ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> འཕྲུལ་ངག་བསྟན་པའི་ལོ་རྒྱུས།
འཕྲུལ་ངག་བསྟན་པའི་ལོ་རྒྱུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དཔྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

      འོ་ན་དེ་རིང་མཆོད་ཡོན་འདུས་པ་ལྷན་རྒྱས་ཀྱི་སྐབས་སུ་རྒྱལ་བའི་བསྟན་པ་བབ་ཚུལ་དང་འབྲེལ་བའི་བསླབ་བྱ་ཅུང་ཟད་བགྱིད་ན། དེ་ཡང་ད་ལྟའི་བསྐལ་པ་འདི་ལ་གདུལ་བྱ་སེམས་ཅན་དང༌། འདུལ་བྱེད་སྟོན་པ་དང༌། དེས་བསྟན་པའི་བསྟན་པ་སྟེ་དེ་དག་ཇི་ལྟར་བྱུང་བའི་ཚུལ་བསམ་གྱིས་མི་ཁྱབ་ཀྱང་སྤྱིར་གདུལ་བྱ་དགེ་བའི་རིགས་ཅན་ལ་ཡོད་ཁམས་དཀར་པོ་ལྷའི་བསྟན་པ་ནང་པ་སངས་རྒྱས་པའི་ཕྱོགས་དང༌། སྡིག་པའི་རིགས་ཅན་ལ་མེད་ཁམས་ནག་པོ་བདུད་ཀྱི་བསྟན་པ་ཕྱི་རོལ་ཀླ་ཀློའི་ཕྱོགས་གཉིས་སུ་བྱུང་སྟེ། ཇི་སྐད་དུ། ལྷ་བདུད་དཀར་ནག་སྨོན་ལམ་ལས། །དགེ་སྡིག་ལས་ཀྱི་བསྟན་པ་རྩོད། །ཅེས་གསུངས། ཡོད་ཁམས་ཀྱི་བསྟན་པ་ལའང་གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐེག་པ་དང་གྲུབ་མཐའ་མཐའ་ཡས་པར་བྱུང་སྟེ། རྒྱུད་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐུགས་རྗེའི་འོད་དང་ཐེག་པའི་མཐའ། །འཁོར་བ་མ་སྟོང་བར་དུ་སྟོན། །ཞེས་གསུངས། འཇིག་རྟེན་གྱི་ཐེག་པ་ལའང་བསྐལ་པའི་ཐོག་མ་ནས་ལྷ་ཆེན་ཚངས་པ་དང་དབང་པོ་བརྒྱ་བྱིན་དང་ལོའུ་ཀྱུན་དང་ཁུང་ཧྥུ་ཙི་སོགས་ཀྱིས་བསྟན་པའི་སྲིད་པ་རྒྱུད་ཀྱི་བོན་དང༌། བྲམ་ཟེའུའི་ཆོས་རིག་བྱེད་སོགས་མུ་སྟེགས་ཚུན་ཆད་ལ་ཐུན་མོང་དུ་དར་བའི་གྲུབ་མཐའ་སྣ་ཚོགས་དང༌། འཇིག་རྟེན་ལས་འདས་པའི་ཐེག་པ་ལའང་གཞི་རྟེན་བསྟན་པའི་གཙོ་བོ་དང༌། བརྟེན་པ་ཁོལ་བུའི་བསྟན་པ་གཉིས། རྟེན་བསྟན་པའི་གཙོ་བོ་ནི་རྣམ་མཁྱེན་སྟོན་པའི་བསྟན་པ་སྟེ། རྒྱུ་འབྲས་བླ་མེད་ཀྱི་ཐེག་པ་ཡོངས་སུ་རྫོགས་པས་རྟེན་དང༌། སྐུ་གསུང་ཐུགས་ཀྱི་བསྟན་པ་གསུམ་ཡོངས་རྫོགས་དང་ལྡན་པས་གཙོ་བོ་སྟེ་བསྟན་པ་སྔ་དར་ཡིན་ལ། བརྟེན་པ་ཁོལ་བུའི་བསྟན་པ་ནི་ཐུབ་པའི་བསྟན་པ་སྟེ། ཐར་ལམ་བདེན་པ་བཞི་དང་གཙོ་བོར་འབྲེལ་བས་བརྟེན་པ་དང༌། སྐུ་གསུང་ཐུགས་ཀྱི་བསྟན་པ་གསུམ་དང་མི་ལྡན་པས་ཁོལ་བུའི་བསྟན་པ་སྟེ་བསྟན་པ་ཕྱི་དར་ཡིན་ལ། དེ་ལས་བསྟན་པ་སྔ་དར་འཕྲུལ་ངག་གཡུང་དྲུང་བོན་གྱི་དབང་དུ་བྱས་ན། བོན་ལོངས་སྤྲུལ་གསུམ་གྱི་སྟོན་པ་རྣམ་གསུམ་བྱོན་ནས་ཕྱི་ནང་གསང་གསུམ་གྱི་བསྟན་པ་རྣམ་གསུམ་སྤེལ་ཚུལ་མདོར་བསྡུ་ན། གསང་རྒྱུད་ཀྱི་སྟོན་པ་ལ་སྟོན་པ་ཀུན་ཏུ་བཟང་པོ་སོགས་བྱོན། འོག་མིན་འདའ་བ་མེད་པའི་གནས་སོགས་སུ་འཁོར་དབང་པོ་ཡང་རབ་ཀྱི་ཚོགས་ལ་བསྟན་པའི་སྙིང་པོ་གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོའི་བོན་སྒོ་བསྟན། གཤེན་ཆེན་དང་ལྷ་བོན་ཡོངས་སུ་དག་པ་སོགས་བྱོན་ནས་ལྷའི་གནས་སོགས་སུ་བསྟན་པ་སྤེལ་ནས་དར། ནང་རྒྱུད་གསང་གས་ཀྱི་སྟོན་པ་ལ་སྟོན་པ་འཆི་མེད་གཙུག་ཕུད་སོགས་བྱོན། རྩ་གསུམ་ལྷའི་གནས་མཚལ་རི་ལྷའི་འདུན་ས་སོགས་སུ་འཁོར་དབང་པོ་འབྲིང་གི་ཚོགས་ལ་བསྟན་པའི་གཞུང་ལམ་བསྒྱུར་ལམ་གསང་སེམས་སྔགས་ཀྱི་བོན་སྒོ་བསྟན། གསང་འདུས་སྟག་མེ་སོགས་བྱོན་ནས་ལྷ་ཀླུ་མི་གསུམ་གྱི་གནས་སུ་བསྟན་པ་སྤེལ་ནས་དར། ཕྱི་རྒྱུད་མདོའི་སྟོན་པ་ལ་སྐུས་འདུལ་བའི་དུས་སུ་རྣམ་མཁྱེན་གཤེན་རབ་མི་བོ་བྱོན། ཤམྦྷ་ལ་འོལ་མོའི་གླིང་དུ་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་འཁོར་དབང་པོ་ཐ་མའི་རིགས་ཅན་སྣ་ཚོགས་ལ་ཐེག་པ་སྤྱི་དང་གཙོ་བོར་བསྟན་པའི་གཞི་རྟེན་སྤང་ལམ་མདོའི་བོན་སྒོ་བསྟན། གསུང་གིས་འདུལ་བའི་དུས་སུ་རྒྱལ་ཚབ་ཏུ་མུ་ཆོ་ལྡེམ་དྲུག་བྱོན། འ་ཞྭ་གསང་བ་མདོ་སྡུད་སོགས་ཐུགས་སྲས་ཆེན་པོ་བཅུ་གཉིས་ཀྱིས་མཚོན་གནས་བརྟན་ཆེན་པོ་རྣམས་ཀྱིས་བསྟན་པ་སྤེལ། དེའི་ཟུར་སྡོངས་སུ་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན། དམ་པའི་ཆོས་ཀྱི་བསྟན་པ་སྤེལ། ཐུགས་ཀྱིས་འདུལ་བའི་དུས་སུ་འཆི་མེད་དྲན་པ་ཡབ་སྲས་བྱོན། ལོ་པཎ་གཤེན་བརྒྱད་སོགས་ཀྱིས་བསྟན་པ་སྤེལ་ནས་དར། དེ་ནས་སྟོན་པ་སྐུ་དངོས་གཤེགས་པའི་རྗེས་ནས་བསྟན་པ་ཐམས་ཅད་འོལ་མོའི་གླིང་དུ་བབས། མཁས་མཆོག་འཛམ་གླིང་རྒྱན་དྲུག་བྱོན་ནས་སྟག་གཟིག་རྒྱ་གར་ནག་སོགས་ཡུལ་ཆེན་དྲུག་ཏུ་བསྟན་པ་སྤེལ། དེ་ནས་བོད་ཁ་བ་ཅན་དུ་ཐོག་མར་བོན་དང༌། དེ་ནས་གཙུག་ལག་སྒོ་བཞིའི་བསྟན་པ་ཅི་རིགས་དར་བ་ལས། རེ་ཞིག་སྲིད་པ་ན་གཉན་པ་བོན་གྱི་དབང་དུ་བྱས་ན། བོད་རྒྱལ་གཉའ་ཁྲི་དང་གཤེན་ནམ་མཁའ་སྣང་མདོག་གཉིས་རྒྱལ་གཤེན་བསྟན་པ་མཉམ་ཆགས་སུ་གྱུར་ནས་གནམ་ལ་ཁྲི་དྲུག་སོགས་རྒྱལ་རབས་སུམ་ཅུ་རྩ་གསུམ་དུ་བོན་ཁོ་ན་དར། རིག་པའི་གནས་ལྔ་དང༌། མདོ་འབུམ་རྒྱུད་མཛོད་བཞིས་བསྡུས་པའི་བསྟན་པའི་བོན་ཐམས་ཅད་འཕེལ་ཞིང་རྒྱས། མཁས་དང་གྲུབ་པའི་སྐྱེས་མཆོག་དཔག་ཏུ་མེད་པ་བྱུང་ཞིང་བསྟན་འགྲོའི་དོན་མཐའ་ཡས་པ་མཛད། དེ་ནས་བསྟན་པ་ཕྱི་དར་གྱི་དུས་སུ་ཨ་ཙར་མི་གསུམ་དང་སྤྲུལ་པའི་གཏེར་ཆེན་བདེ་ཆེན་གླིང་པ་སོགས་གཤེན་གྱེར་རྨ་དབྱིལ་གཙོས་པའི་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཕལ་མོ་ཆེ་བྱོན་ནས་ཟབ་གཏེར་གྱི་ཐང་མར་བརྡལ། དེ་དག་གི་བཀའ་བབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་སོགས་བྲུ་ཞུ་སྤ་གསུམ། དེ་དག་གི་བརྒྱུད་འཛིན་རྨེའུ་སྟོན་སྒོམ་རྣམ་གཉིས་ཏེ་གྲྭ་ས་ཡ་བཞིས་གཙོས་པའི། གཤེན་དར་སྡིངས། ཁྱུང་པོ་དཀར་ནག་སེར་གསུམ་སོགས་དང༌། བོད་ཆེན་པོའི་ལྗོངས་སུ་ཞིག་པོ་རྣམ་དགུས་གཙོས་པའི་དབྲ་ལྕང་སྨོན་གསུམ། དབལ་བརྡ་ཁྱུང་གསུམ་སོགས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་དུ་མ་བྱོན། མཁས་བརྒྱུད་དང་གདུང་རྒྱུད་གཉིས་ཀྱི་སྒོ་ནས་མདོ་གས་ཀྱི་བསྟན་པ་བསྐྱངས། དེ་ལས་ཁྱད་པར་དུ་རྨེའུ་དམ་པ་རིན་པོ་ཆེ་ཡབ་སྲས་རྣམས་བྱོན་ནས་སྒྲུབ་བརྒྱུད་ཀྱི་བསྟན་པའི་མེ་རོ་བསླང༌། རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་ཡབ་སྲས་རྣམས་བྱོན་ནས་མདོ་སྔགས་འགལ་མེད་ཀྱི་གཞི་བཟུང༌། ལྟ་སྤྱོད་ཟུང་འབྲེལ་གྱི་གཞུང་བསྲང༌། བཤད་སྒྲུབ་གཉིས་མཉམ་གྱི་སྲོལ་བཏོད་ནས་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་དར་བར་མཛད། དེ་ནས་ད་ལྟའི་དུས་སུ་རྒྱལ་བ་གོང་མ་དེ་དག་གི་བརྒྱུད་འཛིན་ཐུགས་བསྐྱེད་མཚུངས་པ་མེད་པ་དཔལ་ཤར་རྫ་བ་ཆེན་པོ་ཡབ་སྲས་རྣམས་བྱོན་ཏེ་རྗེ་སྨན་རི་བའི་རིང་ལུགས་ཇི་ལྟ་བར་མདོ་སྔགས་བླ་མེད་ཀྱི་བསྟན་པ་རིན་པོ་སྤང་ལ་མེ་མཆེད་པ་ལྟར་འཕེལ་ཞིང་རྒྱས་པར་མཛད་དོ། །དེ་དག་གི་བསྟན་པའི་ངོ་བོའི་དབང་དུ་བྱས་ན། རྒྱལ་དབང་ཤར་རྫ་བ་ཆེན་པོས། །ཕྱི་མ་བསྒྲུབ་ཐབས་དག་ལ་མང་ཡོད་ཀྱང༌། །བསྡུ་ན་སྤོང་བསྒྱུར་གྲོལ་བ་གསུམ་ལ་འདུས།། ཞེས་གསུངས་པ་ལྟར་རྒྱུ་འབྲས་བླ་མེད་གསུམ་ལས། རེ་ཞིག་སྤོང་ལམ་རྒྱུའི་ཐེག་པའི་དབང་དུ་བྱས་ན། དཀོན་མཆོག་གསུམ་ལ་སྙིང་ནས་དད་པ་དང་སྐྱབས་སུ་འགྲོ་བས་གཞི་བཟུང༌། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་ལྟ་བས་ཀུན་ནས་བསླངས་ཏེ། བསྐལ་པ་ཆགས་ནས་བཟུང་གནམ་ས་བར་གསུམ་ལ་དབང་བསྒྱུར་པའི་ལྷ་ཆེན་རྣམས་དང༌། ཡེ་ཤེས་ཀྱི་ལྷའི་རྣམ་རོལ་ལས་བྱུང་བའི་རྫུ་འཕྲུལ་གྱི་ལྷ་དང༌། འཇིག་རྟེན་གྱི་ལྷའམ་ལས་ཀྱི་ལྷ་སངས་རྒྱས་ཀྱི་ཞལ་མཇལ་ཞིང་བཀའ་ལ་ཉན་པ་རྣམས་དང༌། གལ་ཏེ་ཡེ་ཤེས་ཀྱི་ལྷ་ལ་བརྟེན་ཡང་གསང་སྔགས་ངན་སྔགས་ལྟར་དུ་བསྒྲུབ་པའི་ལུགས་བྱེད་པས་ཐར་ལམ་དངོས་ཞིག་མེད་ནའང༌། མོ་ཕྱྭ་དང༌། སྨན་རྩིས་དང༌། གཏོ་དཔྱད་དང༌། མདོས་གླུད་དང༌། དྲག་ལས་དང༌། འདུར་ཐབས་ལ་སོགས་པ་ཚེ་འདིར་ཕན་བདེ་སྐྱེད་པའི་ཐབས་རྣམས་དང༌། བསྒྱུར་ལམ་འབྲས་བུ་ཐེག་པའི་དབང་དུ་བྱས་ན། ནང་གསེས་ཐེག་ཆེན་དང་ཐེག་དམན་གཉིས་ལས། རེ་ཞིག་ཐེག་དམན་ལ། ངེས་འབྱུང་གི་སེམས་དང་བདག་མེད་ཀྱི་ལྟ་བས་ཀུན་ནས་བསླངས་ཏེ། ཐར་ལམ་དང་འབྲེལ་བའི་ལམ་ལྷག་པའི་བསླབ་པ་གསུམ་ལ་བརྟེན་ནས་ཞི་བ་མྱང་འདས་ཀྱི་གོ་འཕང་མངོན་དུ་བྱེད་པ་དང༌།ཐེག་ཆེན་ལ་མདོ་སྔགས་གཉིས་ཡོད་པས། རེ་ཞིག་ཐེག་ཆེན་མདོ་ལམ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་ཀུན་ནས་བསླངས་ཏེ། ཐེག་ཆེན་གྱི་བསླབ་པ་གསུམ་ལ་བརྟེན་ནས་རྣམ་མཁྱེན་གྱི་གོ་འཕང་མངོན་དུ་བྱེད་པ་དང༌། གསང་སྔགས་ལ་ཐེག་ཆེན་གྱི་གཞུང་ལམ་སྔ་མ་རྣམས་ཀྱི་སྟེང་དུ་སྣང་སྲིད་དག་མཉམ་གྱི་ལྟ་བས་ཀུན་ནས་བསླངས་ཏེ། ཐབས་ལམ་དུ་བྱེད་པ་བསྐྱེད་རིམ་ལྷའི་རྣལ་འབྱོར་དང༌། ཤེས་རབ་ལམ་དུ་བྱེད་པ་རྫོགས་རིམ་རླུང་གི་རྣལ་འབྱོར་དང་ལྷན་སྐྱེས་ཡེ་ཤེས་ཀྱི་རྣལ་འབྱོར་ལ་བརྟེན་ནས་ཟུང་འཇུག་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པར་སྐུ་ལྔའི་འབྲས་བུ་ཐོབ་པ་དང༌། གྲོལ་ལམ་བླ་མེད་ཐེག་པའི་དབང་དུ་བྱས་ན། གཞི་གནས་རང་བྱུང་གི་ལྟ་བས་ཀུན་ནས་བསླངས་ཏེ། རིག་པའི་ངོ་བོ་ལམ་དུ་བྱེད་པ་ཀ་དག་ཁྲེགས་ཆོད། རང་བཞིན་ལམ་དུ་བྱེད་པ་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལ་བརྟེན་ནས་གཞི་གནས་ཀྱི་འབྲས་བུ་མངོན་དུ་བྱས་ཏེ་གོ་འཕང་ཐོབ་པར་བྱེད་པའོ། །གནས་སྐབས་གང་ཟག་གི་ཕྱག་ལེན་གྱི་དབང་དུ་བྱས་ན། རེ་ཞིག་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས། རྒྱུ་འབྲས་ཀྱི་བོན་གཉིས་སྔོན་ཆད་ཕན་ཚུན་མ་ལྟོས་པའི་སོ་སོར་སྤྱོད་པའི་ཚུལ་ཡང་ཡོད་ཀྱང༌། དེང་སང་ནི་རྒྱུའི་ཐེག་པའི་གཏོ་ཐབས་དང་མདོས་གླུད་ལ་སོགས་པ་ཕྱྭ་སྣང་འཕྲུལ་སྲིད་ཀྱི་ཆོ་ག་ཐམས་ཅད། དབལ་གསས་རྔམ་པ་ལ་སོགས་གསང་སྔགས་ཀྱི་ཡི་དམ་ལྷའི་གོང་ནོན་བྱས་ནས་ལྷ་གཞུང་གི་ཆ་ལག་ཏུ་སྦྱོར་བ་ཡིན་པས་རྒྱུ་འབྲས་གཉིས་པོ་ཟུང་འཇུག་ཏུ་སྤྱོད་པ་དང༌། མདོ་སྔགས་བླ་མེད་གསུམ་གྱི་དབང་དུ་བྱས་ན། སྔོན་བོད་དུ་མདོ་སྔགས་བླ་མེད་གསུམ་སོ་སོར་སྤྱོད་པའི་ཕྱག་ལེན་ཡང་ཡོད་ཀྱང༌། དེང་སང་ནི་བླ་མ་དམ་པ་གོང་མ་རྣམས་ཀྱི་ཕྱག་ལེན་གྱི་གཙོ་བོ་ནི། ལྟ་བ་བླ་མེད་ཀྱི་ཐེག་པ་དང༌། སྒོམ་པ་གསང་སེམས་ཀྱི་ཏིང་འཛིན་དང༌། སྤྱོད་པ་མདོ་ལམ་ལྟར་ལག་ཏུ་ལེན་པ་ཁོ་ན་འཕྲུལ་ངག་བསྟན་པའི་གཞུང་ལམ་མ་ནོར་བ་ཡིན་པར་བཞེད་དོ། །དེས་ན་ཇི་སྐད་དུ་དྲི་མེད་ལས། གསང་རྒྱུད་ཐེག་ཆེན་ལྟ་བས་སྤྱི་ཁོག་ཕུབས། །ནང་རྒྱུད་གསང་སྔགས་སྒོམ་པའི་སྙིང་པོ་བཙལ། །ཕྱི་རྒྱུད་འདུལ་ཁྲིམས་སྤྱོད་པས་ལ་དོར་བྱ། །དེ་གསུམ་ཟུང་འབྲེལ་བདག་གཞན་དོན་གཉིས་འགྲུབ། །ཅེས་གསུངས་པ་ལྟར་འཕྲུལ་ངག་བོན་གྱི་བསྟན་པ་འདི་ནི་གྲུབ་མཐའ་ཐམས་ཅད་ཀྱི་ཐོག་མ་ནས་བྱུང་བ་དང་རྒྱུ་འབྲས་ཀྱི་ཐེག་པ་དང་མདོ་སྔགས་བླ་མེད་གསུམ་ཕྱོགས་སུ་མ་ལྷུང་བར་རིམ་དགུའི་ཐེག་པ་མཐའ་དག་བསྟན་པ་གཅིག་ལ་ཡོངས་སུ་རྫོགས་པ་ཡིན་པས་གྲུབ་མཐའ་ཀུན་གྱི་གཞི་མ་ཡིན་པ་དང་བསྟན་པ་ཐམས་ཅད་ཀྱི་གཙོ་བོར་བཞེད་པའང་དེ་ལྟར་ཡིན་པས་དེ་དག་གི་རྒྱུ་མཚན་ཤེས་ནས་རྗེས་སུ་འཇུག་པ་ལ་བརྩོན་པ་གལ་ཆེ་བ་ཡིན་ལགས།

ཞེས་དཔལ་ལྡན་ཡེ་ཤེས་དགོན་དུ་ཡུལ་དགོན་འདུས་པ་སྤྱི་ལ་བསླབ་སྟོན་དགེ་བསྐུལ་བགྱིད་པའི་སྐབས་སུ་བྲིས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག