་‘བསམ་ཡས་ཤེས་རིག་གི་དུས་རབས’ཞེས་འབོད་བཞིན་ཡོད། དེ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་དེ་རེད་ལ་ཁྲི་སྲོང་ལྡེ་བཙན་ནི་ཏུན་ཧོང་ཡིག་ཆའི་ནང་དུས་རབས་བརྒྱད་པའི་སྐབས་སུ་བྱུང་ཞིང་ཁོང་གིས་རྒྱལ་སྲིད་བརྐྱངས་པའི་ལོ་ཚིགས་ནི་ཏུན་ཧོང་ཡིག་ཆ་ལྟར་བཀོད་ན་ཕྱི་ལོ742-797ཀྱི་བར་རེད། དུས་རབས་དེ་ནི་རིག་གནས་སྣ་མང་གི་དུས་ རབས་ཤིག་ཏེ་བོད་རང་སའི་ཡུལ་ན་བོན་ལུགས་ཀྱི་གྲུབ་མཐའ་དར་ཡོད། ཕྱིའི་རྒྱ་གར་གྱི་ཡུལ་ནས་སངས་རྒྱས་ཆོས་ལུགས་བོད་ནང་ལ་དར་ཡོད། རྒྱ་ནག་གི་ཡུལ་ནས་ཧྭ་ཤང་གི་ཆོས་ལུགས་བོད་ལ་དར་ཡོད་པ་བཅས་སྐབས་དེར་རིག་གནས་མི་འདྲ་བ་འདི་དག་གི་བར་ལ་རིག་གནས་ཀྱི་འགལ་བ་མང་པོ་འབྱུང་བཞིན་ཡོད་པས་ཧ་ཅང་འཁྲུག་རྩོད་ཀྱི་རྣམ་པ་ཤུགས་ཆེ་བ་ཞིག་རེད། དོན་དངོས་སུ་བཤད་ན་སུ་རྒྱལ་སུ་ཕམ་གྱི་རིག་གནས་འགྲན་རྩོད་ཀྱི་དུས་རབས་ཤིག་ཀྱང་རེད། རིག་གནས་ཀྱི་འགལ་བ་འདི་དག་དང་འབྲེལ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་བཀྲོངས་པའི་གནས་ཚུལ་བྱུང་བ་དང་ཞང་མ་ཞང་ཁྲོམ་པ་སྐྱེས་གསོན་དུར་དུ་སྦས་པའི་གནས་ཚུལ་ཚབས་ཆེན་བྱུང་བ་རེད། ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་དེར་བོན་པོའི་རིག་གནས་དང་སངས་རྒྱས་ཆོས་ལུགས་ཀྱི་བར་ལ་འགལ་བ་བྱུང་ནས་སུ་རྒྱལ་སུ་ཕམ་གྱི་བྱ་འགུལ་བོད་གཞུང་ནས་སྤེལ་ཡོད་པ་རེད། དེའི་གནས་ཚུལ་ནི་《རྦ་བཞེད》[60]རིགས་མི་འདྲ་བ་ཁག་བཞི་དང་《བཀའ་ཐང》[61]རིགས་མི་འདྲ་བ་ཁ་ཤས་གུང་བསྒྲིགས་ནས་ཞུས་ན་སྐབས་དེའི་བོན་གྱི་ཁ་འཛིན་ནི་ཞང་མ་ཞང་ཁྲོམ་པ་སྐྱེས་དང་སྟག་ར་ཀླུ་གོང་གཉིས་ཡིན་ལ་སངས་རྒྱས་ཆོས་ལུགས་ཀྱི་ཁ་འཛིན་ནི་གཉེར་སྟག་སྣ་དང་ཤཱཀྱ་ཏྲ་བ་གཉིས་ཡིན། དེའི་སྤྱི་ཞལ་ལམ་ཤན་འབྱེད་པ་གཙོ་བོ་ནི་འགོས་ཁྲི་བཟང་ཡབ་ལྷག་བརྐོས་ནས་རིག་གནས་སྣ་མི་འདྲ་བ་གཉིས་ཀྱིས་འགྲན་རྩོད་བྱས་པ་རེད། རྩོད་པ་བརྒྱབ་ནས་སངས་རྒྱས་ཆོས་ལུགས་ལ་རྒྱལ་ཁ་ཐོབ་པ་དང་གྲུབ་རྟགས་བསྟན་ནས་བོན་པོར་རྒྱལ་ཁ་ཐོབ་ཀྱང་མཐར་སངས་རྒྱས་ཆོས་ལུགས་བོད་གཞུང་ནས་ཁས་ལེན་བྱས་པ་རེད། དེའི་རྒྱལ་ཁའི་མཚོན་རྟགས་སུ་བསམ་ཡས་དགོན་པ་བཞེངས་རྒྱུ་དེ་རེད། ཡིན་ནའང་བསམ་ཡས་དགོན་པ་བཞེངས་པར་གྲོས་འགོ་བརྩམས་པ་ན་བོན་བློན་ཁ་ཤས་ཤིག་གིས་དེའི་སྐོར་ལ་བློ་མོས་མེད་པའི་བསམ་འཆར་བཏོན་ཅིང་ངོ་རྒོལ་ཤུགས་དྲག་བྱས་པ་རེད། འཕང་ཐང་ཆུས་ཁྱེར་བ་དང་དམར་པོ་རིར་ཐོག་བརྒྱབ་པ་སོགས་རང་བྱུང་ཁམས་ཀྱིས་བཟོས་པའི་གོད་ཆག་ཁ་ཤས་ཆོས་བྱས་པའི་ལན་པ་ཡིན་ཟེར་ནས་ངོ་རྒོལ་ཐེངས་མང་བྱས་ཡོད། དེ་ནས་འུ་ཐུག་ཐབས་ཟད་ཀྱིས་ཆོས་དང་ལེན་མ་བྱས་པའི་རིང་ལ་བོད་གཞུང་གིས་སློབ་དཔོན་པདྨ་འབྱུང་གནས་ཡང་བསྐྱར་གདན་འདྲེན་ཞུ་རྒྱུ་ཐག་བཅད་པ་རེད། དེའི་སྔོན་ལ་སློབ་དཔོན་པདྨ་འབྱུང་གནས་བོད་ལ་ཆོས་སྤེལ་བའི་ཕྱིར་དུ་ཐེངས་གཅིག་ཡོང་མྱོང་ཡོད་ནའང་བོན་ལུགས་ཤུགས་ཆེ་བས་ཆོས་སྤེལ་མ་ཐུབ་པར་ཕྱིར་བལ་ཡུལ་དུ་ཕེབས་ནས་ལོ་བཅུ་གཉིས་ཙམ་ལ་བོན་ཆོས་སྦྱངས་སོང་པ་རེད། གང་ལྟར་ཁྲི་སྲོང་ལྡེ་བཙན་གྱི་སྲིད་གཞུང་གིས་ཁོང་ཉིད་གདན་འདྲེན་ཐེངས་གཉིས་པ་ཞུ་དུས་བོད་ཀྱི་བོན་པོའི་ཆོས་ལུགས་ཀྱི་གནད་འགག་གི་དོན་སྙིང་དང་སྐབས་དེའི་བོད་མི་དམངས་ཀྱི་བསམ་བློའི་ནང་གི་དད་མོས་ཀྱི་ཡུལ་གཙོ་བོ་དེ་གང་ཡིན་ཁོང་གིས་གསལ་བོར་མཁྱེན་གྱི་ཡོད་པ་རེད། ཐོག་མར་བོད་ཡུལ་དུ་ཕེབས་དུས་བྱ་བ་གཞན་པ་ཅི་ཡང་མ་སྒྲུབ་པར་གང་མགྱོགས་སྒོས་སྐབས་དེའི་བོད་མི་དམངས་ཀྱི་བསམ་བློའི་ནང་གི་ཡུལ་ལྷ་གཞི་བདག་གི་དད་མོས་དེ་བསྒྱུར་ཅི་ཐུབ་བྱས་ཡོད། ཡར་ལྷ་ཤམ་པོ་དང་གངས་དཀར་ཤ་མེད་སོགས་བཏུལ་ནས་གསང་མཚན་བཏགས་ཤིང་སངས་རྒྱས་ཆོས་ལུགས་ལ་སྲུང་སྐྱོབ་དང་གནོད་པ་མི་སྐྱེལ་བའི་དམ་བཅའ་འཇོག་ཏུ་བཅུག་ཡོད། དེ་ནི་སྐབས་དེའི་བོད་མི་དམངས་ཀྱི་བསམ་བློའི་ནང་གི་སྟོབས་ཤུགས་བླ་ན་མེད་པ་དེ་ཤུལ་མེད་དུ་བསྒྱུར་བའི་ཐབས་ཤེས་ཤིག་ཡིན། བྱ་བ་དེ་དག་སྒྲུབ་ཚར་རྗེས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ད་བཟོད་བསམ་ཡས་རྩིག་རྨང་གཏིང་འགོ་ཚུགས་པ་རེད། ཡིན་ནའང་སྐབས་དེར་བསམ་ཡས་ཀྱི་རྩིག་པ་ཉིན་དཀར་བརྩིགས་པ་ན་མཚན་མོ་བོན་ལ་དད་པའི་མི་དམངས་ཀྱིས་ཤུལ་མེད་དུ་བཤིག་ནས་བསམ་ཡས་བཞེངས་པར་ངོ་རྒོལ་ཤུགས་ཆེན་བརྒྱབ་པ་རེད། དེ་ནས་དཀའ་ཁག་གང་མང་བརྒྱུད་མཐར་བསམ་ཡས་དགོན་པ་བཞེངས་འགྲུབ་བྱུང་ཞིང་དེ་ནི་སངས་རྒྱས་ཆོས་ལུགས་ལ་རྒྱལ་ཁ་ཐོབ་པའི་རྟགས་མཚན་དང་བོན་པོ་རྣམ་པར་ཕམ་པའི་མཚོན་རྟགས་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་ནས་རིམ་བཞིན་བསམ་ཡས་དགོན་པར་རྒྱ་གར་གྱི་ཆོས་དཔེ་བསྒྱུར་འགོ་ཚུགས་ཤིང་ཆོས་ལ་ཉམས་ལེན་དང་ཆོས་ལ་སློབ་སྦྱོང་བྱེད་པའི་བོད་ཀྱི་དགེ་སློང་ཐོག་མ་སྦ་ཁྲི་གཟིགས་བྱུང་བ་རེད། དེར་ཁྲི་སྲོང་ལྡེ་བཙན་གྱིས་ཁྱེད་རང་བོད་ཀྱི་རིན་པོ་ཆེ་རེད་ཅེས་བསྔགས་བརྗོད་གནང་པ་དང་སངས་རྒྱས་ཆོས་ལུགས་སློབ་སྦྱོང་གི་ཐད་ལ་རྒྱབ་སྐྱོར་ཤུགས་དྲག་བྱས་པའི་ཤུགས་རྐྱེན་ལས་སད་མི་མི་དྲུག་སྟེ་རབ་བྱུང་གི་སྡེ་ཐོག་མར་བྱུང་བ་རེད། དེ་ནི་ང་ཚོས་ཤེས་འོས་པའི་ལོ་རྒྱུས་ཀྱི་རྩ་བའི་ཤེས་བྱ་ཁག་ཅིག་རེད།
   དེ་ནས་སངས་རྒྱས་ཆོས་ལུགས་དར་བའི་ཁྲོད་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱ་བ་མང་པོ་ཞིག་སྒྲུབ་ཡོད་ནའང་རྩ་བའི་ཆ་ནས་བོད་མི་དམངས་ཀྱི་བསམ་བློའི་ནང་གི་དད་མོས་བསྒྱུར་བ་དང་བསམ་ཡས་དགོན་པ་བཞེངས་པ་དེ་གཉིས་གཙོ་ཆེ་བ་ཞིག་རེད། དེའི་རྗེས་སུ་ཁོང་ཉིད་བོད་ཀྱི་རྒྱལ་སྲིད་ཀྱི་ནང་ལ་ཞུགས་པའི་ཐབས་བཀོད་བརྒྱབ་ཡོད་པ་རེད། དེ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཁོང་ལ་ཕྱག་འབུལ་དགོས་ཞེས་བཤད་པ་དེ་རེད། ཡིན་ནའང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་དང་ཐོག་ཁས་ལེན་བྱས་མེད་ནའང་རྗེས་ནས་ཕྱག་ཕུལ་བ་ཙམ་དུ་མ་ཟད་ཁོང་གི་སྙིང་ཉེ་བའི་ཆུང་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡང་སློབ་དཔོན་པདྨར་ཕུལ་ཡོད་པ་རེད། དེ་ནི་སློབ་དཔོན་པདྨ་འབྱུང་གནས་ཁོང་ཉིད་བོད་ཀྱི་སྲིད་རྙོག་གི་ནང་ལ་གོམ་པ་སྤོས་པ་ཨང་དང་པོ་རེད། དེ་འདྲ་ཡིན་ཙང་སྐབས་དེའི་བློན་པོ་དག་གིས་སྔགས་མཁན་གྱི་མཐུ་དང་སྦྱར་ན་རྒྱལ་སྲིད་རྒྱ་གར་གྱིས་འཕྲོག་འགྲོ་བར་གོ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་གྲོངས་པའི་སྐོར་ལ་གྲོས་བསྡུར་བྱས་ཡོད་པ་རེད། དེར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཀྱང་ཡིད་མོས་བྱུང་བ་ལྟར་སློབ་དཔོན་པདྨ་འབྱུང་གནས་ཕྱིར་རྒྱ་གར་ལ་ཕེབས་པར་སྐུལ་སློང་བྱས་ཡོད་པ་རེད། གང་ལྟར་ཁོང་ཉིད་ཕྱིར་རྒྱ་གར་ལ་ཕེབས་པའི་ལམ་ཁར་བོད་ཀྱི་དམག་མི་མི་རྟ་བཅོ་བརྒྱད་ཀྱིས་རྒྱ་བོད་ས་མཚམས་ཀྱི་མང་ཡུལ་དོང་འཕངས་འཕྲང་དུ་སྐུ་བཀྲོངས་སོང་བ་རེད། སྐུ་གྲོངས་བའི་སྒྲུབ་བྱེད་འཐད་ལྡན་ནི་མིག་སྔའི་བཀའ་ཐང་སོགས་གུང་བསྒྲིགས་ནས་དཔྱད་ན་སྐབས་དེར་ཁོང་ཉིད་རྒྱལ་བློན་ཐམས་ཅད་ལ་ཐུགས་མ་མཐུན་པ་དང་གཅིག བློན་པོ་རྣམས་ཀྱིས་བོད་ཀྱི་ཆབ་སྲིད་རྒྱ་གར་གྱིས་འཕྲོག་པར་དོགས་ནས་སྐུ་གྲོངས་བའི་ཐད་ལ་ལྐོག་གྲོས་ཐེངས་གསུམ་བྱས་ཡོད་པ་དང་གཉིས དམག་རྟ་བཅོ་བརྒྱད་སྐུ་གྲོངས་བའི་ར་མདར་ཐོན་ཡོད་པ་དང་གསུམ། ཁོང་ཉིད་ར་མདའ་དང་འཕྲད་སའི་ས་ཆ་དེར་དོང་འཕངས་འཕྲང་དུ་ཐོགས་དོན་དང་བཞི། ནུབ་ཕྱོགས་སྲིན་པོའི་ཡུལ་དུ་ཕེབས་པར་བཤད་པ་ནས་ཁོང་གི་མཛད་འཕྲིན་གསལ་བོ་འགོད་རྒྱུ་མེད་པ་དང་ལྔ།《རྦ་བཞེད》[62]ལས་ད་རེ་ཞིག་ང་ལ་མིའི་ཡུལ་ན་གདུལ་བྱ་མེད་པས་ལྷོ་ནུབ་མཚམས་སུ་སྲིན་པོ་འདུལ་དུ་འགྲོ་ཞེས་པའི་ལུང་ཚིག་དེས་ནུབ་ཕྱོགས་སྲིན་པོའི་ཡུལ་དེ་ནི་འཇིག་རྟེན་སྟེང་གི་ཡུལ་དངོས་གནས་པ་ཞིག་མ་ཡིན་པར་བསྟན་པ་དང་དྲུག ཕ་ཡུལ་དུ་ཕེབས་ཁའི་མགུར་མ་ཕྱིས་སུ་བསྒྲིགས་པ་རྣམས་ལ་ཞལ་ཆེམས་ཞེས་མིང་འདོགས་དོན་དང་བདུན་གྱི་ཆ་དེ་རྣམས་ཡིན་ལ་རྒྱུ་མཚན་དེ་དག་ལས་ང་ཚོས་སློབ་དཔོན་ཁོང་ཉིད་ཀྱི་སྐུ་བཀྲོངས་ཟིན་པའི་གནས་ཚུལ་ལ་རྒྱུས་ལོན་ཅུང་ཟད་ཙམ་བྱེད་ནུས་ལ་དེ་ནི་བོད་ཀྱི་ལོ་རྒྱུས་རྣམས་ལས་གསལ་བོར་བཤད་མ་ཕོད་པར་ལྷོ་ནུབ་སྲིན་པོའི་ཡུལ་དུ་སྲིན་པོ་འདུལ་བར་ཆིབས་ཁ་ནས་ནམ་ཁར་འཕུར་སོང་བར་བཤད་ཅིང་ཚེ་ཡི་རིག་འཛིན་གྲུབ་ནས་རྡོ་རྗེ་སྐུ་ལ་འདས་གྲོངས་མེད་པར་བཤད་པ་དེ་རེད། དེ་ལ་སངས་རྒྱས་ཆོས་ལུགས་ཀྱི་ངོས་ནས་གསང་ཆེན་འཇའ་ལུས་དང་མཁའ་སྤྱོད་སོགས་ཀྱིས་འགྲེལ་བཤད་བརྒྱབ་ནའང་མི་ཆོག་པ་མེད་ལ་མཁས་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཡི་བཤད་སྲོལ་ལྟར་སྡིག་བློན་རྣམས་ཀྱི་ངོར་སྐུའི་བཀོད་པ་གཉིས་པ་ཞིག་བསྟན་པ་ཡིན[63]ཞེས་གོ་བ་བླངས་ནའང་འགྲིག་འགྲིག་ལྟར་སྣང་མོད་སྐབས་འདིར་སློབ་དཔོན་པདྨ་འབྱུང་གནས་ཀྱི་མི་ཚེའི་ལོ་རྒྱུས་རྣམས་ཚུར་མཐོང་སྐྱེ་བོའམ་འགྲོ་བ་མིའི་རིགས་ཀྱི་བྱ་བྱེད་གནས་ཚུལ་དང་འབྲེལ་ནས་བཤད་དགོས་པ་དམིགས་ཡུལ་དུ་བཟུང་ཡོད་སྟབས་དེའི་སྐོར་ཞིབ་པར་ལྒིང་མི་འདོད་ལ་ཁོང་ཉིད་སྐུ་གྲོངས་པའི་དོན་རྐྱེན་དེ་ནི་ལོ་རྒྱུས་ཀྱི་གསང་རྒྱ་ཡིན་པ་མ་ཟད་ཆོས་ལུགས་ཀྱི་བཀའ་རྒྱའང་རེད། སྐབས་དེ་ཤེད་ཅིག་ལ་འདི་ལྟར་བཤད་ན་བོད་གཞུང་གི་ཁྲིམས་ཀྱིས་བཀོད་སྒྲིག་བྱེད་སྲིད་པས་གནས་ཚུལ་དེ་ནི་འདི་ལྟར་ལོ་རྒྱུས་ཀྱི་གསང་བ་ཞིག་དུ་གྱུར་སོང་བ་རེད། དེར་མ་ཟད་མཁས་པའི་ཁྱུ་མཆོག་སློབ་དཔོན་བོ་དྷི་ས་ཏྭའི་ཞལ་ལ་རྟས་འཕྲ་ཡིས་བརྒྱབ་ནས་བཀྲོངས་པ་དང་རྒྱ་གར་གྱི་མཚན་ཉིད་རིག་པའི་སློབ་དཔོན་ཆེན་པོ་ཀཱ་མ་ལ་ཤི་ལ་མཁལ་མ་མཉེས་ནས་བཀྲོངས་པ་[64]སོགས་མདོར་ན་སྐབས་དེར་འཛམ་གླིང་ན་སྐད་གྲགས་ཆེ་བའི་དཔལ་ནཱ་ལེན་དྲའི་མཁན་པོ་དང་ལྷོ་བལ་གྱི་མཁས་པ་སྙན་གྲགས་ཅན་མང་པོ་ཞིག་གི་སྐུ་སྲོག་རྩ་ཆེན་པོ་རྣམས་ནང་བསྟན་བོད་ལ་དར་བའི་ཕྱིར་དུ་ཆབ་སྲིད་ཆེད་མཁས་ཀྱི་ཞང་བློན་རྣམས་ཀྱི་བཀོད་སྒྲིག་འོག་ཤོར་ཡོད་པའི་ལོ་རྒྱུས་ཀྱི་དོན་རྐྱེན་དེ་ནི་ཚང་མས་ཤེས་འོས་པ་ཞིག་རེད། དེ་འདྲའི་འཛམ་གླིང་གི་མཁས་པ་གྲགས་ཆེན་རྣམས་སངས་རྒྱས་ཆོས་ལུགས་སྤེལ་བའི་ཕྱིར་དུ་སྐུ་གྲོངས་སོང་བ་ནི་ང་ཚོས་ལོ་རྒྱུས་ལས་རྗེས་དྲན་བྱེད་འོས་པ་ཞིག་དང་དེའི་གསང་མདུད་གྲོལ་འོས་པ་ཞིག་ཡིན་པས་བདག་གིས་ལོ་རྒྱུས་ལས་བྱུང་བའི་གནད་དོན་འདི་ཉིད་སྐད་ཆ་དྲང་མོའི་སྒོ་ནས་ཁྱེད་ཚོར་ཞུས་པ་ཡིན་པས་དེ་ལ་དོ་སྣང་ཡོད་པར་ཞུ། དེ་དང་ཆབས་ཅིག་སངས་རྒྱས་ཆོས་ལུགས་དང་བོན་ལུགས་ཀྱི་འགལ་འཐབ་ཁྲོད་བོད་ཀྱི་བློན་པོ་བློ་གྲོས་ཅན་ཞིག་ཀྱང་མི་ཚེ་གང་བོར་དུར་སའི་ནང་ནས་འཚོ་བ་བསྐྱལ་དགོས་བྱུང་པ་རེད། དེ་ནི་ཞང་མ་ཞང་ཁྲོམ་པ་སྐྱེས་རེད། རྒྱ་རིགས་ཀྱི་ཞིབ་འཇུག་པ་མང་པོ་ཞིག་གིས་གསོན་དུར་ཞེས་པ་གསོན་པོར་དུར་དུ་བཅུག་ནས་བསད་པར་གོ་བ་ལེན་ཀྱང་བོད་ཀྱི་གསོན་དུར་ཞེས་པ་ནི་གསོན་པོར་དུར་སའི་ནང་ནས་འཚོ་བ་བསྐྱལ་དགོས་རྒྱུ་དེ་ཡིན་ལ་གལ་ཏེ་གསོན་དུར་དུ་ཚུད་ན་དབུགས་མ་ཆད་ཀྱང་མི་ཤི་བོར་བརྩི་བ་རེད། གསོན་དུར་བྱས་ཚུན་ཆད་ཆབ་སྲིད་ཀྱི་དོན་རྐྱེན་སོགས་ལ་འབྲེལ་བ་དང་སྐད་ཆ་བཤད་པའི་དབང་ཆ་ཅི་ཡང་མེད་ལ་འཆི་བའི་བར་དུ་དུར་ས་ནས་འདུག་དགོས་པའི་ཁྲིམས་ཤིག་ཡོད། དུར་ས་ཞེས་བཤད་ཀྱང་དོན་ལ་བཙོན་ཁང་དང་ཆ་འདྲ་ཞིང་དེར་དུར་དཔོན་ཞེས་དུར་སའི་ནང་གི་མི་རྣམས་ལ་བཀོད་འདོམས་བྱེད་པའི་དཔོན་པོ་ཞིག་དང་དུར་ཕྱུགས་ཞེས་དུར་གནས་ཀྱི་མི་རྣམས་གསོ་བའི་ཆ་རྐྱེན་གྱི་བ་འབྲི་སོགས་ཀྱང་ཡོད། སྔོན་དུས་བོད་ཀྱི་ཁྲིམས་ཁོངས་སུ་གསོན་དུར་ཞེས་པའི་ཁྲིམས་ལྕི་མོ་ཞིག་ཡོད་ལ་དེར་ཚུད་ན་མི་དེའང་ཤི་བོ་ཞིག་ལ་བརྩི་བ་ཡིན། བོད་ཀྱི་བློན་པོ་མ་ཞང་ཁྲོམ་པ་སྐྱེས་ཀྱང་ཆབ་སྲིད་ཀྱི་བདག་དབང་བླངས་ནས་གསོན་དུར་དུ་ཚུད་དེ་རིན་ཐང་བྲལ་བའི་མི་ཚེ་མཛད་འཕྲིན་བེད་སྤྱོད་མེད་པར་རྫོགས་སོང་བ་རེད། ཁོང་གིས་ཞང་སྣ་ནམ་པར་མདའ་ཡིག་འཕངས་ནས་ཁོང་ཉིད་ལ་དཀར་འདོན་བྱེད་དགོས་པའི་རེ་བ་བཏོན་ཡོད་ནའང་དོན་དག་དེ་ཉིད་ལམ་སློང་བྱུང་མེད་ལ་གནས་ཚུལ་དེར་ང་ཚོས་ལོ་རྒྱུས་ཀྱི་ཁྲོད་ནས་བློ་ཕམ་དང་འཁངས་ར་བྱེད་འོས་པ་ཞིག་རེད། ཚུལ་དེ་ལས་ལོ་རྒྱུས་ཀྱི་བསླབ་བྱས་གནང་བའི་མིག་ཆུ་འདོན་འོས་པ་ཞིག་ཀྱང་རེད།
ཡང་སྐབས་དེའི་རིག་གནས་གཞན་གཅིག་ནི་རྒྱ་ནག་ཧྭ་ཤང་གི་ཆོས་ལུགས་དེ་རེད། རྒྱའི་ཧྭ་ཤང་གི་བསམ་གཏན་ལུགས་ཀྱི་གྲུབ་མཐའ་དེ་ནི་དུས་ནམ་ཞིག་ལ་སུས་གསར་གཏོད་མཛད་པའི་སྐོར་གྱི་ཡིག་ཆ་ཁུངས་ལྡན་ཞིག་མ་རྙེད་པས་དེའི་འབྱུང་ཁུངས་སོགས་ཞིབ་ཆ་ཞིག་ཞུ་ཐུབ་མ་སོང་ཡང་ཕྱི་ལོའི་དུས་རབས་དང་པོའི་དུས་དཀྱིལ་ནས་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་བར་དུ་མཁས་ཤིང་གྲུབ་པའི་ཧྭ་ཤང་མང་པོ་ཞིག་བྱུང་མྱོང་ཡོད་པ་《རྒྱ་ནག་ཆོས་འབྱུང》[65]ན་གསལ་བོར་བཀོད་པ་ལྟར་དང་རྒྱའི་ཡིག་ཚངས་སོགས་ན་ཧྭ་ཤང་ལྔ་བརྒྱ་རྒྱ་གར་ལ་ནང་ཆོས་སྦྱངས་པར་ཕེབས་མྱོང་ཡོད་པར་གསལ་ལ་དེ་ལས་ཀྱང་སྐད་གྲགས་ཆེ་ཤོས་ནི་ཧྥ་ཤན་ནམ་ཆོས་ཀྱི་སྣང་བ[66]དང་ཞོན་ཙང་ངམ་སྡེ་སྣོད་གསུམ་པ[67] ཨུ་ཤང[68]སོགས་ཡིན་པར་མངོན། སྤྱིར་བཏང་ཧྭ་ཤང་དང་བོད་ཀྱི་འབྲེལ་བ་ནི་ཆོས་རྒྱལ་སྲོང་བཙན་གྱི་དུས་ནས་བཟུང་ཚུགས་ཡོད་ནའང་སང་ཤི་རྒྱ་ཡུལ་དུ་ཆོས་ལེན་པར་ཕྱིན་པའི་སྐབས་དེ་ནས་བཟུང་བོད་ཧྭའི་འབྲེལ་བ་རྒྱས་ཤོས་ཤིག་བྱུང་ཡོད་པར་འདོད་ཅིང་སྐབས་དེར་ཧྭ་ཤང་མངོན་ཤེས་ཅན་དང་འབྲེལ་ནས་སངས་རྒྱས་ཆོས་ལུགས་ཀྱི་སྐྱེ་བ་སྔ་ཕྱི་སོགས་བྱ་གཞག་མང་པོ་ཞིག་ཧྭ་ཤང་དང་འབྲེལ་ནས་སྒྲུབ་ཡོད་ཅིང་སྐབས་དེ་ཤེད་ཅིག་ནས་རྒྱའི་ཧྭ་ཤང་རྣམས་ཀྱིས་བོད་དར་སངས་རྒྱས་ཆོས་ལུགས་ཀྱི་ཁྲོད་ལ་ནུས་པ་གལ་ཆེན་བཏོན་ཡོད་པར་མ་ཟད་བོད་ཀྱི་བློན་པོ་རྣམས་ཡིད་ཆེ་སའི་མི་སྣ་གལ་ཆེན་དུའང་གྱུར་ཡོད། ཡིན་ནའང་ཕྱིས་སུ་ཧྭ་ཤང་མ་ཧཱ་ཡ་ནའི་དུས་ནས་བཟུང་བོད་དང་ཧྭ་ཤང་གི་འབྲེལ་བ་རྙོག་ཟིང་དུ་གྱུར་ཡོད། དེའི་རྒྱུ་རྐྱེན་ནི་མ་ཧཱ་ཡ་ནའི་ཡིད་ལ་ཅི་ཡང་མི་སྒོམ་པའི་གྲུབ་མཐའ་དེར་འབྲེལ་བ་ཡོད་པ་ཞིག་རེད། དུས་རབས་བརྒྱད་པའི་དུས་སྐབས་དེར་ཧྭ་ཤང་གི་ལྟ་བ་དེའི་ཤུགས་རྐྱེན་ཐེབས་ཚད་ཅུང་ཟད་ཚད་མཐོ་བ་ཞིག་སྟེ་ཁྲ་འབྲུག་གཙུག་ལག་ཁང་གི་ཅོང་རྙིང་གི་སྦྱིན་བདག་བཙུན་མོ་འབྲོ་བཟའ་བྱང་ཆུབ་རྗེའམ་ཁྲི་རྒྱལ་བཙུན་མོ་ཞུ་བ་དེའང་བློ་སེམས་རྩེ་གཅིག་གིས་སྐྲ་བཞར་ནས་ཧྭ་ཤང་མ་ནཱ་ཡའི་ཆོས་འོག་ཏུ་ཞུགས་སྟེ་རབ་ཏུ་བྱུང་བ་ཡིན་ཞེས《ཐེག་པ་ཆེན་པོ་ཅིག་ཅར་རིགས་པ་ཡང་དག་ངེས་པ》[69]རུ་འཁོད་པ་ལས་གསལ་མཚོན་བྱེད་ནུས་ལ་ཁྲི་སྲོང་ལྡེ་བཙན་གྱི་སྲིད་གཞུང་གིས་ཧྭ་ཤང་གི་ལྟ་བ་དེ་དར་བར་བཀག་རྒྱ་ཆེན་པོ་བཟོས་ཡོད་པ་སྟེ་དེ་ནི་ཤེས་རབ་སྤངས་ནས་ཡིད་ལ་ཅི་ཡང་མི་སྒོམ་པའི་ལྟ་བ་ཐ་ཆད་པ་ཞིག་ཡིན་པར་འདོད་པས་ཡིན། དོན་དངོས་སུ་ཧྭ་ཤང་གི་ལྟ་བ་དེ་ནི་འཇོག་སྒོམ་ཁོ་ན་ཙམ་ལས་དཔྱད་སྒོམ་མི་མཁོ་ཟེར་བ་དང་ཤེས་རབ་ཀྱི་རྩིས་མ་ཟིན་པའི་སྟོང་སྒོམ་ཁོ་ན་ཞིག་འདོད་པ་རེད་སྙམ་ལ་ཁ་ཅིག་གིས་ཕྱི་དོན་ཁས་མི་ལེན་པའི་རང་སྡེའི་སེམས་ཙམ་པའི་གྲུབ་མཐའི་འདོད་ཚུལ་ཡིན་པར་སྨྲ་བ་ནི་མ་བརྟག་བྱུང་རྒྱལ་དུ་སྨྲས་པ་ཙམ་ཞིག་ལས་མ་འདས་སམ་སྙམ། ཡང་ཁ་ཅིག་གིས་གོང་གསལ་གྱི་ཧྭ་ཤང་གི་ལྟ་བའི་སྐོར་འཁོད་པའི་ཡིག་ཆ་དེ་ལ་ཉམས་ཞིབ་བྱས་པ་བརྒྱུད་ཀཱ་མ་ལ་ཤི་ལ་དང་ཧྭ་ཤང་གིས་རྩོད་པ་བྱས་པའི་མཚན་ཡང་མི་གསལ་བ་དང་རྩོད་པ་རྒྱག་ཡུལ་གྱི་ས་མིང་ཡང་བསམ་ཡས་ཡིན་པར་འཁོད་མེད་པ་བཅས་ལ་བརྟག་ན་དོན་དངོས་སུ་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་དུ་གསལ་བའི་ཀཱ་མ་ལ་ཤི་ལ་དང་ཧྭ་ཤང་གི་རྩོད་པ་དེ་འདྲ་ཞིག་བྱུང་མྱོང་བར་དོགས་པ་འགོད་བཞིན་ཡོད་ནའང་སྒོམ་རིམ་མཐའ་མར་ཧྭ་ཤང་གི་འདོད་པ་བཀག་ཡོད་པའི་གཞུང་ཚིག་གསལ་བ་དེས་གོང་གསལ་གྱི་དོགས་གནས་འདི་ལ་ལན་གསལ་བོ་ཞིག་བསྐྱོན་ཡོད་པར་བསམ་ཡོད།
   དུས་རབས་བཅུ་གསུམ་པའི་ནང་དེར་ཐ་བོ་ཤང་ལ་གྱིན་ཞེས་བྱ་བའི་ཧྭ་ཤང་གི་རྗེས་སུ་འབྲངས་ནས་ཟིན་ཤིང་གི་རབ་བྱུང་བ་མང་པོ་ཡོད་ཅིང་དེ་དག་གི་ལྟ་བ་ངན་པ་ལ་རང་གཞན་གཉིས་ཆར་གནོད་པར་གཟིགས་ནས་རྒྱལ་པོས་བཀས་བསྐུལ་དེ་ཚར་བཅད་པའི་ལོ་རྒྱུས[70] བཀོད་ཡོད་པ་དང་ཆོས་རྒྱལ་འགྲོ་མགོན་འཕགས་པའང་སྐུ་དངོས་སུ་དེའི་གྲལ་ལ་བཞུགས་ནས་ཧྭ་ཤང་རྣམས་དང་རྩོད་པ་གནང་བའི་ལོ་རྒྱུས《ཀྲི་ཡོན་དགག་སྒྲུབ་ཀྱི་ཐོ་ཡིག》[71]ཅེས་པར་གསལ་བ་དང་ཁོང་གིས་ཧྭ་ཤང་གི་སྟོན་པ་ཚར་བཅད་པའི་ཚིགས་བཅད་རྩོམ་ཡིག《ཟིན་ཤིང་གི་སྟོན་པ་བཏུལ་བའི་ཚིགས་བཅད་བཞུགས》[72]ཞེས་པའང་རྩོམ་འབྲི་གནང་ཡོད། དུས་རབས་བཅུ་གསུམ་པའི་ནང་དེར་སེ་ཆེན་གྱིས་མོན་གོར་གན་གྱི་བཀའ་བཞིན《ལོ་ཙིས་ཧུའུ་མིར་བདམས་པ》[73]ཞེས་པའི་གཞུང་དེ་ཉིད་ཡང་དག་ཡིན་མིན་གྱི་སྐོར་ལ་ཁུ་སིན་གྱི་བཙུན་པ་ནཱ་མོ་ཉིད་དང་ཆོས་རྒྱལ་འགྲོ་མགོན་འཕགས་པ་སོགས་མི་སུམ་བརྒྱས་རྩོད་པ་གནང་བའི་དབུ་སྒོ[74]ཕྱེ་ཡོད། གཞུང་དེ་ནི་སངས་རྒྱས་ཆོས་ལུགས་ལས་ཁྱད་དུ་འཕགས་པའི་དཔང་བོ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་སྲོལ་ཡོད་པ་དང་དེ་ལ་བརྟེན་ནས་ནང་བསྟན་གྱི་དགོན་སྡེ་དག་ཧྭ་ཤང་གི་ལྟ་བར་བསྒྱུར་བའི་བསམ་པ་འཆང་ཡོད། གང་ལྟར་རྗེ་ཐམས་ཅད་མཁྱེན་པ་མཉམ་མེད་ཙོང་ཁ་བ་ཆེན་པོ་མ་བྱོན་པའི་སྔོན་དེར་ཧྭ་ཤང་གི་ལྟ་བ་དེ་ཉིད་གཙོ་རྒྱུགས་ཀྱིས་དར་ཁྱབ་ཆེན་པོ་ཕྱིན་ཡོད། ཕྱིས་ཀྱི་དུས་རབས་བཅུ་བཞི་བའི་ནང་དེར་བོད་ཀྱི་ཆོས་གཞུང་ཁ་ཤས་ན་ཧྭ་ཤང་གི་ལྟ་བ་དེ་ནི་མུ་སྟེགས་པའི་ལྟ་བ་ཤིག་ཡིན་པར་གསུངས་འདུག་ལ་རྗེ་བླ་མའི 《བྱང་ཆུབ་ལམ་རིམ་ཆེན་མོ》 [75]འི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་བསམ་གཏན་གྱི་ངོ་བོ་ཞི་གནས་ལ་ཇི་ལྟར་བསླབ་ཚུལ་གྱི་ལེའུ་དེར་རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་འདི་མདོ་སྡེ་ཨེ་ཡིན་མི་ཤེས་ཞེས་སྨྲས་ནས་རྐང་པས་དྲིལ་ཞེས་གྲགས་ཏེ་དེས་ནི་རྟོག་པ་གང་ཡིན་ཐམས་ཅད་མཚན་འཛིན་དུ་བཟུང་ནས་སོ་སོར་རྟོག་པའི་ཤེས་རབ་དོར་ཏེ་ཅི་ཡང་ཡིད་ལ་མི་བྱེད་པ་ཟབ་མོའི་དོན་སྒོམ་པར་འདོད་པ་དང་མཐུན་པས་དེ་ལྟར་བྱས་པའོ་ཞེས་ཧྭ་ཤང་གི་ལུགས་དེ་ཉིད་ཀྱིས་ཤེས་རབ་སྤངས་པའི་སྒོམ་པར་གཞོལ་བར་དགག་སྒྲུབ་གནང་ཡོད་ཅིང་རྗེ་རིན་པོ་ཆེ་བཞུགས་པའི་སྐབས་དེ་དུས་ཡིན་ནའང་ཧྭ་ཤང་གི་ལྟ་བའི་ཤུགས་རྐྱེན་ཆེན་པོ་འདུག་ཅིང་ལྷག་མཐོང་ཆེན་མོ་དང་རྩ་བ་ཊིཀ་ཆེན་སོགས་ནའང་དངོས་ཤུགས་སྦས་གསུམ་གྱིས་ལྟ་བ་དེ་ཉིད་འགོག་གནང་མཛད་ཡོད་ཅིང་རྗེ་བླ་མ་ལྟ་བུའི་ས་སྟེང་གི་མཁས་པ་ཆེན་པོ་ཞིག་གི་རྩ་བའི་སྒྲུབ་ཕྱོགས་གནད་འགག་ཆེ་གསུམ་གྱི་ཡ་གྱལ་དུ་ཕྱེས་པའི་དགག་ཡུལ་དུ་ལོངས་ནས་ཧྭ་ཤང་གི་ལུགས་དེ་ཉིད་རྒྱ་གར་གྱི་སློབ་དཔོན་ཆེན་མོ་ཀཱ་མ་ལ་ཤི་ལའི་(མཆན། ཀཱ་མ་ལ་ཤི་ལ་དང་ཕ་དམ་པ་གང་ཟག་གཅིག་ཡིན་པར་བྲིས་པའི་རྣམ་ཐར་རྙིང་བ་ཞིག་རྙེད་སོན་བྱུང་ནའང་ཡང་དག་པར་མི་འདོད་པས་མ་བཀོད) 《དབུ་མའི་སྒོམ་རིམ》[76] སོགས་མདོ་རྒྱུད་གཞུང་ལུགས་དུ་མ་ཁུངས་སུ་བཟུང་ནས་འགོག་གནང་མཛད་ཡོད་པར་དཔྱད་ན་ཧྭ་ཤང་གི་ལྟ་བ་དེ་ཉིད་ཀྱང་འོལ་ཚོད་ཀྱིས་སྨྲས་པ་ཙམ་མ་ཡིན་པ་རང་ག་བའི་སྐྱེ་བོ་རྣམས་ཀྱིས་ཀྱང་རྟོགས་ནུས་ཤིང་དེ་དང་ཆ་མཐུན་པར་ཆོས་རྗེ་ས་པ࿄་གྱི་《སྡོམ་གསུམ》[77]ནའང་ད་ལྟའི་ཕྱག་རྒྱ་ཆེན་པོ་དང་།རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ལ།ཡས་བབས་དང་ནི་མས་འཛེག་གཉིས།རིམ་གྱིས་པ་དང་ཅིག་ཆར་བར། མིང་འདོགས་བསྒྱུར་བ་མ་གཏོགས་པ།དོན་ལ་རྣམ་པར་དབྱེ་བ་མེད་ཅེས་ཕྱག་རྒྱ་ཆེན་པོ་སྟོང་ཉིད་རྟེན་འབྲེལ་དབྱེར་མེད་དུ་འདོད་པ་དང་ཧྭ་ཤང་གིས་ཡིད་ལ་ཅི་ཡང་མི་བྱེད་པའི་འདོད་པ་གཉིས་གཞི་འདྲ་བར་གསུངས་ནས་འགོག་གནང་མཛད་ཡོད་པ་དང་《ཆོས་འབྱུང་མཁས་དགའ》[78]སོགས་ཀྱང་ཧྭ་ཤང་གི་ལུགས་དེ་ཡང་དག་པ་མིན་པའི་ཚུལ་དེར་འཐད་ཅིང་《ཆག་ལོ་ཆེན་པོའི་ལམ་ཡིག》[79]ནའང་བོད་ལྟ་བ་མ་དག་པ་ཡོད་། སྔོན་ཧྭ་ཤང་མ་ན་ཡ་ནའི་ལྟ་བ་དར། ད་ལྟའང་དེ་དང་འདྲེས་ཞེས་མཁས་པ་ཆེན་པོ་དག་གི་དགག་བྱར་བཟུང་བར་གཞིགས་ན་ཧྭ་ཤང་གི་ལྟ་བ་དེས་བོད་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པ་ཤེས་ནུས་ལ་ཉེ་བའི་ཆར་ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་ནེ་ཕུར་ཟེར་བ་ཞིག་གིས་བྲིས་པའི་《བོད་བརྒྱུད་ནང་བསྟན་གྱི་དབུ་མའི་ལྟ་གྲུབ》[80] ཅེས་པའི་དེབ་གཞི་རུ་རྗེ་བཙུན་བླ་མ་ཙོང་ཁ་བ་ཆེན་མོས་ཧྭ་ཤང་གི་ལྟ་བ་འཁོད་པའི་རྒྱའི་ཡིག་ཆ་མ་མཐོང་བ་སོགས་རིགས་པ་མགོ་འབུས་ཀྱི་ཞིབ་འཇུག་གི་ལྟ་བ་ཁ་ཤས་མངོན་རྒྱུ་འདུག་ཀྱང་དཔྱད་པ་ཉི་ཚེ་བ་ཙམ་ལས་ཡིད་བརྟན་འཕེར་བའི་སྒྲུབ་བྱེད་སོགས་འཁོད་རྒྱུ་མེད་ལ་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་རྩོམ་《རྒྱ་ནག་ཧྭ་ཤང་གི་བྱུང་ཚུལ་གྲུབ་མཐའི་ཕྱོགས་སྔ་དང་བཅས་པའི་ས་བོན་ཙམ་སྨོས་པ་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན》[81]ཞེས་པར་ཧྭ་ཤང་གི་ལྟ་བ་དེ་ནི་ནང་བ་སངས་རྒྱས་ཆོས་ལུགས་པའི་ལྟ་བ་ཁ་ཤས་དང་མཐུན་རབས་བཀོད་ཡོད་པ་དང་དེ་ཉིད་ནི་ནང་བའི་གྲུབ་མཐའ་ཞིག་ཡིན་པར་ཡང་གསུངས་ཡོད་ལ་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་ཕྱིས་སུ་རྒྱ་ནག་ཧྭ་ཤང་གི་ལུགས་འདི་སེམས་ཙམ་པའི་ལྟ་བར་དང་ནོར་བ་བྱུང་ཡོད[82]ཅེས་དཔྱད་གཞི་མཛད་ཡོད་པས་དེ་ལ་ང་ཚོས་ད་དུང་དཔྱད་པ་གནང་འོས་པ་ཞིག་རེད། དོན་དངོས་སུ་ལྟ་བ་དེ་ནི་ཧྭ་ཤང་མ་ཧཱ་ཡ་ན་བྱ་བ་དེས་བོད་ལ་ཁྱེར་ཡོང་ནས་དར་བར་གྲགས་ཤིང་《སྨན་དཔྱད་ཟླ་བའི་རྒྱལ་པོ》[83]ལས་འཕྲུལ་གྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་རྒྱ་ནག་གི་བེ་ཧང་ཀ་མ་ཧྭ་ལ་དཔེ་ཞུས་ཏེ་ཧྭ་ཤང་མ་ཧཱ་ཡ་ན་དང་བཻ་རོ་ཙ་ནས་བསྒྱུར་ཞེས་འབྱུང་བར་དཔྱད་ན་ཧྭ་ཤང་མ་ཧཱ་ཡ་ནཱ་ནི་རྒྱ་ནག་གི་རིག་གནས་མ་ཟད་རྒྱ་གར་དང་བོད་སྐད་ལའང་མཁས་པའི་ལོ་ཙཱ་བ་ཞིག་ཏུ་གོ་ཐུབ་པ་དང་ལོ་ཆེན་བཻ་རོ་ཙ་ན་དང་མཉམ་པོར་རྒྱ་གཞུང་བོད་སྐད་ལ་བསྒྱུར་བའི་འཕྲིན་ལས་རྒྱས་ཡོད་པར་བརྟགས་ན་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་ཞིག་ཡིན་པ་རྗེས་སུ་དཔག་ནས་རྟོགས་ནུས་ཤིང་ཁོང་གི་གྲུབ་མཐའི་ལུགས་དེ་ཉིད་ཅིག་ཅར་བ་ཡིན་པར་འདོད་ལ་དེའི་ལྟ་བ་གཙོ་བོ་ནི་ཡིད་ལ་ཅི་ཡང་མི་སྒོམ་པའི་དམ་བཅའ་དེ་ཡིན། དེ་ནི་སྤྲིན་དཀར་ནག་གང་ཡིན་ཀྱང་ཉི་མ་སྒྲིབ་པ་འདྲ་མཚུངས་ཡིན་ཞེས་དཔེ་ཡི་སྒོ་ནས་གསལ་བཤད་བྱེད་པ་དེ་སོགས་ཡིན་ལ་ཁོང་གིས་ལྟ་བ་དེ་སྒྲུབ་པའི་ཆེད་དུ་《བསམ་གཏན་ཉལ་བའི་འཁོར་ལོ》[84]དང་《བསམ་གཏན་གྱི་ལོན་དང་ཡང་ལོན་གཉིས》[85]《མདོ་སྡེ་བརྒྱད་ཅུའི་ཁུངས》[86]བཅས་པ࿄་ཆེན་བསོད་གྲགས་ཀྱིས་གསུམ་དང་ས་པ࿄་གྱིས་བསྟན་བཅོས་ལྔ་མཛད་པར་གསུངས[87]ཡོད་ནའང་ད་ལྟའི་ཆར་དཔེ་ཆ་དེ་རྣམས་ལས་ཁ་ཤས་ཤིག་གི་བརྗོད་བྱ་ཚལ་ཐོར་རྣམས་ཧྥ་རན་སེའི་རྒྱལ་སར་ཡོད་པའི་ཏུན་ཧོང་ཡིག་ཆ་ལས་མཐོང་ཐུབ་པར་བཤད་ཡོད་ལ་གཞན་ཏུ་ན་དེ་དག་གི་ཚིག་རིས་ཙམ་ཡང་མཐོང་དཀོན་པའི་གནས་སུ་གྱུར་ཡོད། གང་ལྟར་ཧྭ་ཤང་གི་ལྟ་བ་དེ་དང་འབྲེལ་ནས་རིམ་གྱིས་པ་དང་ཅིག་ཅར་བ་ཞེས་པའི་དོན་དང་ཐ་སྙད་སོགས་བོད་མ་ཁོ་ན་ཡིན་ཞེས་མཐོང་ཆུང་བྱེད་མཁན་མང་དུ་འདུག་ནའང་《ཀ་དཔེ་རྩ་བའི་སྡོམ》[88]དུ་གང་ཟག་བློ་ཡི་ཁྱད་པར་གྱིས།རིམ་གྱིས་པ་དང་ཅིག་ཆར་པ།རིམ་གྱིས་སྨན་ཆེན་དེ།ཅིག་ཆར་བའི་དུག་ཆེན་ཡིན། ཅིག་ཆར་བའི་སྨན་ཆེན་དེའང།རིམ་གྱིས་བའི་དུག་དུ་འགྱུར།དེས་ན་སྦྱངས་པ་འཕྲོ་ཅན་ལ།ཅིག་ཆར་བ་ནི་བསྟན་པར་བྱ།སེམས་ཅན་དང་པོ་ལས་ཅན་ལ།རིམ་གྱིས་པ་ནི་བསྟན་པར་བྱ་ཞེས་པས་བོད་མའི་མིང་ཡིན་པར་དགག་པར་མི་ནུས་ཤིང་དོན་དེའང་དབང་པོ་རབ་འབྲིང་ཐ་གསུམ་ལ་བཤད་པས་དོན་ཡང་དགག་པར་མི་ནུས་པ་ཞིག་ཏུ་འགྱུར་བ་སོགས་ཧྭ་ཤང་གི་ལྟ་བ་འདིར་དཔྱད་པའི་གཞི་རྒྱ་ཆེ་བར་བསམ་ཡོད། ཧྭ་ཤང་གི་ལྟ་བ་འདི་ཕྱིས་སུ་གྲུབ་མཐའི་ཆགས་སྡང་གི་དབང་གིས་ཕན་ཚུན་ལ་ཕྲག་དོག་བྱེད་པའི་ལག་ཆ་ཞིག་ཏུ་སྤྱད་ཡོད་པ་སྟེ་དཔེར་ན་རྙིང་མ་དང་བོན་པོ། ཇོ་ནང་བ་སོགས་ཧྭ་ཤང་གི་ལུགས་ཡིན་པར་ཆོས་འབྱུང་ཁ་ཤས་ནས་མང་དུ་བཤད་པ་དེ་བཞིན་ནོ། །
   དེ་ཡང་བོད་གཞུང་ནས་སྔ་ལུགས་ལྟར་འགྲན་རྩོད་ཀྱི་བྱ་འགུལ་སྤེལ་ནས་ཧྭ་ཤང་མ་ཧཱ་ཡ་ན་དང་མྱང་ཤ་མི། སྙ་བྱེ་མ་ལ། བོད་ཀྱི་རྔོག་རིན་པོ་ཆེ་སོགས་རྒྱ་ནག་ཧྭ་ཤང་ཆོས་ལུགས་ཀྱི་ཁ་འཛིན་དང་བལ་ཡུལ་གྱི་མཁས་པ་ཀཱ་མ་ལ་ཤི་ལ་དེ་དག་གི་རྩོད་ཡ་བྱས་ནས་ཧྭ་ཤང་གི་ལྟ་བ་དེ་ཉིད་རིགས་པས་ཕམ་པར་བརྒྱབ་སྟེ་ཚར་བཅད་པར་བརྟེན་དེའི་རྗེས་འཇུག་གི་སློབ་མ་ཁ་ཤས་ཀྱིས་རང་སྲོག་བཅད་པའི་གྱོང་གུན་སྣ་ཚོགས་ཤིག་བཟོས་ཡོད་པར་སྣང་ལ་བོད་ཀྱི་ཆོས་འབྱུང་ཁ་ཤས་ཀྱི་ནང་ལ་ཧྭ་ཤང་རང་གིས་ཀྱང་མགོ་བོ་སྲིང་བལ་གྱིས་དཀྲིས་པའི་སྟེང་དུ་མར་ཁུ་བྱུགས་ནས་མེ་ལ་བཏང་སྟེ་རང་སྲོག་བཅད་ཅེས་འཁོད་ཡོད་ནའང་《བོད་ཀྱི་སེར་མོ་བའི་ཆོས་རྩོད་ལོ་རྒྱུས》[89]ཞེས་པར་དེའི་ཕྱིས་སུ་ཧྭ་ཤང་ད་དུང་ཏུན་ཧོང་ས་ཆར་བཞུགས་པའི་སྒྲུབ་བྱེད་འཁོད་ཡོད་པ་དང་《བདུད་འཇོམས་ཆོས་འབྱུང》[90]ནའང་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མ་ཧཱ་ཡཱ་ན་ལ་སོགས་ལ་སྤྱན་དྲངས་ནས་སྡེ་སྣོད་གསུམ་དང་རྒྱུད་ཀྱི་ཆ་ལག་སོགས་བསྒྱུར་ཞེས་བཤད་ཡོད་པའང་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་ཡིན་པ་ཡིག་རྙིང་ཁུངས་བཙུན་རྣམས་ལས་བཤད་པས་ལྟ་ཚུལ་དེ་ནི་ནོར་འཁྲུལ་བ་ཡིན་པ་སོགས་འདིའི་སྐོར་གྱི་གནད་དོན་ཁ་ཤས་ད་དུང་ཞིབ་དཔྱད་བྱེད་དགོས་པའི་གཞིར་ལུས་ཡོད་ལ་གང་ལྟར་རྒྱ་ནག་ཧྭ་ཤང་གི་བསམ་གཏན་ལུགས་ཀྱི་གནས་ཚུལ་ཞིབ་པ་ནི་མི་རིགས་གཞན་གྱི་ཡི་གེར་བྲིས་པ་མཐོང་རྒྱུ་ཡོད་ནའང་བོད་རིག་པའི་ཁྱབ་ཁོངས་སུ་བོད་པ་རང་གི་ཡིག་ཚངས་སོགས་ཁུངས་སུ་བྱས་པའི་ཉམས་ཞིབ་ཀྱི་འབྲས་བུ་ཤིན་ཏུ་དཀོན་པར་བརྟེན་ད་ལམ་སྟོང་ཆ་དེའི་ཕྱོགས་སུའང་བརྟག་དཔྱད་དང་དོ་སྣང་བྱེད་པར་རིགས་སོ། །

བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར།

   ད་ནི་ཁ་སང་ཞིག་ལ་བོད་ཀྱི་ན་གཞོན་ཁ་ཤས་ནས་འཆད་ཁྲིད་ནང་གི་ཚན་པ་གཅིག་ལ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་གྱི་ལྒིང་གཞི་ཞིག་འདོན་རོགས་ཞེས་རེ་བ་བརྒྱབ་སོང་། ཡིན་ནའང་ང་ལ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་གྱི་ཤེས་བྱ་དང་དེའི་སྐོར་གྱི་ཡིག་ཚངས་ཁུངས་ལྡན་ཅི་ཡང་ལག་སོན་བྱུང་ཐུབ་མེད། བྱས་ཙང་དེའི་སྐོར་ནས་ཡག་པོ་ཞུ་ཐུབ་པའི་སྤོབས་པ་གང་ཡང་མེད་མོད་རང་གིས་ལྟ་ཀློག་བྱས་པའི་ཆོས་སྲིད་ཟུང་འབྲེལ་གྱི་ཡིག་ཆ་ཁ་ཤས་ལ་དབྱེ་ཞིབ་དང་དེ་ལས་འཕྲོས་པའི་ལྟ་ཚུལ་བཤད་རྒྱུ་ཡིན། ད་ལྟ་མི་མང་པོ་ཞིག་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལྟ་ཚུལ་དེའི་སྟེང་ནས་རྩོད་པ་ཤོར་བ་དང་ཕན་ཚུན་ཤགས་འདེབས་བྱས་པའི་གནས་ཚུལ་ཡང་གོ་ཐོས་བྱུང་རྒྱུ་ཡོད། ངས་བལྟས་པའི་ཆོས་སྲིད་ཟུང་འབྲེལ་གྱི་དེབ་གཞི་གཙོ་བོ་ནི་མཁས་པའི་དབང་པོ་དུང་དཀར་རིན་པོ་ཆེ་མཆོག་གིས་མཛད་པའི་《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ》[91]དང་《ཧྥེ་ཨེར་པ་ཧི་ཡིས་བཏོན་པའི་ཆོས་སྲིད་ཟུང་འབྲེལ》[92]གྱི་ལྟ་ཚུལ་སྐོར། མཁས་དབང་ནམ་མཁའི་ནོར་བུའི་གསུང་རྩོམ་《གཟི་ཡི་ཕྲེང་བ》[93]ལས་ཆོས་དང་སྲིད་ཀྱི་ལེ་ཚན་སྐོར། གསེར་རྟ་ལྔ་རིག་གྲོང་ཁྱེར་གྱི་གཞོན་སྐྱེས་མཁས་པ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོའི་《ཆོས་སྲིད་ཟུང་འབྲེལ་དང་བོད་རིག་པའི་འཕེལ་ཕྱོགས་སྐོར་ལ་དཔྱད་པ》[94]ཡི་སྐོར། ཟི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲི་ཧྲོའུ་ཡི་《བོད་ཀྱི་ཆོས་སྲིད་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས》[95]སྐོར། མཁས་དབང་བོན་བརྒྱ་མཆོག་གི་《ཆོས་སྲིད་ཟུང་འབྲེལ་གྱི་འདུ་ཤེས་གསར་བའི་ཡོ་ལང》[96]ཞེས་པའི་གསུང་རྩོམ། སྒོ་ཤེས་རབ་ལགས་ཀྱིས་བྲིས་པའི་《ང་ཚོ་སད་རན》[97]ནང་གི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་སོགས་མཁས་པའི་གསུང་རྩོམ་དང་དེང་གི་དཔྱད་འབྲས་ཁ་ཤས་ལ་བལྟས་པའི་མྱོང་ཚོར་བཤད་རྒྱུ་ཡིན། ངས་བལྟས་ན་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཀྱི་ལམ་ལུགས་ཤིག་ལ་ངོས་བཟུང་ན་འགྲིག་གི་རེད། དེ་མིན་གླིང་གཞན་པ་ཞིག་དང་སྤྱི་ཚོགས་གཞན་པ་ཞིག་གི་ཆོས་སྲིད་ཟུང་འབྲེལ་གྱི་ཉམས་མྱོང་དང་དེའི་ཕྱོགས་སྡོམ་གྱི་སྡོམ་ཚིག་ཁྱེར་ཡོང་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་གནས་ཚུལ་ལ་ལྟ་མི་རུང་སྟེ་དེ་ནི་ཕྱི་གླིང་བའི་ཞྭ་གོས་བོད་མིར་བསྐོན་པ་རང་རེད། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་བོད་རང་གི་ཁྱད་ཆོས་ལྡན་དགོས་པ་མ་ཟད་བོད་རང་གི་སྤྱི་ཚོགས་ཀྱི་ཁྲོད་ནས་བྱུང་ཞིང་བོད་རང་གི་སྤྱི་ཚོགས་ལྟར་འགྲེལ་བཤད་རྒྱག་དགོས་འོས་པ་ཞིག་རེད། ཆོས་སྲིད་ཟུང་འབྲེལ་ཡིན་ན་ཆོས་སྲིད་མཉམ་བསྲེས་བྱེད་དགོས་པའི་ངེས་པ་དེ་བས་ཀྱང་མེད་མོད་ད་ལྟའི་དུས་མཚམས་སུ་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ལ་ཆོས་སྲིད་མཉམ་བསྲེས་ཀྱི་གོ་བ་ལེན་བཞིན་ཡོད་པ་ཧ་ཅང་མང་མོད་དེ་ནི་ནོར་འཁྲུལ་གྱི་ལྟ་ཚུལ་ཁོ་ན་རང་རེད། དུང་དཀར་ཚང་གི་ཆོས་སྲིད་ཟུང་འབྲེལ་རྒྱ་ཡིག་ལ་བསྒྱུར་དུས་སུ་ཀྲིན་ཅོ་ཧི་ཡུས(政教合一)ཞེས་བསྒྱུར་ཡོད་པ་རེད། ཧི་ཡུས་ཟེར་བ་ནི་གཉིས་པོ་མཉམ་བསྲེས་བྱས་ནས་གཅིག་ཏུ་གྱུར་ཟིན་པའི་གོ་དོན་རེད།བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ནི་ཆོས་ཀྱིས་སྲིད་ལ་རམ་འདེགས་བྱེད་པ་དང་སྲིད་ཀྱིས་ཆོས་ལ་རམ་འདེགས་བྱེད་པའི་ལམ་ལུགས་ཤིག་རེད། དཔེར་ན་ཚ་བ་ཤུགས་ཆེ་བའི་དུས་སུ་གྲང་བས་རམ་འདེགས་བྱེད་དགོས་པ་དང་གྲང་བ་ཤུགས་ཆེ་བའི་དུས་སུ་ཚ་བས་མགོ་གནོན་དགོས་པ་ཇི་བཞིན་གཅིག་གྲོགས་གཅིག་ལ་འཁྱེར་ཚུལ་གྱི་ལམ་ལུགས་ཤིག་ལ་ཟེར་བར་འདོད་དོ།། ཚུལ་འདི་ལྟ་བུའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་བོད་རྒྱལ་ཉག་ཁྲིའི་དུས་ནས་བཟུང་བོད་གངས་ཅན་གྱི་ལྗོངས་སུ་དར་ཁྱབ་བྱུང་ཡོད་པ་རེད། འོན་ཀྱང་དེའི་དུས་སུ་ཆོས་སྲིད་གཉིས་ལྡན་གྱི་ལམ་ལུགས་འདི་ལ་ཆོས་སྲིད་ཟུང་འབྲེལ་ཞེས་མིང་གདག་ཏུ་མེད་ནའང་དེའི་གྲུབ་དོན་སྔར་ནས་སོང་ཚར་བ་རེད། ཁ་ཅིག་གིས་《ཆོས་འབྱུང་འབེལ་གཏམ་ཉུང་ངུ》[98]ལས་བོན་ཞང་ཞུང་གི་གྲུབ་མཐའ་ལུགས་གཉིས་ཟུང་འཇུག་གི་ཁྲིམས་ཀྱིས་ཚར་བཅད་ཅེས་པའི་ཚིག་གི་ངོ་གདོང་ཁོ་ནར་འཁྲུལ་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཁྲི་སྲོང་ལྡེ་བཙན་ནས་འགོ་ཚུགས་པ་ལྟ་བུ་ཞིག་སྨྲ་ལ《མཚོ་བོད་མཐོ་སྒང་གི་ལོ་རྒྱུས་དང་ཤེས་རིག》[99]ཅེས་པའི་དེབ་གཞི་རུ་དུས་རབས་བཅུ་བདུན་པའི་དུས་སྐབས་སུ་བོད་ལྗོངས་གཅིག་གྱུར་གྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གཞི་ཚུགས་ཐུབ་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་ལ་རྨང་གཞི་བཏང་ཞེས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་དངོས་གནས་པ་སྐབས་དེ་ཤེད་ཅིག་ནས་བོད་ལ་དར་ཡོད་པར་བཤད་ནའང་རང་ལུགས་ལ་མ་མཐའ་ཡང་བོད་རྒྱལ་ཉག་ཁྲིའི་དུས་མཚམས་ནས་ཡོད་པའི་དམ་བཅའ་དེར་ཤིན་ཏུ་འཐད། ཡིན་ཙང་ང་ཚོས་ངེས་པར་དུ་ཆོས་སྲིད་ཟུང་འབྲེལ་གྱི་ཟླས་དྲངས་པའི་ཆོས་དང་ཆོས་སྲིད་ཟུང་འབྲེལ་གྱི་ཟླས་དྲངས་པའི་སྲིད་ལ་གོ་བ་ཡང་དག་པ་ཞིག་ལོན་དགོས། ཆོས་ཞེས་པ་ནི་ཡིན་གཅིག་མིན་གཉིས་དམ་པའི་ཆོས་ཏེ་སངས་རྒྱས་ཆོས་ལུགས་ལ་གོ་བའི་ངེས་པ་གཏན་ནས་མེད་དེ་སངས་རྒྱས་ཆོས་ལུགས་བོད་ལ་མ་དར་བའི་ཡར་སྔོན་གྱི་བོན་ལུགས་སྣ་ཚོགས་པའི་སྤྱི་མིང་ལའང་ཆོས་ཞེས་འབོད་པ་ཡིན་ལ་སྐད་བརྡ་རིག་པའི་འགྱུར་རིམ་གྱི་ཆ་ནས་དཔྱད་ནའང་བོན་དང་ཆོས་ཞེས་པའི་བརྡ་གཉིས་པོ་ཕན་ཚུན་མི་འགྱུར་བའི་ངེས་པའང་མེད་སྙམ་སྟེ་ལྷ་ས་བས་བྱམས་པ་ལ་ཆམས་པ་ཞེས་སོགས་འབོད་པའང་དེའི་སྐོར་གྱི་ཤེས་བྱེད་ཅིག་རེད། སྔ་དུས་སུ་བོན་ལ་ཆོས་སུ་འབོད་ཚུལ་གྱི་ཤེས་བྱེད་ནི་《ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་གཉིས་པའི་ཡི་གེ》[100]ན་བོད་ཀྱི་ཆོས་རྙིང་བ་མ་ལེགས་ལ་སྐུ་ལྷ་གསོལ་བ་དང་ཆོ་ག་མི་མཐུན་པས། ཀུན་ཀྱང་མ་ལེགས་སུ་དོགས་ཏེ། ལ་ལ་ནི་སྐུ་ལ་དམར་ཡང་དོགས། ལ་ལ་ནི་ཆབ་སྲིད་གོད་ཀྱིས་ཀྱང་དོགས་ཞེས་བཀོད་ཡོད་པའི་སྐབས་ཀྱི་བོད་ཀྱི་ཆོས་རྙིང་བ་ཟེར་བ་ནི་ཡ་ཐོག་བོན་ལུགས་སྣ་ཚོགས་འདུས་པའི་བོན་པོའི་ཆོས་ལུགས་ལ་བཤད་པ་ཡིན། དེ་འདྲ་ཡིན་ཙང་ཆོས་སྲིད་ཟུང་འབྲེལ་གྱི་ཟླས་དྲངས་པའི་ཆོས་དེ་ནི་མཐའ་གཅིག་ཏུ་སངས་རྒྱས་ཆོས་ལུགས་ཡིན་དགོས་པའི་ངེས་པ་ཁྱོན་ནས་ཡོད་པ་མ་རེད། བོན་པོའི་ཆོས་ལུགས་ཟེར་དུས་སྤྱི་མིང་ཞིག་ཡིན་ཞིང་དེ་ལ་སྲིད་པའི་བོན་ལུགས་དང་གཡུང་དྲུང་བོན་ལུགས་བཅས་གཉིས་སུ་འདུ་ལ་དེ་གཉིས་ཀྱི་ཁྱད་པར་ནི་སྟོན་པ་གཤེན་རབས་མི་བོའི་བསམ་བློའི་གྲལ་དུ་ཚུད་མ་ཚུད་ཀྱིས་འཇོག་བཞིན་ཡོད། རིམ་བཞིན་ཆོས་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལ་འགྱུར་བ་ཕྱིན་ནས་སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་ཀྱི་ཚད་དེ་འདྲ་ཞིག་ལ་སླེབས་པ་རེད། དེ་ནི་ཆོས་སྲིད་ཟུང་འབྲེལ་གྱི་ཟླས་དྲངས་པའི་ཆོས་ལ་གོ་བ་ལེན་སྟངས་རགས་པ་ཙམ་རེད།
   དེ་ནས་ཆོས་སྲིད་ཟུང་འབྲེལ་གྱི་ཟླས་དྲངས་པའི་སྲིད་ཀྱི་གོ་དོན་ནི་ཐོག་མར་འཇིག་རྟེན་སྐྱོང་ལུགས་ཀྱི་རྣམ་གཞག་ཅིག་ལ་ངོས་འཛིན་བྱེད་པ་རེད། འཇིག་རྟེན་སྐྱོང་ལུགས་ཏན་ཏན་དམག་འཁྲུག་དང་མདའ་མདུང་ཁོ་ནར་རགས་ལས་པའི་ངེས་པ་མེད་དེ་ཞི་བདེའི་སྒོ་ནས་འཇིག་རྟེན་སྐྱོང་བའི་ལམ་ལུགས་ཤིག་ཡོད་སྲིད་པ་རེད། ཡིན་ནའང་འཛམ་གླིང་དམག་འཁྲུག་ཆེན་མོ་ཐེངས་དང་པོ་དང་གཉིས་པའི་རྗེས་སུ་ཆབ་སྲིད་ཀྱི་ངོ་བོ་དམག་འཁྲུག་གིས་ཐག་གཅོད་པ་རེད། དེ་ནས་བཟུང་མི་རྣམས་ཀྱིས་ཆབ་སྲིད་ཟེར་བ་ནི་དམག་འཁྲུག་དང་གཡོ་སྒྱུའི་ལས་ཀ་ཞིག་ལ་ངོས་བཟུང་ཟིན་པ་རེད། རེན་ཞིང་ཆོན་སོགས་ཀྱིས་བརྩམས་པའི་《དམག་དོན་རིག་པ་ནི་ཅི་ཞིག་ཡིན》[101]ཞེས་པའི་དཔེ་ཆ་དེར་ཆབ་སྲིད་ཀྱི་གྲུབ་རྒྱུས་དམག་འཁྲུག་གི་ངོ་བོ་ཐག་གིས་གཅོད་ཅེས་བཤད་ཡོད་ལ་《དམག་འཁྲུག་གི་གཞུང》[102]ཞེས་པའི་དེབ་དེར་ཡང་ཆབ་སྲིད་ནི་དམག་འཁྲུག་མངལ་དུ་སྦྲུམ་པའི་མ་ཡུམ་ཡིན་ཞེས་བཤད་ཡོད། 《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས》[103]སུ་ཆབ་སྲིད་ནི་ཁྲག་མི་བཞུར་བའི་དམག་འཁྲུག་ཡིན་ལ་དམག་འཁྲུག་ནི་ཁྲག་བཞུར་བའི་ཆབ་སྲིད་ཡིན་ཞེས་བཤད་ཡོད། ལྟ་ཚུལ་འདི་དག་ནི་ཆབ་སྲིད་དང་དམག་འཁྲུག་གི་འགལ་འབྲེལ་སྟོན་པའི་གཞུང་ཚིག་ཁོ་ན་ཡིན་ལ་ཆབ་སྲིད་ཀྱི་གོ་དོན་དམག་འཁྲུག་གི་སྟེང་ནས་འཇོག་པའི་གཞན་སྡེ་ཡི་འདོད་ལུགས་ཀྱང་ཡིན། ང་ཚོས་ངེས་པར་དུ་འདིའི་སྐོར་ལ་དཔྱད་པ་བརྒྱབ་དགོས་ཀྱི་ཡོད། ད་དུང་ཆབ་སྲིད་ཀྱི་རྩ་བ་དཔལ་འབྱོར་གྱིས་ཐག་གཅོད་པའི་འདོད་ལུགས་སྨྲ་མཁན་ཡང་ཡོད། གང་ལྟར་ཆབ་སྲིད་ཅེས་པ་དམག་འཁྲུག་གི་ཕྱོགས་སུ་སྐུལ་སློང་བྱས་ནས་ལོ་སྟོང་ཕྲག་མང་པོ་འགོར་སོང་། ལིས་ཆིན་ཧྲན་གྱིས་བྲིས་པའི་《ཤེས་རིག་གི་གཏོར་བཤིག་དང་མངལ་སྦྲུམ---མིའི་རིགས་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་དམག་འཁྲུག་ཆེན་པོ་དྲུག་ཅུ་ཐམ་པ》[104]ཞེས་པའི་དེབ་དེའི་ལྒིང་གཞིའི་ནང་དུ་སི་བེ་སི་དང་ཨ་རིས་སྡོམ་རྩིས་བརྒྱབ་པ་ལྟར་ན་སྤྱི་ལོ་སྔོན་གྱི་ལོ3200ནས་སྤྱི་ལོ་2006གི་བར་དུ་འཛམ་གླིང་གི་སྒང་ལ་སྡོམ་པས་དམག་འཁྲུག14749བྱུང་ཞིང་དེའི་ལོ་ལྔ་སྟོང་ཉིས་བརྒྱ་དྲུག་གི་ནང་དུ་ཞི་འཇམ་བདེ་འཇགས་ཀྱི་ལོ་ནི331ཙམ་ལས་མེད་ཅེས་བཤད་ཡོད། དེ་ལྟ་བུའི་དམག་འཁྲུག་ལས་འཛམ་གླིང་དམག་ཆེན་གཉིས་པའི་མི་ཟོག་གི་གྱོང་གུན་གནས་ཚུལ་ནི་དམག་འཁྲུག་གཉིས་པའི་སྐབས་དེར་བསྡོམས་པས་དམག་མི་ཁྲི5480ཤི་ཟིན་པ་དང་ཨ་སྒོར་དུང་ཕྱུར13000ཙམ་གྱི་རྒྱུ་ཟོག་གི་གྱོང་གུན་ཆེན་པོ་ཐེབས་པ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་ཤོས་ཡིན་པར་བཤད་ཡོད། འདི་ལྟར་ཆབ་སྲིད་ཀྱི་ངོ་བོ་དམག་འཁྲུག་གིས་ཐག་གཅོད་པའི་ད་ལྟའི་འཛམ་གླིང་གི་གནས་སྟངས་ལས་ང་ཚོས་ཆབ་སྲིད་ནི་འཇིག་རྟེན་འདིའི་འཚོ་གནས་ཞི་བདེ་ཡི་སྒོ་ནས་སྐྱོང་ཐབས་ཀྱི་རྣམ་གཞག་ཙམ་ལ་ངོས་བཟུང་ན་བཞད་གད་ཀྱི་རྒྱུ་རུ་འགྱུར་མོད་ཅུང་ཟད་བསམ་དགོས་པ་ཞིག་ནི་ཡུལ་ཡར་ཀླུང་གི་ས་ཆར་ཉམས་ཆུང་གིས་འཚོ་བའི་བོད་པའི་སྲིད་དབང་དང་བོད་མིའི་འཚོ་བར་ཞིབ་འཇུག་བྱས་ནས་བཤད་ན་ཆབ་སྲིད་ནི་ཡིན་གཅིག་མིན་གཉིས་ཁྲག་བཞུར་བའི་དམག་འཁྲུག་ཅིག་ལ་ངོས་འཛིན་བྱེད་མི་དགོས་པར་བདག་གིས་འདོད་དེ་ཁྱེད་ཚོས་ཀྱང་དེའི་སྐོར་ལ་དཔྱད་པ་གཏོང་བར་རེ་བ་ཡོད། དེ་ནི་ཆོས་སྲིད་ཟུང་འབྲེལ་གྱི་ཟླས་དྲངས་པའི་སྲིད་ཀྱི་གོ་དོན་ལ་གོ་བ་ལེན་ཚུལ་དང་དེའི་འགྱུར་རིམ་གྱི་སྐོར་ཡིན།
   ད་ནི་བོད་ཀྱི་ཐུན་མོང་མ་ཡིན་པའམ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཆོས་སྲིད་ཟུང་འབྲེལ་དེའི་མཚོན་དོན་ནམ་མཚན་གཞི་ཁ་ཤས་བོད་རྗེ་ཐོག་མ་ཉག་ཁྲིའི་སྲིད་དབང་དང་དེའི་སྐབས་ཀྱི་བོད་མིའི་སྤྱི་ཚོགས་ལ་གཞིགས་ཏེ་ཞུས་པ་ཡིན་ན་ཧ་ཅང་གོ་བདེ་བར་འདོད་དེ་ཉག་ཁྲི་བཙན་པོ་ཐོག་མར་རྒྱལ་པོར་འདེམས་དུས་སུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་འཐུས་ཚབ་བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་ཆབ་སྲིད་ཀྱི་འདུན་མ་བསྡུས་ནས་འདུན་མའི་དམ་བཅའ་མི་འགྱུར་བའི་ཕྱིར་དུ་ལྷ་གསོལ་ཡོད་པ་རེད། དེ་ནི་སྐབས་དེར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཡོད་པའི་དཔང་རྟགས་གཅིག་རེད། ཉག་ཁྲིའི་སྲིད་དབང་གི་ནང་དུ་སྐུ་གཤེན་གྱིས་རྒྱལ་པོའི་ཚེ་སྲོག་སྲུང་བའི་ཕྱིར་དུ་ཆོ་ག་གཏོང་བ་དང་འཐབ་འཁྲུག་གི་སྐབས་སུ་ཆོ་ག་གཏོང་བཞིན་ཡོད། འདི་ནི་སྐབས་དེ་ཤེད་ནས་བྱུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དབུ་ཚུགས་པའི་ས་བོན་ཡིན། སྐབས་དེར་ཆོས་ཟེར་བ་ལྷ་གསོལ་བ་དང་སྐུ་གཤེན་གྱི་ཆོ་ག་དེ་ལྟ་བུ་ལ་ངོས་འཛིན་པ་དང་སྲིད་ཟེར་བའང་རྒྱལ་པོར་སྲུང་སྐྱོབ་དང་མཐའ་བཞིའི་སོ་སྲུང་སོགས་ཀྱི་སྣང་ཚུལ་དེ་རིགས་ལ་ངོས་འཛིན་པ་ཡིན། འདི་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་ཆེས་ཐོག་མའི་རྨང་གཞི་ཡིན་ལ་ཕྱིས་སུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་འཕེལ་རྒྱས་ཕྱིན་ནས་ཚད་མཐོར་ཐོན་ཞིང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་གོ་ནོར་ཐེབས་པའི་དུས་དེ་ནི་དུས་རབས་བཅུ་བཞི་ནས་འགོ་བརྩམས་པའི་ཕག་གྲུའི་སྲིད་དབང་གི་དུས་རིམ་དང་དུས་རབས་བཅུ་བདུན་ནས་དབུ་བརྩམས་པའི་དགའ་ལྡན་སྲིད་དབང་གི་དུས་རིམ་དེ་གཉིས་རེད། སྐབས་དེ་ཤེད་ཙམ་ལ་ཆོས་པ་དང་སྲིད་ཀྱི་འགོ་དཔོན་གཅིག་ལྕོགས་མཛད་པའི་ཏཱ་སི་ཏི་བྱང་ཆུབ་རྒྱལ་མཚན་སོགས་རིམ་པར་བྱུང་མྱོང་བ་རེད། དེ་ནི་བོད་ཀྱི་ཆོས་སྲིད་ཟུང་བསྲེས་ཀྱི་དུས་རབས་ཤིག་རེད་མ་གཏོགས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་མ་རེད།《ཀྲུང་གོའི་བོད་ལྗོངས་ས་ཁུལ་ཀྱི་དངུལ་ལོར》[105]ཞེས་པའི་དེབ་གཞིའི་ནང་དུ་དགའ་ལྡན་སྲིད་དབང་གི་ཤོག་སྒོར་སྟེང་ལ་གངས་ལྗོངས་བོད་ཆོས་སྲིད་གཉིས་ལྡན་ཞེས་འཁོད་ཡོད་ལ་གཉིས་ལྡན་ཞེས་པའི་གཉིས་ཤུགས་ཀྱིས་སྐབས་དེར་ཆོས་སྲིད་སོ་སོར་ཡོད་པའི་གོ་དོན་ཞིག་བསྟན་འདུག་ནའང་དོན་དངོས་སུ་དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་གྱི་སྲིད་དབང་གི་ནང་འཁོར་སོགས་ན་སྐུ་དྲག་ཁ་ཤས་ཤིག་གི་སྒེར་གྱི་འདོད་བློ་ལྟར་ཆོས་སྲིད་ཟུང་བསྲེས་ཀྱི་རུལ་སུང་གི་ལམ་ལུགས་ཤིག་དར་ཁྱབ་ཏུ་འགྲོ་བཞིན་ཡོད་པ་རེད། དེ་ནི་ང་ཚོས་གཟབ་ནན་གྱིས་དཔྱད་པ་གཏོང་འོས་པའི་གནས་ཤིག་རེད།
   ཉེ་ཆར་དཔྱོད་ལྡན་སྒོ་ཤེས་རབ་རྒྱ་མཚོས་ཆོས་སྲིད་གཉིས་ལམ་ཁ་ཐ་དད་དུ་བསྐྱོད་དགོས་ཞེས་བཤད་པའང་དོན་ལ་གནས་ཞིང་ཕྱི་སྤྱིའི་ཆ་ལ་གཟིགས་རྒྱང་རིང་བའི་ཞིབ་འཇུག་གི་འབྲས་བུ་ཞིག་རེད། ལམ་ཁ་ཐ་དད་དུ་བསྐྱོད་པ་ནི་ཕན་ཚུན་དགྲ་རུ་ལངས་དགོས་ཞེས་པའི་དོན་མིན་པ་འདྲ་སྟེ་འདི་ལྟ་བུའི་གནད་འགག་གི་སྐབས་སུ་ནང་བའི་ཚད་མཐོའི་ལྟ་གྲུབ་ཁྲོད་ཀྱི་སྣང་སྟོང་ཇི་ལྟར་ཟུང་དུ་འཇུག་པའི་ཐབས་ལམ་དེ་འདྲ་ཞིག་དྲན་དགོས་ཀྱི་རེད་བསམ་བྱུང་། མིག་བཙུམ་ན་ཡིད་ལ་མུན་ནག་ལས་འཆར་རྒྱུ་མེད་པའི་བླུན་པོ་སྐོར་ཞིག་གིས་ཆོས་སྲིད་གཉིས་ལམ་ཁ་ཐ་དད་དུ་བསྐྱོད་དགོས་ཞེས་བཤད་དུས་ཆོས་པས་འཇིག་རྟེན་པར་སྡིག་མཛུབ་བསྟན་ནས་གཤེ་གཤེ་གཏོང་དགོས་པ་དང་འཇིག་རྟེན་པས་སེར་མོ་བའི་ངན་མཚང་འབྲུ་དགོས་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་པ་ནི་ཤིན་ཏུ་ནས་མི་རུང་སྟེ་ཆོས་སྲིད་ཐ་དད་དུ་བསྐྱོད་ན་ཕན་ཚུན་དགྲ་རུ་རྟོགས་དགོས་པའི་ངེས་པ་ག་ལ་ཡོད། དེས་ན་ང་ཚོས་ཆོས་སྲིད་གཉིས་ལམ་ཁ་ཐ་དད་དུ་བསྐྱོད་པའི་ཐབས་ལམ་ལ་ཞིབ་འཇུག་བྱས་ནས་ཕན་ཚུན་ཇི་ལྟར་ཟུང་འབྲེལ་བྱེད་པའི་སྐོར་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་བསམ་སོང་། སྔོན་རྒྱ་གར་ཡུལ་དབུས་ནས་སྟོན་པ་ཐུགས་རྗེ་ཅན་གྱིས་རྒྱལ་སྲིད་མཆི་མའི་ཐལ་བ་བཞིན་དོར་བ་ནི་སློབ་པ་ལམ་གྱི་གནས་སྐབས་སམ་སློབ་སྦྱོང་བྱེད་པའི་དུས་ཚོད་ཀྱི་ནང་དུ་སྲིད་དོན་སོགས་སློབ་སྦྱོང་གི་བར་ཆད་དུ་མཁྱེན་ནས་དོར་བ་མ་གཏོགས་སྤྱིར་ན་ཆོས་སྲིད་གཉིས་འགལ་ཟླར་ལངས་ནས་ཕན་ཚུན་དགྲ་རུ་རྟོགས་དགོས་པའི་དོན་མིན་པར་བསམ་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དུས་སུའམ་ལྟ་བ་ཚད་མཐོར་སླེབས་པའི་རྗེས་སུ་ཁོང་གི་ལྟ་གྲུབ་རྣམས་ལས་ཡུལ་འཁོར་གྱི་ཆབ་སྲིད་སྐྱོང་སྟངས་དང་སྤྱི་ཚོགས་ཀྱི་ལྟ་བ་སོགས་གསུངས་ཡོད་པ་ཐེག་པ་ཆེན་པོ་མདོ་སྡེའི་ཁོངས་སུ་ཡོད་པའི་《ས་ཡི་སྙིང་བོ་འཁོར་ལོ་བཅུ་བའི་མདོ》[106]དང《གསེར་འོད་དམ་པའི་མདོ》[107]《མདོ་སྡེ་དྲན་པ་ཉེར་བཞག》[108]《བྱང་སེམས་སྤྱོད་ཡུལ་ཐབས་ཀྱི་ཡུལ་ལས་རྣམ་པར་འཕྲུལ་བ་བསྟན་པའི་མདོ》[109]《ཀླུ་ཡི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་ཤོ་ལོ་ཀ་བརྒྱ་བ》(མཆན།)གཞུང་འདི་སོགས་ཁུངས་སུ་བཟུང་ནས་ནང་བའི་རིག་གཞུང་གི་ཁྲོད་དུ་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དུ་མ་ཞིག་བརྩམས་ཡོད་པར་སྣང་སྟེ་རྒྱ་གར་ནས་ཀླུ་སྒྲུབ་སོགས་ཀྱིས་ཤེས་རབ་སྡོང་བུ་དང་ཤེས་རབ་བརྒྱ་བ། སྐྱེས་བོ་གསོ་ཐིགས་སོགས་བརྩམས་པ་དང་བོད་ནས་ས་པ࿄་གྱིས་ས་སྐྱ་ལེགས་བཤད་སོགས་བརྩམས་ཡོད།)[110]སོགས་ན་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ལྟ་བ་དང་སྲིད་དོན་གྱི་སྒྲིག་འཛུགས། ཡུལ་འཁོར་གྱི་ཆབ་སྲིད་སྐྱོང་སྟངས་སོགས་གང་ལ་གང་འཚམས་གསལ་བོར་གསུངས་ཡོད་པས་སྟོན་པ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འདིའམ་ཚེ་འདིའི་སྤྱི་ཚོགས་ཀྱི་ལྟ་བའི་སྐོར་རྩ་བ་ནས་གསུངས་མེད་ཅེས་པ་ནི་ཧ་ཅང་མ་དཔྱད་པའི་འུར་གཏམ་ཁོ་ན་རེད། སངས་རྒྱས་ཆོས་ལུགས་ནི་སྤྱིར་བཏང་འཁོར་བ་ལས་གྲོལ་བའི་ཐབས་གཙོ་བོར་སྟོན་པའི་གཞུང་ལུགས་ཤིག་ཡིན་པས་སྐྱེ་བ་ཕྱི་མ་ཕན་ཆད་གཙོ་བོར་འཛིན་གྱི་ཡོད་ནའང་འཇིག་རྟེན་འདིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་ཆབ་སྲིད་སྒྲིག་འཛུགས་སོགས་ཡག་པོ་མ་བྱུང་ན་གང་ཟག་སྒེར་བས་ཆོས་ཡག་པོ་མི་ཡོང་བ་ཐག་ཆོད་པའི་རྒྱུ་མཚན་གྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་རབ་དང་ནང་བའི་རིག་གཞུང་གི་ཁྲོད་ནའང་འཇིག་རྟེན་གྱི་རྣམ་གཞག་དང་ཚེ་འདིའི་སྲིད་དོན་གྱི་སྒྲིག་འཛུགས་སོགས་ཅི་རིགས་ཤིག་གསུངས་ཡོད་པ་ནི་དོན་དངོས་ཀྱི་གནས་ཚུལ་ཡིན་པས་སུས་ཀྱང་བསྙོན་འདིང་མི་ནུས་པ་ཞིག་རེད། ཡིན་ནའང་ཕྱིས་ཀྱི་རྒྱ་གར་གྱི་སྲིད་འཛིན་པའི་ཁྲོད་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་འཚེ་བ་མེད་པའི་རིང་ལུགས་འཛིན་མཁན་བདག་ཉིད་ཆེན་མོ་གན་ཏིས་ཀྱི་དགོངས་པ་དང་འཇིག་རྟེན་གྱི་བྱ་བ་བྱེད་པ་དང་རྒྱལ་ཁབ་སྐྱོང་བ་ལ་འཚེ་བ་མེད་ན་མི་ཡོང་བར་སྨྲ་བའི་སྲིད་བློན་ནེ་རུ་གཉིས་ཀྱི་ལྟ་བ་ཐ་དད་དུ་གྱུར་ཡོད་པ་ཞིག་རེད། གང་ལྟར་གོང་དུ་དྲངས་པ་བཞིན་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་རབ་ལས་བྱུང་བའི་གནས་ཚུལ་དེའི་སྟེང་ནས་བལྟས་ཚེ་ཆོས་སྲིད་གཉིས་ལམ་ཁ་ཐ་དད་དུ་འགྲོ་དགོས་ནའང་ཕན་ཚུན་སྤང་འགལ་གྱིས་དགྲ་རུ་ལངས་དགོས་མིན་ལ་དཔྱད་པ་བརྟེན་པར་རིགས་ལ་རང་རེའི་ས་སྐྱ་པ࿄་ཆེན་གྱི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར[111]ནའང་རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ་ཞེས་པའི་གསུང་ཚིག་ཅིག་བྱུང་ཡོད་ལ་ཕྱིས་ཀྱི་འགྲེལ་མཛད་མཁན་པོ་དག་གིས་ཆོས་ལུགས་ཞེས་མཉམ་དུ་སྦྱར་ནས་སྒྲ་སོ་སོར་མ་ཕྲད་པར་གོ་བ་བླངས་པ་ནི་ཉེས་པ་ཆེན་པོ་སྟེ་དམ་པའི་ཚིག་གི་བཅུད་ཕྱུངས་ནས་བཤང་ཆུར་བསྲེས་པ་རེད། དེ་ནི་ནོར་འཁྲུལ་ཆེན་པོ་རེད། འདིའི་སྐབས་ཀྱི་ཆོས་ལུགས་ནི་དམ་པའི་ཆོས་དང་འཇིག་རྟེན་ལུགས་ལ་གསུངས་བཞིན་ཡོད་པ་ནི་མཇུག་སྡོམ་གྱི་ཚུལ་དུ་གསལ་བའི་འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས་བདག་གིས་དམ་པའི་ཆོས་འདི་བསྟན་སོགས་ཤོ་ལོ་ཀ་དེ་དེའི་ཤེས་བྱེད་དུ་འགྲོ་བ་རེད། རྟགས་ཡང་དག་གི་རིགས་པར་བརྟེན་ནས་དཔྱད་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་དམ་ཆོས་དང་འཇིག་རྟེན་འདིའི་ཁེ་ཕན་སྒྲུབ་པའི་ཚུལ་ལུགས་སྐྱོན་མེད་པ་རྣམ་གཉིས་མི་འགལ་བར་གསུངས་ཡོད་པ་རེད། རྣམ་པ་ཐམས་ཅད་དུ་མི་འགལ་ཀྱང་གསུངས་ཡོད་པ་མ་རེད་དེ་ལུགས་དང་མཐུན་པའི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་མི་འགལ་གསུངས་ཡོད་པ་རེད་ལ་ཆོས་དང་མཐུན་པའི་སྲིད་སྐྱོང་གི་ལམ་ལུགས་དེ་མི་འགལ་གསུངས་ཡོད་པ་རེད། གཞུང་དོན་འདིར་སྲིད་ཀྱི་ཚབ་དུ་ལུགས་སྦྱར་བ་ལ་གོ་རྒྱུ་ཆེན་པོ་ཡོད་པ་ཞིག་རེད། ས་སྐྱ་ལེགས་བཤད་ནི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བསྟན་བཅོས་ཐོག་མ་རེད་ཅེས་བཤད་ནའང་ཐལ་མི་ཆེ་བར་སེམས་ལ་གཞུང་དེར་བསྡོམས་པས་རབ་བྱེད་དམ་དོན་ཚན་དགུ་ཡོད་ཅིང་དོན་ཚན་སྔ་མ་བརྒྱད་ཀྱིས་འཇིག་རྟེན་གྱི་ལུགས་དང་མཐའ་མ་གཅིག་གིས་དམ་པའི་ཆོས་ཀྱི་ཚུལ་གསུངས་ཡོད་པ་རེད། དེར་བརྟེན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཆབ་སྲིད་དམ་པའི་ཆོས་ཀྱིས་བསྐྱངས་བས་བོད་ཡུལ་བདེ་སྐྱིད་ལྷ་དང་དང་མཉམ་པར་གྲགས་པའི[112]ལུགས་དང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྲིད་སྐྱོང་བའི་དུས་སུ་ལུགས་ཀྱི་བསྟན་བཅོས་རྣམས་ལ་རྩལ་སྦྱོངས་བྱེད་[113]ཅེས་འབྱུང་བའི་ལམ་ལུགས་ལྟར་འདི་དང་འདི་ལྟ་བུའི་ཆོས་སྲིད་སྐྱོང་སྟངས་དང་འབྲེལ་བའི་བསྟན་བཅོས་རྣམས་ལ་ཞིབ་འཇུག་བྱས་ནས་ཆོས་སྲིད་གཉིས་པོ་ལམ་ཁ་ཐ་དད་དུ་བསྐྱོད་ཚུལ་དང་ཇི་ལྟར་ཟུང་འབྲེལ་བྱེད་སྟངས་ཀྱི་སྐོར་ལ་བརྟགས་དཔྱད་གནང་རྒྱུ་ནི་ད་ལྟའི་དུས་མཚམས་སུ་གལ་ཆེན་པོར་ཆགས་བསྡད་ཡོད་པ་ཞིག་རེད།

མཇུག་སྡོམ།

   ད་དེ་རིང་གི་བཤད་ཁྲིད་དེ་ཙམ་གྱིས་མཇུག་རྫོགས་སོང་། འདི་ནི་ངས་བོད་ཀྱི་ལོ་རྒྱུས་ལ་བཟུང་བའི་ལྟ་ཚུལ་ཁ་ཤས་སམ་ཡང་ན་ང་ཚོའི་ལོ་རྒྱུས་རིག་གནས་ཀྱི་ཁྲོད་དུ་ལོ་ངོ་བརྒྱ་ཕྲག་མང་པོར་མཁྲེག་འཛིན་བྱས་པའི་གཙོ་རྒྱུགས་ཀྱི་ལྟ་ཚུལ་དེར་ཡང་བསྐྱར་གསར་དུ་དབྱེ་ཞིབ་དང་གཟབ་ནན་གྱིས་ནོར་འཁྲུལ་གྱི་རིགས་རྙིང་པ་དེར་གསར་བརྗེ་བྱེད་འདོད་པའི་རིགས་ལས་ཤིན་ཏུ་ཉུང་ཤས་ཙམ་ཡིན། ལོ་རྒྱུས་ཀྱི་གསང་བ་ནི་དུས་རབས་ཉི་ཤུ་རྩ་གཅིག་པའི་སྐབས་འདིར་གསང་མཐིལ་བརྟོལ་ནས་ཤེས་རིག་གི་སྒྱུ་རྩལ་ཐུན་མོང་བ་ཞིག་ལ་འདོད་རྒྱུ་ལས་བཀའ་རྒྱ་ལྟ་བུར་བཞག་ན་ང་ཚོའི་ལོ་རྒྱུས་ལ་ནམ་ཡང་འཛམ་གླིང་གི་མི་རིགས་གཞན་གྱི་ལོ་རྒྱུས་དང་འདྲ་བར་དེང་གི་ཚན་རིག་དང་དངོས་པོའི་གནས་ལུགས་དང་མཐུན་པའི་ཆ་ནས་ཡར་ཐོན་དང་འཕེལ་རྒྱས་མེད་པ་ཞིག་རེད། དེས་ན་ང་ཚོས་མི་ལོ་བརྒྱ་ཕྲག་དུ་མར་ཆོས་ལུགས་ཕྱོགས་ཞེན་དང་སྒེར་ངོས་ཀྱི་དགའ་སྐྱོ་ཆགས་སྡང་ལྟར་བྲིས་པའི་ལྟ་ཚུལ་རྙིང་པ་སྲ་མཁྲེག་ཏུ་ཕྱིན་པ་རྣམས་འཛམ་གླིང་གི་ཤེས་རིག་དར་བའི་ལོ་རྒྱུས་རྣམས་དང་བསྡུར་ནས་དཔྱད་ལྒིང་དང་གཤག་བཅོས་བྱས་ནས་གསར་བརྗེ་བྱེད་རྒྱུ་ནི་ད་ལྟའི་གཞོན་ནུ་ཤེས་ཡོན་ཅན་རྣམས་ལ་དུས་ཀྱིས་གནང་བའི་འོས་འགན་ཉག་གཅིག་ཡིན་པས་ཚང་མར་དོ་སྣང་དང་དཔྱད་པ་ཡོད་པར་ཞུ།
   དེའི་གཤམ་གྱི་དུས་ཚོད་ནི་དྲི་བ་བརྒྱབ་ནས་བགྲོ་ལྒིང་གི་སྐབས་ཡིན་པས་རྣམ་པ་ཚོར་ངས་བཤད་པའི་ལྒིང་གཞི་འདིའི་ནང་དུ་དོགས་པ་གང་འདྲ་ཡོད་ན་དྲི་བ་བརྒྱབ་ཆོག་པ་དང་འདི་དང་མ་འབྲེལ་བའི་རིག་གནས་སྐོར་གྱི་དོགས་པ་ཡོད་ནའང་ཐད་ཀར་འཛེམ་དོགས་མེད་པར་དྲིས་ཆོག་གི་ཡིན་ལ་རྩོད་པའང་བརྒྱབ་ཆོག་གི་ཡིན་པས་ད་དྲི་བ་འདོན་པའི་འགོ་བརྩམས་རྒྱུ་བྱོས། དྲི་བ་གང་འདྲ་ཞིག་ཡོད་ཀྱང་འདོན་ཤག་ཤག་བྱས་ཆོག་གི་ཡིན། (ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ)

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག