ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> བསྟན་པ་རིས་མེད་ཀྱི་ལོ་རྒྱུས།
བསྟན་པ་རིས་མེད་ཀྱི་ལོ་རྒྱུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དཔྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

      འོ་ན་ད་རེས་བོན་སྔགས་བན་གསུམ་ཕྱོགས་དུ་མ་ནས་བྱུང་བའི་དད་འདུས་རྣམས་ལ་བསྟན་པ་རིས་མེད་ལ་དད་གུས་སྐྱེད་ཚུལ་གྱི་བསླབ་བྱ་ཅུང་ཟད་བགྱི་ན། སྤྱིར་གདུལ་བྱ་རྣམས་ཀྱི་སྐལ་པ་དང་མཐུན་པར་བསྐལ་པའི་ཐོག་མ་ནས་རིག་པའི་གནས་དང་ཕྱི་ནང་གི་ཐེག་པ་དང་གྲུབ་མཐའ་མཐའ་ཡས་པ་བྱུང་སྟེ། མདོ་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐེག་པ་གང་ཡིན་ཡང་སྤྱི་ལྡོག་ནས་འགྲོ་བ་སེམས་ཅན་ལ་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕན་པ་དང་བདེ་བའི་རྒྱུར་གྱུར་ཚད་སངས་རྒྱས་ཀྱི་ཕྲིན་ལས་ལས་འབྱུང་བས་མོ་རྩིས་རིག་བྱེད་སོགས་ལའང་སྨད་པར་མི་བྱ་སྟེ། རྣམ་སྣང་མངོན་བྱང་ལས། ང་ཡི་བསྟན་པ་རྣམ་གཉིས་ཏེ། །དམན་པ་མུ་སྟེགས་ཐེག་པ་དང༌། །མཆོག་གྱུར་སངས་རྒྱས་ཐེག་པའོ། །ཞེས་དང༌། དགེ་བའི་བཤེས་གཉེན་སྤྱན་སྔ་བའི་ཞལ་ནས། མུ་སྟེགས་པའི་ལམ་གྱི་གཙོ་བོ་རྣམས་ཀྱང་སངས་རྒྱས་བྱང་སེམས་ཀྱིས་བསྟན་པ་ཡིན་པས་སྨད་པར་མི་བྱའོ། །ཞེས་གསུངས། དེའི་ནང་ཚན་འཛམ་བུའི་གླིང་དུ་བསྟན་པའི་གཞི་མ་བོན། དེའི་ཡན་ལག་ཏུ་བཙུན་པ་ཆོས། ཕན་བྱེད་སྨན། གཙུག་ལག་རྩིས། རྟེན་འབྲེལ་གཏོ་ཐབས་ཏེ་གཙུག་ལག་སྒོ་བཞི་དང་འབྲེལ་བའི་བསྟན་པ་དར་ཚུལ་མང་ལ། དེ་ལས་བོད་ཡུལ་དུ་བསྟན་པ་སྔ་དར་བོན། ཕྱི་དར་ཆོས། བོན་ལ་གྲྭ་ས་ཡ་བཞི་སོགས་དང༌། ཆོས་ལ་ས་དགེ་བཀའ་རྙིང་སོགས་ཀྱི་རིང་ལུགས་ཤིན་ཏུ་མང་སྟེ། དེ་ལྟར་ཆོས་ལུགས་གཅིག་གིས་མི་ཆོག་པར་སྣ་ཚོགས་སུ་འོང་བའི་དོན་ཡང༌། གདུལ་བྱ་བསམ་པ་སྣ་ཚོགས་ལ། བསྟན་པ་རྣམ་པ་སྣ་ཚོགས་ཞེས་གཏམ་དུ་གྲགས་པ་ལྟར། སེམས་ཅན་རྣམས་བློ་རིག་རབ་འབྲིང་ཐ་གསུམ་ཐ་དད་པས། དེ་དང་མཐུན་པར་འདུལ་བྱེད་ཀྱི་བསྟན་པའང་དུ་མ་ཞིག་མེད་ན་འདུལ་བའི་ཐབས་མེད་པས་ཆོས་ལུགས་སྣ་ཚོགས་སུ་སྣང་བ་ཡིན་ཏེ། ཟས་གཅིག་གིས་མི་ཆོག་པར་ལྟོ་ཚད་དང་གོས་གཅིག་གིས་མི་ཆོག་པར་ལུས་ཚད་དང་བསྟུན་དགོས་པ་བཞིན་ནོ། །དེས་ན་ཆོས་ལུགས་རེ་རེ་ལ་དགོས་པ་རེ་རེ་ཡོད་པས་སངས་རྒྱས་ཀྱི་བསྟན་པ་ཡིན་ཚད་ལ་ཁྱད་མི་ཕྱེ་བར་གུས་པ་སྐྱེད་དགོས་ཏེ། རྗེ་མི་ལ་རས་པས། ཕོ་རུས་ཆགས་སྡང་བྱེད་པ་རྣམས། །བསླབ་ཚད་ཆུ་ལ་ཕོ་བ་ཡིན། །ཆོས་ལ་དཀར་ནག་མེད་པ་ལ། །གྲུབ་མཐའི་ཁ་འཛིན་ཆོས་ལ་སྨོད། །ཐར་བའི་འཇུ་ཐག་ཆད་པ་ཡིན། །ཞེས་གསུངས། བྱེ་བྲག་ཏུ་བོན་ཆོས་གཉིས་ལ་སྤྱིར་དངོས་བཏགས་གཉིས་ཡོད་པའི་དབང་དུ་བྱས་ན། སོ་སོའི་བཟང་ངན་གྱི་ཁྱད་པར་ཤན་ཕྱེད་པ་ཞིག་དགོས་ཏེ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །ང་ཡི་བསྟན་པ་རིན་ཆེན་འདི། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས། དེ་ཡང་བོན་ཙམ་ལ་དབྱེ་ན། སྲིད་པ་རྒྱུད་ཀྱི་བོན། ལྟ་ལོག་མུ་སྟེགས་ཀྱི་བོན། འབྱུང་པོ་ཀླ་ཀློའི་བོན། འཕྲུལ་ངག་གཡུང་དྲུང་གི་བོན། ཐབས་ལམ་གསང་སྔགས་ཀྱི་བོན། ཐེག་མཆོག་བླ་མེད་ཀྱི་བོན། རྡོལ་ཐབས་ལྷ་འདྲེའི་བོན། རང་བཟོ་བཅོས་མའི་བོན་ཏེ་བརྒྱད་དང༌། ཆོས་ཙམ་ལ་ཕྱེ་ན། སོར་བཞག་ལྷ་མིའི་ཆོས། ལོག་རྟོག་མུ་སྟེགས་ཀྱི་ཆོས། ལྷ་མིན་ཀླ་ཀློའི་ཆོས། ཡང་དག་དམ་པའི་ཆོས། ཐུན་མིན་གསང་སྔགས་ཀྱི་ཆོས། ཟབ་ལམ་རྫོགས་ཆེན་གྱི་ཆོས། བསླུ་བྱེད་ལྷ་འདྲེའི་ཆོས། བློ་བཅོས་རང་བཟོས་ཆོས་ཏེ་བརྒྱད་ཡོད་ལ། དེ་དག་སོ་སོའི་ཤན་མ་ཕྱེད་པར་བོན་ཟེར་ཚད་བོན་དང༌། ཆོས་ཟེར་ཚད་ཆོས་སུ་འདོད་ན་དཀར་པོ་ཡིན་ཚད་དངུལ་དང༌། སེར་པོ་ཡིན་ཚད་གསེར་ཡིན་པའི་ཁྱབ་པ་ཁས་ལེན་པ་དང་འདྲ་བས། ཨ་རུ་ར་ལ་ར་ལུགས། རྭ་མ་རྒྱ་ལ་རྒྱ་ལུགས་ཀྱི་དཔེ་བཞིན་ཤན་ཕྱེད་མ་ནུས་ན་ཉ་དང་ཉུང་མ་ཤ་དང་ཤྭ་མང་གཉིས་ནོར་ཉེན་ཡོད་འདུག་གོ །གནས་ཚུལ་གྱི་དབང་དུ་བྱས་ན། བསྟན་པ་གཉིས་དགོངས་པ་གཅིག་ཏུ་འདུ་བར་ཤེས་དགོས་ཏེ། རྩིས་རྒྱུད་ལས། ཞང་ཞུང་བོན་གྱིས་འདུལ་དགོངས་ནས། །སྟོན་པ་གཤེན་རབ་མི་བོར་སྤྲུལ། །བོན་གྱི་ཐེག་པ་རིམ་དགུ་བསྟན། །འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད། །ཞེས་དང༌། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། སྟོན་པ་སངས་རྒྱས་ཀྱིས་བོན་གྱི་གཤེན་རབ་སོགས་སུ་སྤྲུལ་ནས་བོན་གྱི་གཞུང་རྣམས་བསྟན་ཏོ། །ཞེས་གསུངས། དེ་ཡང་བན་བོན་གྱི་བསྐལ་བཟང་གི་སངས་རྒྱས་ཐམས་ཅད་ལྷ་མཆོག་ཐུགས་རྗེ་ཆེན་པོ་གཅིག་གི་རྣམ་འཕྲུལ་ལས་བྱུང་བ་སོགས་སྟོན་པ་རྣམས་སྤྲུལ་གཞི་གཅིག་པ་དང༌། གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་དང་རྒྱལ་ཡུམ་བྱམས་མ་རྗེ་བཙུན་སྒྲོལ་མ་ཡིན་པ་སོགས་ལྷ་རྣམས་ངོ་བོ་གཅིག་ཡིན་པ་དང༌། སྐྱབས་འགྲོ་ངེས་འབྱུང་སེམས་བསྐྱེད་ལྟ་བ་སོགས་ཐེག་རིམ་རྣམས་བསྟན་དོན་གཅིག་ཡིན་པས་དོན་ལ་ཁྱད་པར་ཅི་ཡང་མེད་དེ། བཀའ་གདམས་གླེགས་བམ་ལས། རྒྱ་གར་ནང་པའི་བློ་ངོ་ན། །ང་ནི་མགོན་པོ་སྤྱན་རས་གཟིགས། །བོན་གྱིས་གཤེན་ལྷ་འོད་དཀར་བརྗོད། །ཅེས་དང༌། འབྲུག་པ་ཀུན་དགའ་ལེགས་པས། གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་དབང་ཡིན། །གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད། །ཅེས་སོགས་མང་དུ་གསུངས། བསྟན་པའི་ངོ་བོ་ལ་ཐར་ལམ་ཡང་དག་པ་ཞིག་ཡོད་ན་བརྒྱུད་པ་དང་འབྲས་ཚུལ་སོགས་མི་འདྲ་ཡང༌། རྡོ་འདྲ་ཡང་བརྩིག་ལུགས་མི་འདྲ། ཆུ་འདྲ་ཡང་འཐུང་ལུགས་མི་འདྲ་ཟེར་བ་ལྟར་གདུལ་བྱ་སོ་སོའི་ངོ་སྐལ་གྱི་སྣང་ཚུལ་ཙམ་ཡིན་པས་སངས་རྒྱས་ཀྱི་བསྟན་པ་ཡིན་པ་ལ་བོན་ནང་པ་བསྣུབ་ན་གནོད་བྱེད་ནི། བཀའ་ཐང་ཆེན་མོར། བོན་ལུགས་སྡིག་དང་འདྲེས་པ་ཐམས་ཅད་བསྣུབས། །ཞེས་དང༌། བོན་དཔེ་ནང་པ་རྣམས་ནི་གཏེར་དུ་སྦས། །ཞེས་ཤན་ཕྱེད་ནས་གསུངས་པས་སོ། །དེ་ཡང་དཔེས་མཚོན་ན་ཧོར་ཇིར་འགར་རྒྱལ་པོའི་སྐབས་བཀའ་དགེ་གཉིས་ལ་སྤང་ལེན་དང་དར་ནུབ་བྱུང་ཡང༌།དེའི་སྐབས་ཀྱི་བཀའ་བརྒྱུད་པ་རྣམས་གསང་སྔགས་འཆོལ་སྤྱོད་དུ་སོང་བ་ལ་དགོངས་ཤིང༌། རབ་བྱུང་གི་སྡེ་གཙང་མ་ཚུགས་ཐུབ་པའི་དགོས་པ་ལ་བརྟེན་ནས། ལྔ་པ་ཆེན་པོས་བཀའ་བརྒྱུད་པ་ནི་བསྟན་པའི་ཆོམ་རྐུན་ཡིན། ཞེས་སོགས་གསུངས་ཤིང་དགོན་སྡེ་རྣམས་བསྒྱུར་ནས་བསྣུབ་ཀྱང༌། བཀའ་བརྒྱུད་པའི་ཆོས་རྣམས་སྤོང་ན་གནོད་བྱེད་ནི། བཀའ་བརྒྱུད་པའི་གསང་སྔགས་རྣམས་ལས་གཞན་པའི་དགེ་ལྡན་ལ་གསང་སྔགས་མེད་པ་སོགས་དང་མཚུངས་སོ། །བླ་མ་སོ་སོས་གྲུབ་མཐའ་ལ་ཟུར་ཟ་མཛད་པས་འགལ་བ་མེད་དེ། རྙིང་མའི་གཏེར་སྟོན་འགའ་ཞིག་གིས་རྗེ་ཙོང་ཁ་པ་ལ་ལུང་ངན་འདྲེན་པ་དང༌། གསར་མ་དཔལ་འཛིན་སོགས་ཀྱིས་རྙིང་མའི་གཏེར་ཆོས་རྣམས་ཆོས་མིན་དུ་བརྩི་བ་དང༌། དར་མ་མདོ་སྡེ་དང་རྭ་ལོ་ཙ་བ་ཕན་ཚུན་ཁས་གཏོང་ཞིང་ངན་མཐུ་མཛད་པ་ལྟ་བུ་ནི་རང་རང་གི་གྲུབ་མཐའ་གསར་དུ་འཛུགས་པ་ལ་དགོངས་ལ། དེ་བཞིན་དུ་ཆེན་པོ་འགའ་ཞིག་གི་གསུངས་ནའང་གྲུབ་མཐའ་ཕན་ཚུན་ཟུར་ཟ་བའི་ཉམས་རེ་ཡོད་ཀྱང་དགོས་ཆེད་གཞན་མང་པོ་ཡོད་སྲིད་པས་རང་རེ་ལྟ་བུ་སོ་སྐྱེ་ཞིག་གིས་དེ་ལྟར་དངོས་སུ་འཛིན་མི་རུང་སྟེ། སྔོན་ཀཿཐོག་ན་བྱང་པ་གྲུབ་ཆེན་གྱིས་ལྷོ་པ་སྔགས་ཆེན་ལ་བདུད་སྤྲུལ་དུ་ལུང་བསྟན། ཕྱིས་གས་ཆེན་འདའ་ཁར་བྱང་བས་སྔགས་ཆེན་མྱུར་དུ་གཤེགས་པར་མཆི། དགོངས་པ་ཟངས་མདོག་དཔའ་རིར་འཕོས་ཚར་འདུག་གསུངས་པ་ན། བླ་མཆན་ནས་འོ་ན་བདུད་སྤྲུལ་ཡིན་ཟེར་བ་ཞེས་འཁོན་པས། ང་ལ་དགོས་པ་ཞིག་ཡོད། ཁྱེད་རྣམས་ཚོགས་ངན་བསགས་ན་སྡུག་གྱོང་ཡིན་ཞེས་ཕེབས་པ་བཞིན་ནོ། །ཟུར་ཟ་ཁ་ཅིག་ནི་གནད་མ་ཤེས་པ་ཡིན་པས་སྙིང་པོ་མེད་དེ། དགེ་བཤེས་འགས་རྙིང་མའི་ལྟ་བ་ཧྭ་ཤང་གི་ལུགས་ཡིན་ཟེར་བ་ལྟ་བུ་ནི་ལོང་བས་གླང་ཆེན་གྱི་རྔ་མ་ལ་རེག་ནས་གླང་ཆེན་ནི་སྦྲུལ་དང་འདྲ་ཟེར་བ་ལྟར་ཡིན་ལུགས་མ་ཤེས་པ་དང༌། བོན་ལ་ཐར་ལམ་ཡོད་ན་ཐུབ་པའི་ཁྱད་ཆོས་འཇིག་ཟེར་བ་ལྟ་བུ་ནི་མཐའ་མི་འགའ་ཞིག་གིས་ཕ་ཡོད་ན་བུ་ལ་གནོད་ཟེར་ནས་བུ་རྒྱལ་སར་འགྲོ་བའི་ཚེ་ཕ་གསོད་པ་རྩོམ་པ་ལྟར་གྲུབ་མཐའི་བདག་འཛིན་ཡིན་པས་འཇིག་རྟེན་གྱི་ཕོ་རུས་ཙམ་དུ་ཟད་ལ། བོན་ཀླ་ཀློ་དང་ནག་པོ་ཡིན་པས་ཐར་ལམ་མེད་དགོས་ཟེར་བ་ལྟ་བུ་ནི་བ་ནག་པོ་ཡིན་ན་འོ་མ་ནག་པོ་ལོས་འོང་ཟེར་བ་ལྟར་ཧོམ་ཚོད་ཀྱི་གཏམ་ཡིན་པར་སྣང་བས། དེ་དག་གང་ལྟར་ཡང་རྒྱུས་མེད་ཀྱིས་རྒྱུས་གཏམ་བཤད་ན་དེ་འདྲ་ལས་མི་འོང་བས་ཁ་མེད་དོ། །ཡུལ་དབུས་ཀྱི་ཕྱོགས་རིས་ཅན་ཁ་ཅིག་གིས། ཀློང་ཆེན། གོ་རམ། མཉམ་མེད་པ་རྣམས་བདག་གིས་དམྱལ་བའི་གནས་སུ་སྐྱེས་པ་མཐོང་ཟེར་ནས་དེ་ལྟ་བུའི་རི་མོ་བྲིས་པའི་ཐང་ཀ་ཕྱོགས་ཀུན་ཏུ་འགྲེམ་པ་དང༌། བཛྲ་གུ་རུའི་དོན་ཕོ་མཚན་བླ་མས་མོ་མཚན་དངོས་གྲུབ་སྩཽལ་ཟེར་བ་ཡིན་པས་དགེ་སློང་གིས་དེ་འདོན་ན་སྡོམ་པ་འཆོར་ཟེར་བ་དང༌། སྟག་ལའི་ཆོ་གར། ཉི་ཟླ་པདྨའི་གདན་སྟེང་དུ་ཞེས་པར། ཤཱཀ་ཐུབ་པདྨའི་གདན་སྟེང་དུ་ཞེས་དང༌། སུ་ར་ལ་ཁ་ཧཱི་སོགས་ལ། སེ་ར་ལ་ཁ་ཧཱི། འབྲས་སྤུངས་ལ་ཁ་ཧཱི་ཞེས་ཡི་གེ་བསྒྱུར་བ་དང༌། ཨ་དཀར་ཨ་རྨད་རྨ་སྔགས་སྐྲངས་སྔགས་ཡིན་ཟེར་བ་དང༌། བོན་པོའི་གྲྭ་བ་བྱས་ན་གྲོག་མ་སེར་པོར་སྐྱེ་ཟེར་བ་སོགས་ནི།བླ་མ་དང་གྲུབ་མཐའ་ལ་ཕྲག་དོག་གིས་སྨོད་པའི་གཏམ་འབྲེལ་མེད་ཡིན་པས། མུ་སྟེགས་པས་ཐུབ་པ་ལ། གོའུ་ཏ་མ་སྐྱེས་ནས་ཞག་བདུན་ན་མ་ཡུམ་གྲོངས་པས་བཀྲ་མི་ཤིས་པའོ་སོགས་ཟེར་ནས་ཁ་བཏང་བ་དང་ཁྱད་མེད་པས་ཉན་ཙམ་ཡང་མི་རུང་ངོ༌། །སྒྲུང་ཁ་ཅིག་གིས་གླིང་གེ་སར་གྱིས་བོན་རྒྱལ་དུ་མ་བསད་ནས་བོན་པོ་བཏུལ། ཁྲོ་ཐུང་གིས་བདུད་འདུལ་དྲག་མོས་མཐུ་ཟློག་མཛད་པས་བདུད་འདུལ་དྲག་མོ་བོན་པོའི་གཤེད་མ་ཡིན་ཟེར་བ་སོགས་ནི། གེ་སར་གྱིས་བཏུལ་བ་རྣམས་ཀླ་ཀློའི་བོན་ནག་ཡིན་པ་མ་གོ་བ་དང༌། ཁྲོ་ཐུང་ཁོ་རང་བོན་པོ་ཡིན་པ་མ་གོ་བ་དང༌། བདུད་འདུལ་དྲག་མོ་ནི་ཞིང་སྐྱོང་སེང་གདོང་མ་ཡིན་ལ། དེ་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་གཡུ་ལུང་ཤེལ་བྲག་གི་གནས་བདག་ཡིན་པས་བོན་པོའི་ལྷ་ཡིན་པར་མ་གོ་བའི་སྟེང་དུ་ལོག་པར་གོ་བ་ཡིན་པས། གེ་སར་གྱི་སྨོན་ལམ་གནང་སྐབས ཨ་འུག་ཅབ་ཅབ་ཀྱིས་ལོག་པར་གོ་བའི་དཔེ་བཞིན་རང་ལ་དབང་ཐང་མེད་པའི་བཀའ་དྲིན་ཡིན་སྣང་ངོ༌། །ལར་ཡང་སྒྲུང་ཡིག་ཕལ་མོ་ཆེ་ཆགས་སྡང་གིས་རང་བཟོས་སུ་སོང་བའི་ལྷད་ཅན་མང་འདུག་པས་ཡིད་རྟོན་ཅི་ཡང་མེད་དོ། །རོང་ཡུལ་ན་ཨ་བོ་འགས་བན་བོན་ལྷ་འཐབ་བྱེད་པས། བན་ཁྱིམ་དུ་བོན་སྒྲ་ངོ་བོའི་སྒོ་ནས་མི་འདྲ་བའི་ཁྱད་པར་མེད་དེ། དཔེར་ན་ལྷོ་བྱང་གི་འགྲོ་ལམ་གཉིས་མི་འདྲ་ཡང་ཇོ་ཁང་གི་སྒོ་ཞབས་སུ་ཚུད་པ་ལ་ཁྱད་པར་མེད་པ་བཞིན་ནོ། །གཞན་ཡང་ཆོས་ལུགས་གྲུབ་མཐའ་སོ་སོའི་གནས་སྐབས་ཀྱི་ཕྱག་ལེན་ལ། ཞང་ཞུང་པས་བརྐྱང་ཕྱག་ལ་གཙོ་བོར་བྱེད་པ་དང༌། རྒྱ་གར་བས་སྒུར་ཕྱག་ལ་གཙོ་བོ་དང་རྒྱ་ནག་པས་ཟུར་ཕྱག་ལ་གཙོར་བྱེད་ཅིང༌། འཛམ་གླིང་བྱང་ཕྱོགས་པས་གཡོན་གྲལ་མགོར་བྱེད་པས་བྱང་བསྐོར་དང༌། ལྷོ་ཕྱོགས་པས་དེ་ལས་ལྡོག་པས་ལྷོ་བསྐོར་བྱེད་པ་སོགས་ལ་བརྟེན་ཅུང་ཟད་མི་འདྲ་ཡང༌། ཕྱག་བརྐྱང་སྒུར་གུས་པའི་ཁྱད་པར། ཚིག་སྐྱབས་འགྲོ་གདུང་བའི་འགྱུར་ཁུག་ཅེས་གྲགས་པ་ལྟར་ཕྱག་དང༌། གཡས་བསྐོར་ཕྱག་རྒྱ་ཆེན་པོ། གཡོན་བསྐོར་རྫོགས་པ་ཆེན་པོ་ཞེས་གསུང་པ་ལྟར་བསྐོར་བ་རྣམས་མཚོན་ཚུལ་ཙམ་ལས་ཁྱད་མེད་དེ། བོད་སྒུར་བ་གུས་པ་དང༌། རྒྱས་དགྱེ་བ་གུས་པར་བརྩི་བ་ལ་སོགས་པ་བཞིན་ནོ། །དེའི་དོན་གྱིས་ཆོ་ག་རྣམས་ལས་འཇིག་རྟེན་སྲི་ཞུའི་ཚུལ་གྱིས་ནི་ཞེས་འབྱུང་བ་ཡིན་ནོ། །གཞན་ཡང་མདོ་སྔགས་ཀྱི་མཆོད་རྫས་དང་ཡོ་བྱད་སོགས་ཀྱང་སོ་སོའི་ཡུལ་དང་བསྟུན་པའི་ཁྱད་པར་ཡོད་པ་ཡང་དེ་ལྟར་ཤེས་དགོས་པ་ཡིན་པས། ཚུལ་ཀུན་སྤྱོད་ཙམ་གྱིས་རང་གི་དེ་ཡིན་གྱི་གཞན་གྱི་དེ་མིན་ཞེས་ཕྱེ་བ་ནི་ཞར་བའི་བལྟ་སྟངས་སམ་བྱིས་པ་རང་གི་ཨ་ཕའི་ཕོར་ནག་ལ་གཙང་མར་ཞེན་པ་དང་ཁྱད་པར་ཅི་ཡང་མེད་དོ། །འོ་ན་བོན་ཆོས་གཉིས་དགོངས་པ་གཅིག་ན་ནི་སྟོན་པ་དང་བསྟན་པ་ཐ་དད་ཡིན་པ་དང༌། བན་བོན་གཉིས་ལ་དར་ནུབ་བྱུང་བ་དང༌། གནས་སྐབས་བླ་མ་སོ་སོའི་གསུངས་ཚུལ་སོགས་མི་འདྲ་བ་ཅི་ཡིན་ཞེ་ན། སྟོན་པ་དང་བསྟན་པ་ཐ་དད་ཡིན་པས་འགལ་བ་མེད་དེ། གསང་སྔགས་རྙིང་མའི་ལུགས་ལ་སྟོན་པ་སྐུ་གསུམ་སོགས་དང༌། བསྟན་པ་རྣམ་གསུམ་སོགས་སུ་བཞེད་པ་ཡིན་པའི་ཕྱིར་ཏེ། འབྲི་གུང་སྐྱོབ་པ་རིན་པོ་ཆེའི་དགོངས་གཅིག་ལས། ཞིང་གཅིག་ལ་ཡང་སངས་རྒྱས་དུ་མ་བྱོན། །ཞེས་དང༌། སློབ་དཔོན་པདྨའི་ཞལ་ནས། སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལ། །ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱོན། །ཞེས་གསུངས་པ་བཞིན་ནོ། །ཁྲི་སྲོང་གི་དུས་སུ་བསྟན་པ་ལ་སྤང་ལེན་དང་དར་ནུབ་བྱུང་བས་འགལ་བ་མེད་དེ། དེའི་སྐབས་སུ་དབུས་གཙང་ན་ཡོད་པའི་བོན་ནི་ཀླ་ཀློ་དང་འདྲེས་པའི་བོན་ནག་ཡིན་པ་ལ་དགོངས་ཤིང༌། རྒྱ་ཆོས་གཙང་མ་བོད་དུ་དར་ཐུབ་པའི་དགོས་པ་ལ་བརྟེན་ནས་བོན་ནག་དེ་བསྣུབ་པ་ཡིན་ལ། གྲགས་མི་རུང༌། བོན་ཁྱིམ་དུ་བན་སྒྲ་གྲགས་མི་རུང་ཟེར་བ་སོགས་ནི་ཟས་ཀྱི་ཕྲུ་མ་ལ་ཁྱི་འཛིང་བྱེད་པ་ལྟར་ཁ་ཕོར་རྩོད་པའི་གཡོ་གཏམ་ཡིན་ཏེ། ཡེ་ཤེས་དབལ་མོ་སོགས་ཡེ་ཤེས་ཀྱི་ལྷ་རྣམས་ནི་ངོ་བོ་གཅིག་པས་འགལ་དོན་མེད། འཇིག་རྟེན་པ་ལ་རྒྱལ་པོ་ཤེལ་ཁྲབ་མཆོད་ན་བན་དང་འགྲས་ཟེར་ཡང་ཤེལ་ཁྲབ་ནི་རྒྱ་གར་གྱི་གཙུག་ལག་ཁང་ན་ལེནྡྲའི་དཀོར་བདག་བན་དེ་ཡིན་ལ། རྡོ་རྗེ་ལེགས་པ་མཆོད་ན་བོན་དང་འགྲས་ཟེར་ཡང་རྡོར་ལེགས་སྟོན་པ་གཤེན་རབ་ཀྱི་བཀའ་དམ་ལ་གནས་པའི་དགེ་བསྙེན་ཨ་བོ་ཁྱུང་གཤོག་ཡིན་པར་མ་ཤེས་པར་སྣང༌། ལར་མི་ཤེས་པའི་ཚོད་དུ། ཁྲམ་པ་མི་གསུམ་ཁ་བསྡོང་ན། བྲམ་ཟེ་ར་མ་ཁྱི་རུ་བསྒྱུར་ཟེར་བ་ལྟར། དེང་སང་གི་གྲོང་ཆོག་པ་རྣམས་ར་ཤ་ཟ་འདོད་ཆེ་བས་དེ་ལ་བལྟས་ན་ཡོན་བདག་གླེན་པའི་ར་མ་ཁྱི་རུ་བསྒྱུར་ཤས་ཆེ་བས་དེ་ཚོ་ལ་བསམ་ན་སྙིང་ནས་དགོད་བྲོ་བར་གདའོ། །ཡུལ་མི་རྣམས་ཀྱིས་གནའ་བོ་ཕྱོགས་རིས་མཁན་གྱི་ཁ་དངགས་བླངས་ནས་བླ་མ་དང་ཆོས་ལུགས་ལ་སྡང་སེམས་ཀྱིས་ཕྱོགས་འཐེན་བྱེད་པ་ནི། །ཁྱི་སེམས་རྒྱོབ་ཀྱིས་བསྒྱུར། མི་སེམས་ཚིག་གིས་བསྒྱུར་ཟེར་བ་ལྟར་སྐྱུར་པོ་འཐུང་བའི་ངོ་ལ་བལྟས་ན་འགྲམ་ཆུ་ལང་བ་དང༌། དྲི་ངན་བྲོ་བའི་སྣ་ལ་བལྟས་ན་ཞེ་ཁ་ལྡོག་པ་ལ་ཁག་མེད་ཀྱང༌། དོན་དུ་ཁྲོ་ཐུང་གིས་ཚ་བོ་མགོ་བཙོང་བྱས་པའི་སྒྲུང་བཤད་དུས་མི་སྐྱ་ཞིག་སྤྲོ་ལངས་ནས་ཁྲོ་ཐུང་གི་ཞལ་ཐང་ལ་གྲི་བཙུགས་པ་དང་འདྲ་བས་ཅོལ་ཆུང་བའི་མི་དང་འཕྲད་ན་བསམ་མནོ་གཏོང་བའི་ལོང་མེད་པ་འདྲའོ་སྙམ་མོ། །མདོར་བསྡུ་ན་གོང་མ་རྣམས་ཀྱི་གསུང་ལ་དགོས་པ་དགོངས་གཞི་རེ་ཡོད་ལ།འོག་མ་རྣམས་ཀྱི་ངག་ལ་ནི་གཡོ་སྒྱུ་སྣ་ཚོགས་ཀྱི་སྐྱོན་རེ་ཡོད་པས་ཕན་ཚུན་ཟེར་སྒྲོས་དུ་མ་ལ་བརྟེན་ནས་ཚོགས་ངན་གསོག་མི་རུང་སྟེ། ཇི་སྐད་དུ། སྟོན་པ་ཐ་དད་འོད་མཛེས་རྩོད་པ་འདྲ། །ཆོས་ལུགས་ཐ་དད་ཟན་བཤོས་ཐ་དད་མཚུངས། །དགེ་འདུན་ཐ་དད་ཕ་གཅིག་བུ་འཁྲུགས་བཞིན། །མིང་དོན་གཅིག་ལ་བློ་ཆུང་ཐམས་ཅད་འཁྲུལ། །ཞེས་གསུངས་པ་བཞིན་ནོ། །དེས་ན་འཇིག་རྟེན་པའི་ཁ་སྐད་ལའང༌། ཆུ་ཕུགས་གངས་ལ་གཏུག་དགོས། ཆོས་ཕུགས་སངས་རྒྱས་ལ་གཏུག་དགོས་ཟེར་བ་ལྟར་བན་བོན་དང་གསར་རྙིང་སོགས་བོན་ཀྱི་ཆོས་ལུགས་ཐམས་ཅད་སངས་རྒྱས་ཀྱི་ཕྲིན་ལས་ལས་བྱུང་བ་ཁོ་ན་ཡིན་པས་བསྟན་པ་ཐམས་ཅད་ལ་ཕྱོགས་མེད་ཀྱི་དད་པ་བསྐྱེད་དགོས་ཏེ། ཇི་སྐད་དུ། སངས་རྒྱས་ཐམས་ཅད་ནམ་མཁའ་འདྲ། །ཆོས་ལུགས་ཐམས་ཅད་སྨན་སྒྲོ་བཞིན། །དགེ་འདུན་ཐམས་ཅད་ཕ་གཅིག་བུ། །ཕྱོགས་རིས་སྤོང་ན་རང་ལ་ཕན། །ཞེས་གསུངས་པ་བཞིན་ནོ། །ཚུལ་དེ་ལྟ་བུ་ལ་དགོངས་ནས་སྔོན་དུས་ཆོས་རྒྱལ་འཕགས་པ་དང༌། རྒྱལ་དབང་ལྔ་པའི་སྐབས་ཧོར་སེང་ཆེན་དང་རྒྱ་ནག་གོང་མས་ཆོས་ལུགས་མང་ན་ཕྱིས་སུ་རྩོད་པ་འཕེལ་སྲིད་པས་ཆོས་ལུགས་གཅིག་ལས་མེད་པར་བྱ་ཞེས་བཀའ་ཕེབས་ཀྱང༌། ཆོས་ལུགས་གཅིག་གིས་གདུལ་བྱ་ཐམས་ཅད་ལ་མི་ཕན་ཞིང་སེམས་ཅན་གདུལ་བྱ་ཐ་དད་ལ་ཆོས་ལུགས་གྲུབ་མཐའ་ཐ་དད་དགོས་པས་དེ་ལྟར་མཛད་མི་དགོས་པར་ཞུས་ནས་ཆོས་ལུགས་ཐམས་ཅད་རང་སར་བཞག་པ་ལ་བརྟེན་ནས། དེང་སང་གི་བར་དུ་བོད་ཀྱི་ཆོས་ལུགས་ལ་ས་དགེ་རྙིང་གསུམ། ཀར་འབྲུག་བོན་གསུམ་ཞེས་གངས་ཅན་གྱི་ལྷ་སྡེ་རྣམས་ཕྱོགས་གཅིག་ཏུ་དྲིལ་བའི་གཏན་ཚིགས་ཆེན་པོ་འདི་བྱུང་ངོ༌། །སྟོན་པའི་ལུང་གི་དབང་དུ་བྱས་ན་ཡང༌། གྲུབ་མཐའ་ལ་ཕྱོགས་རིས་བྱས་པའི་ཉེས་པ་ནི། མདོ་ལས། གང་གིས་ཆོས་ལ་ཆོས་མིན་སྨྲ། །སྐྱེས་བུ་དམ་པ་དག་ལ་སྡང༌། །མེད་པར་བལྟ་བ་དམྱལ་མེད་ལྷུང༌། །ཞེས་གསུངས། ཁྱད་པར་བན་བོན་ཀུན་ལ་ཕྱོགས་མེད་ཀྱི་གུས་པ་སྐྱེད་དགོས་པའང༌། བློན་པོའི་བཀའ་ཐང་ལས། ནག་པོའི་ཕྱོགས་ཕམ་དཀར་ཕྱོགས་སྤོབས་པ་བསྐྱེད། །གས་བོན་དགེ་སྦྱོང་དཔུང་ནི་དྲིལ་ནས་བཟློག །ཅེས་སོགས་དང༌། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། །ཞེས་སོགས་མང་དུ་གསུངས། དེས་ན་འགྲོ་བའི་མགོན་པོ་ཞང་ཚལ་བས། འོ་སྐོལ་བོན་གྱི་གྲུབ་མཐའ་ལ་རས་ཆོད་མི་བགྱིའོ། །ཞེས་དང༌། བློ་ལྡན་སྙིང་པོས། བོན་ཆོས་རིན་ཆེན་གསེར་གླིང་ལ། །བཟང་ངན་མ་འཛིན་སྐལ་ལྡན་རྣམས། །ཞེས་དང༌། རྒྱལ་དབང་ཤར་རྫ་བ་ཆེན་པོས། བོན་དང་ཆོས་ཞེས་རིས་སུ་མ་ཆད་པར། །གང་ཡང་ཡང་དག་དོན་དུ་རོ་གཅིག་པས། །གང་ནས་ཞུགས་ཀྱང་སངས་རྒྱས་བསྟན་པ་ལ། །ཐོས་ཆུང་བློ་ཡིས་མ་ཕྱེ་སྙིང་གཏམ་ཡིན། །ཞེས་གསུངས་པ་ལྟར་བསྟན་པ་ཀུན་ལ་རིས་མེད་ཀྱི་དད་གུས་བསྐྱེད་པ་དང༌། དེའི་སྒོ་ནས་བསྟན་པ་དང་དགོན་པ་རྣམས་ཕན་ཚུན་དམ་སེལ་དུ་མི་འགྱུར་ཞིང་ཐུགས་མཐུན་ཞིང་འགྲོགས་བདེ་བར་བྱ་བ་དང༌། བླ་མ་རྣམས་ཀྱི་ཕྲིན་ལས་ལ་མཐུན་སྦྱོར་བྱ་ཞིང་བསྟན་པ་སྤེལ་བ་ལ་འབད་པ་དང༌། ཕྱི་མའི་དོན་དུའང་བསྟན་པ་རིས་མེད་ལ་བརྟེན་ནས་ཐར་བའི་ལམ་དང་མི་འབྲལ་ཞིང་སངས་རྒྱས་ཀྱི་ས་ལ་སྦྱོང་བའི་སྨོན་འདུན་ཡང་བྱེད་དགོས་པས་དེ་བཞིན་དུ་ཡིད་ལ་ངེས་པར་གྱིས་ཤིག་ཅེས་སྙིང་ནས་སྨོས་པ་ལགས། 

ཞེས་ཉག་རོང་གི་ས་གནས་ལྕགས་མདུད་རི་ནང་དུ་སྐྱབས་འགྲོ་ལ་བརྟེན་ནས་དགེ་བསྐུལ་ཁྲོམ་བཤད་ཅི་རིགས་བགྱིད་པའི་སྐབས་སུ་བྲིས། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག