ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> ཞང་བོད་ཀྱི་རི་སུལ་ནས་མཆེད་པའི་གནའ་བོའི་གླུ་གར་བྲོ་གསུམ་ལ་དཔྱད་པའི་གཏམ།
ཞང་བོད་ཀྱི་རི་སུལ་ནས་མཆེད་པའི་གནའ་བོའི་གླུ་གར་བྲོ་གསུམ་ལ་དཔྱད་པའི་གཏམ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བློ་གྲོས་རབ་གསལ།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

      ཅི་པར་སྤུངས་སོ་གྱེར་ལ་གུ་དུན་ཧྲུན། 
      ལོ་རྒྱུས་ཀྱི་ཕུ་ཐག་རིང་བའི་ཞང་བོད་ཀྱི་ཡུལ་གྲོང་དེར། ལྟ་བ་ཡས་ཕབ་དང་སྤྱོད་པ་མས་འཛེགས་ཀྱིས་འཁོར་བའི་ཕ་རོལ་བརྒལ་བའི་དམུ་ཐག་དུས་ནས་དུས་སུ་བྲན། འཁྲུལ་བློ་དགུ་ཡི་གྲོང་ཁྱེར་བཅོམ་ཞིང་གདུལ་བྱའི་མོས་ཁམས་དང་མཐུན་པའི་ཐེག་པ་རིམ་དགུའི་བང་རིམ་ཡང་བརྩིགས། སྣང་སྲིད་ཁ་ཡོ་སྙོམ་ཞིང་ཁུ་ཡེ་ཕྱ་གཡང་འགུག་པའི་གཤེན་གླུ་སྐད་གཅོང་དགུའི་གྱེར་རིང་ཡང་འཐེན། མནོལ་གྲིབ་སེལ་བའི་ལྷ་བསང་རྩི་དགུ་ལས་མཆེད་པའི་བསང་དུད་སྔོ་མོའི་དུད་སྤྲིན་ཀྱང་འཁྲིགས། ཚེ་བསོད་དགུང་དང་མཉམ་ཞིང་འབྱུང་ལྔའི་བརྡ་ལས་དྲངས་པའི་དྲུང་མུ་གྱེར་གྱི་རླུང་རྟ་ཡང་སྒྲོན། གསོན་ཉམས་གྱི་སྒྱུ་རྩལ་འབུར་དུ་ཐོན་པ་གནའ་བོའི་དམངས་སྲོལ་གྱི་ཤོན་རྩེད་དང་རལ་པའི་བྲོ་གར་ཡང་འཁྲབ། སྣོད་བཅུད་ཀྱི་བྱུང་རབས་དང་སྲིད་པ་རྒན་པོའི་མྱངས་ཚོར་རྗེན་བུར་སྟོན་པ་སྔོ་མོ་ཆུ་ལས་རིང་བའི་སྒྲུང་ཡང་བཤད། མྱུར་མོའི་རིག་རྩལ་གྱི་བང་ཁ་འགྲན་པའི་ཤེས་རབ་རྒྱས་པའི་ལྡེའུ་ཡང་སྒུལ། ཕ་མྱེས་ཀྱི་སེམས་སྤོབས་གཟེངས་སུ་ཐོན་པ་གུ་གེའི་མཁར་རྫོང་དང་ཁྱུང་ལུང་དངུལ་མཁར་གྱི་གསོད་ཉམས་ནི་ལོ་རྒྱུས་ཀྱི་དཔང་རྟགས་སུ་ལྷང་ངེར་འགྱིང་བའི་ཕ་མེས་ཀྱི་ཡུལ་ལྗོངས་དེར། ལུགས་གཉིས་ཀྱི་སྟོབས་ཤུགས་མེད་པ་ནས་ཡོད་པ་དང༌། ཆུང་བ་ནས་ཆེ་བར་འཕེལ་ཞིང༌། ཆེ་བ་ནས་རྒུད་པའི་སྐབས་ཀྱང་ཚེས་མྱངས་བའི་ཡུལ་ལྗོངས་དེ་ནས་ལྷུ་ལག་གྱེས་པའི་རིག་གཞུང་དང་གནའ་བོའི་གོམས་སྲོལ་ནི། དཔྱད་བཟོད་ལྡན་ཞིང་སླད་མེད་བསེད་བཀྲོལ་གྱི་མེས་པོའི་སྲོལ་རྒྱུན་ཞིག་ཡིན་པ་སུས་ཀྱང་སྙོན་དུ་མེད། ད་རེས་ཞང་བོད་ཀྱི་ཡུལ་ལུང་ནས་མཆེད་པའི་གནའ་བོའི་བྲོ་གར་དེ་བཞིན་འཛམ་གླིང་གླུ་གར་གྱི་དོ་རའི་ནང་དུ་མི་ལོ་བརྒྱ་ཕྲག་བརྒྱ་ཡི་ཡར་སྔོན་ནས་ཡུལ་གྱི་གྲུ་ཁ་ཞིག་ནས་ཁ་འབབ་ཆུ་བོ་བཞི་དང་འགྲོགས་ནས་མཐའ་ཡི་རྒྱ་མཚོར་བཞུར།

ཞང་བོད་བྲོ་གར་གྱི་འཕེལ་རིམ།

      ཐོག་མར་ཞང་བོད་མི་རིགས་ཀྱི་རྣམ་དཔྱོད་ཆེ་རུ་སོང་བའི་ཉེར་ལེན་ལ་བརྟེན་ནས་ས་རྡོའི་མཁར་རྩིགས་པ་དང༌། སྒོ་ཕྱུགས་སྐྱོང་བ། སྦྲ་གུར་བཟོ་བ། ཞིང་ལས་རྨོ་རྐོ་བྱེད་པ་སོགས་ཀྱི་དུས་མཚུངས་སུ། དམངས་ཁྲོད་དུ་རྐང་པས་བྲོ་རྡུང་བ་དང། ལག་པས་གར་བསྒྱུར་བ། ངག་ནས་གླུ་ལེན་པའི་རྣམ་རིག་གི་ལམ་སྲོལ་རིམ་བཞིན་མཆེད། སྒྱུ་རྩལ་དེ་དག་གིས་གནའ་བོའི་མི་ཚོགས་ལ་སྤྲོ་སྣང་དང་སེམས་ཚོར་ཇི་ཙམ་སྟེར་བ་བརྗོད་ལས་འདས། དེ་ཡང་གནའ་བོའི་བྲོ་གར་ལ་ཆོས་ལུགས་དང་འབྲེལ་བའི་བྲོ་དང་འཆམ། དམངས་ཁྲོད་རང་ས་ནས་དར་བའི་བྲོ་གར་གཉིས་སུ་དབྱེ་ཆོག ལམ་སྲོལ་འདི་ཉིད་ག་དུས་འགོ་ཚུགས་མིན་དང༌། སུས་གསར་དུ་སྲོལ་བཏོད་མིན་གྱི་སྡོམ་ཚིག་འཇོག་མི་ཐུབ་རུང༌། བོན་གཞུང་དཔེ་རྙིང་དག་གི་རྒྱུད་ནས་གནའ་བོའི་མི་ལ་ཤེ་རིག་གི་གོ་རྟོགས་ཇི་ཙམ་ཡོད་མེད་དང༌། བྲོ་དང་གར་འཆམ་གྱིས་མིའི་ཚོར་སྣང་ཇི་ཙམ་བསྐྲུན་མིན། གླུ་གར་བྲོ་གསུམ་ལ་འདེངས་འཇོག་ཇི་ཙམ་ཡོད་མེད་སྐོར་རགས་ཙམ་རྒྱུད་ལོན་པ་ནི། བོན་གྱི་སྟོན་པ་གཤེན་རབ་སྐུ་དུས་སུ་ཞང་བོད་དམངས་ཁྲོད་དུ་གར་འཆམ་དང་བྲོ་གར་སྒྱུ་རྩལ་གྱི་རྣམ་རིག་ཡོད་པ་ཤེས་ཐུབ་སྟེ། སྟོན་པ་གཙོ་འཁོར་ཡུལ་ཁམས་གཞན་དུ་ཞབས་བཅག་སྐབས། ཕེབས་བསུ་སྐལ་བཟང་དགེ་བའི་ལེགས་སྐྱེས་སུ། གཟི་བརྗིད་དེབ་༤ ཨང་༨ པ་ལས། ༼ ལ་ལ་ནི་གར་བྱེད་དོ། ལ་ལ་ནི་བྲོ་བརྡུང་ངོ༌། ལ་ལ་ནི་ཤོན་འཁྲབ་བོ། ལ་ལ་ནི་ལྷ་བྲན་གྱི་བཞད་གར་བྱེད་དོ། ལ་ལ་ནི་གྱད་ཀྱི་འགྱིང་གར་བྱེད་དོ། ཞེས་དང། གཟི་བརྗིད་དེབ་༥ ཨང་༦ པ་ལས། ལ་ལ་ཞིག་ནི་ཁྱུང་མོ་ལྡིང་གར་བྱེད་དོ། ལ་ལ་ཞིག་ནི་སེང་གེའི་འགྱིང་གར་བྱེད་དོ། ལ་ལ་ཞིག་ནི་གླང་པོའི་འགྱིང་གར་བྱེད་དོ། ལ་ལ་ཞིག་ནི་རྟ་མཆོག་གི་དཀྱུངས་གར་བྱེད་དོ། ལ་ལ་ཞིག་ནི་རྨ་བྱའི་མཛེས་གར་བྱེད་དོ། ཅེས་དང། ཡང་ གཟི་བརྗིད་དེབ་༡༤ཨང་༥༦༣ པ་ལས། ལ་ལ་ནི་སྟག་འགྲོས་བྱེད་དོ། ལ་ལ་ནི་སེང་སྟབས་བྱེད་དོ། ལ་ལ་ནི་ལྷ་ཡི་གར་བྱེད་དོ། ཞེས་ལུང་འདི་དག་ལ་བརྟེན་ནས་གར་ཀྱི་རྣམ་གྲངས་མང་དག་ཞིག་བཀོལ་སྤྱོད་བྱས་པ་མཐོང་ཐུབ། ཡང་ལག་ཏུ་རོལ་ཆ་ཇི་ཙམ་བཀོལ་སྤྱོད་བྱས་ཚུལ་ནི། གཟི་བརྗིད་དེབ་༤ ཨང་༨ པ་ལས། ལ་ལ་ནི་རྐང་གླིང་འབུད་དོ། ལ་ལ་ནི་དུང་ཆེན་འབུད་དོ། ལ་ལ་ནི་དུང་འབུད་དོ། ལ་ལ་ནི་སྦ་གླིང་འབུད་དོ། ལ་ལ་ནི་སྨྱུག་གླིང་འབུད་དོ། ལ་ལ་ནི་མཁར་རྔ་བརྡུང་ངོ། ལ་ལ་ནི་རྔ་བརྡུང་ངོ། ལ་ལ་ནི་གཤང་དཀྲོལ་ལོ། ལ་ལ་ནི་པི་ཝང་དཀྲོལ་ལོ། ལ་ལ་ནི་ཅོང་ཆེན་བརྡུང་ངོ། ལ་ལ་ནི་བིང་ཆེན་སྒྲིལ་ལོ། ལ་ལ་ནི་ཅིང་ཆེན་སྒྲོག་གོ། ཅེས་དང༌། ཡང་གཟི་བརྗིད་དེབ་༤ ཨང་༣༢༢ པ་ལས། ལ་ལ་ཞིག་ནི་ལྷ་ཡི་པི་ཝང་དཀྲོལ་ལོ། ལ་ལ་ཞིག་ནི་ལྷ་ཡི་ཏམ་བུ་ར་འབུད་དོ། ལ་ལ་ཞིག་ནི་ལྷ་ཡི་གསེར་གླིང་འབུད་དོ། ལ་ལ་ཞིག་ནི་ལྷ་ཡི་ལྕགས་གླིང་འབུད་དོ། ལ་ལ་ཞིག་ནི་ཟངས་གླིང་འབུད་དོ། ལ་ལ་ཞིག་ནི་ཕིང་ཆེན་དཀྲོལ་ལོ། ཅེས་དང། ཡང་གཟི་བརྗིད་དེབ་༥ཨང་༦ པ་ལས། ལ་ལ་ཞིག་ནི་ལྷ་གྷན་དེ་བརྡུང་ངོ༌། ལ་ལ་ཞིག་ནི་ལྷ་ཡི་གྷ་དྷ་རུ་སྒྲོག་གོ། ཞེས་དང༌། ཡང་གཟི་བརྗིད་དེབ་༥ ཨང་༣༧༩ པ་ལས། ལ་ལས་ནི་སེང་ཏ་ལི་འབུད་དོ། ལ་ལས་ནི་ཅག་པར་༼སིལ་ཆོལ༽རྡེབས་སོ། ལ་ལས་ནི་གླུ་དབྱངས་སྒྱུར་རོ། ཅེས་ལུང་སྔ་ཕྱི་འདི་དག་གི་རྒྱུད་ནས་གནའ་བོའི་ཞང་བོད་མི་ལ་རྣམ་དཔྱོད་ཀྱི་འཆར་སྒོ་ཇི་ཙམ་ཡོད་མེད་རོབ་ཙམ་ཤེས་ཐུབ་པར་མངོན། རོལ་ཆ་དེའི་ཁྲོད་ནས་ཕིང་ཆེན་དཀྲོལ་ལོ། སེང་ཏ་ལི་འབུད་དོ། གྷ་དྷ་རུ་སྒྲོག་གོ། བིང་ཆེན་སྒྲིལ་ལོ། ཞེས་པའི་རོལ་ཆ་འདི་རྣམས་ཡང་སྙིང་གཟུགས་དབྱིབས་ཇི་ལྟ་བུ་ཞིག་དང་བཀོལ་སྤྱོད་ཇི་ལྟར་བྱ་དགོས་མིན་ད་བར་ཤེས་ཐུབ་བྲལ།

དྲུང་མུ་གྱེར་གྱི་གཤེན་བྲོ།

      ཆོས་དང་འབྲེལ་བའི་བྲོ་ནི། གསང་སྔགས་ཚོགས་མཆོད་ཀྱི་ཆོ་ག་ཕྱག་ལེན་སྐབས། འགུག་བསྒྲལ་སྟོབས་གསུམ་གྱི་ཆོ་གའི་ལག་ལེན་ཡོངས་སུ་གྲུབ་རྗེས། སྐབས་བབ་ཀྱི་གཞུང་སོ་སོའི་དགྲ་བགེགས་བྱད་མ་བསྒྲལ་བའི་རྗེས་ཤུལ་དུ། སྒྲུབ་གཤེན་རྣམས་ཀྱིས་གྲུབ་པས་གཞན་ནམ་ཕྱི་ལས་ལ་གྱུར་བའི་དགྲ་བསྒྲལ་ཞིང༌། རྟོགས་པས་བདག་རྒྱུད་ཀྱི་དུག་ལྔ་བསྒྲལ་ནས་དགའ་སྟོན་གཏང་རགས་ཀྱི་ཚུལ་དུ་སྒྲུབ་གཤེན་རྣམས་ཀྱིས་བྲོ་བརྡུང་བ་སྟེ། ཕུར་པའི་སྒྲུབ་གཞུང་ལས། ༼བསྭོ་འབྲུབ་ཁུང་དྲག་པོའི་དཀྱིལ་འཁོར་དུ། ས་བདག་བསྒྲལ་བའི་རྗེས་ཤུལ་དུ། ཁྲོ་བོ་འབྲུག་གསས་ཆེམ་པ་དང༌། ཁྲོ་མོ་ས་བདག་སྟོང་ཁྱབ་གཉིས། གནམ་སར་གྲགས་པའི་གླུ་ལེན་ཅིང༌། ཡ་བདུད་འདུལ་བའི་བྲོ་ཆེན་དུ། གནམ་ལྕགས་སེར་བའི་བྲོ་བརྡུང་བས། གཏི་མུག་གནས་སུ་དག་པའི་བྲོ། ཕག་རྒོད་ཆུ་སྲིན་འཛིན་པའི་བྲོ་བརྡུང་བ། དགྲ་བགེགས་ལིང་ག་མནན་པར་བརྡུང༌། ༽ཞེས་དང༌། ཡང་དེ་ཉིད་ལས། ༼དབལ་བོན་སྟག་ལ་མེ་འབར་དང༌། ཡུམ་ཆེན་ཐུགས་རྗེ་བྱམས་མ་གཉིས། མྱ་ངན་སངས་པའི་གླུ་ལེན་ཅིང༌། ང་བདག་འདུལ་བའི་བྲོ་ཆེན་དུ། བདག་མེད་ཤེས་རབ་བྲོ་བརྡུང་བས། འཁྲུལ་པ་གནས་སུ་དག་པའི་བྲོ། འབྲུག་ཁྱུང་འཐབ་པའི་བྲོ་བརྡུང་བས། བྲོ་ནི་དབལ་གཤེན་སྟག་ལའི་བྲོ། གླུ་ནི་གླུ་དབྱངས་ཁུ་བྱུག་དབྱངས། བརྡུང་ནི་དགྲ་བགེགས་གཉིས་ལ་བརྡུང༌། གནན་ནི་ལས་ཀྱི་ལིང་ག་མནན།༽ཞེས་དང། ཡང༌། ༼བྲོ་ཆེན་འདི་ཡི་བྱིན་རླབས་ཀྱིས། ས་གཞི་གླིང་ཁམས་གཡོ་ཞིང་འགུལ། དུས་གསུམ་སྟོན་པ་དཔྱོད་པ་སྐྱེས། གླུ་ནི་ཚེ་རབས་བགྲང་བའི་གླུ། བྲོ་ནི་ཡུན་དུ་འཛིན་པའི་བྲོ། བརྡུང་ནི་ཐོགས་པ་མེད་པར་བརྡུང༌། ༽ཞེས་དང། ཡང་༼གླུ་ནི་འཇིག་རྟེན་གཡེང་བའི་གླུ། བྲོ་ནི་སྲིད་པ་བཤིགས་པའི་བྲོ། བརྡུང་ནི་དུས་བཞི་རྫོགས་པར་བརྡུང༌། ༽ཞེས་དང། ཡང་༼གླུ་ནི་སྐྱེ་འགྲོ་སྡུད་པའི་གླུ། བྲོ་ནི་སྲིད་གསུམ་འདེད་པའི་བྲོ། བརྡུང་ནི་འབྱུང་བ་འཁྲུགས་པར་བརྡུང༌། ༽ ཞེས་དང༌། ཡང་༼བྲོ་ཆེན་འདི་ཡི་བྱིན་རླབས་ཀྱིས། བགེགས་ཆེན་བཏུལ་ཞིང་བདུད་སྲིན་བསྒྲལ། བྲོ་ཆེན་འདི་ཡི་བྱིན་རླབས་ཀྱིས། དུག་གསུམ་གཅོད་ཅིང་སྐུ་གསུམ་ཐོབ། ༽ཞེས་དང༌། ཡང་ཁྲོ་བོ་ལས། ༼ བསྭོ་གྲུ་གསུམ་དྲག་པོའི་འབྲུབ་ཁུང་དུ། དགྲ་བགེགས་བྱད་མའི་རོ་ཐོག་ཏུ། ཡེ་ཤེས་ཁྲོ་བོའི་ལྷ་ཚོགས་དང༌། དབལ་མོ་མ་མོ་མ་ཚོགས་དང༌། བོན་སྐྱོང་སྲུང་མ་དམ་ཅན་སྡེ། སྒྲུབ་གཤེན་རྣམས་ཀྱིས་བྲོ་བརྡུང་བས། ཐབས་དང་ཤེས་རབ་རོལ་པ་ལ། ཕོ་ཉ་ལས་མཁན་ཚོགས་དང་བཅས། ལྷ་ངག་འཚེར་བའི་གླུ་ལེན་ཅིང༌། བྲོ་ནི་དུག་ལྔ་འདུལ་བའི་བྲོ། བརྡུང་ནི་ལོག་འདྲེན་བཏུལ་བས་བརྡུང༌། བྲོ་ནི་ཡེ་ཤེས་གསལ་བའི་བྲོ། བརྡུང་ནི་མྱ་ངན་སངས་པར་བརྡུང༌། བྲོ་བརྡུང་གླུ་ལེན་བྱིན་རླབས་ཀྱིས། ལོག་འདྲེན་དགྲ་བགེགས་བར་ཆོད་རྣམས། ནན་འོག་འདི་ལས་མ་ལྡང་ཞིག ཆགས་འོག་འདི་ལས་མ་འཕར་ཞིག༽ཞེས་དང༌། དྲན་པའི་དབང་སྒྲུབ་ལས། ༼དཔོན་གསས་ཡབ་ཡུབ་བྲོ་བརྡུང་བས། ཐབས་ཤེས་རབ་རོལ་པ་ལས) ལྷ་ངག་འཚེར་བའི་གླུ་བླངས་ཤིང༌། གཤེན་ངག་སྙན་པའི་སྨྲང་བརྗོད་ནས། ས་བཅུ་ཟིལ་གནོན་བྲོ་བརྡུང་བས། བར་ཆོད་ལོག་འགྲན་དགྲ་དང་བགེགས། ནན་འོག་འདི་ནས་མ་སྡང་ལ༌།༽ ཞེས་སོགས་གཤེན་བྲོ་བརྡུང་བའི་རྒྱུ་མཚན་དང་དགོས་པ་དེ་ལྟར་མངོན་ཞིང༌། རང་རེའི་དམངས་ཁྲོད་དུའང་སྤྱི་པ་དང་སྒེར་པ་སོགས་ཀྱི་བྱ་བ་ལེགས་གྲུབ་བྱུང་བའི་རྗེས་སུ་དགའ་སྟོན་གཏང་རགས་ཀྱི་ཚུལ་དུ། རྐང་པས་བྲོ་བརྡུང་བ་དང༌། ལག་པས་གར་སྒྱུར་བ། ངག་ནས་གླུ་ལེན་པ་སོགས་སྒྱུ་རྩལ་གྱི་རྣམ་རིག་འདི་ཞང་བོད་མི་དམངས་ཀྱི་འཚོ་བ་དང་ལྷན་དུ་འདྲེས་ནས་རིམ་བཞིན་མཆེད། དེ་རྗེས་བོད་རྒྱལ་གཉའ་ཁྲི་དུས་མཚུངས་སུ་ཞང་བོད་ཡུལ་དུ་གར་འཆམ་དང་བྲོ་གར་ཡོད་ཚུལ་ནི། མི་ལུས་བསམ་ལེགས་ཀྱིས་མཛད་པའི་མ་རྒྱུད་སྒོམ་འགྲེལ་༢༥༦ ལས། ༼ ཁྲོ་བོ་རོལ་པའི་གར་བཞི་བཅུ་རྩ་ལྔ་དང༌། ཁྲོ་མོ་རྔམ་པའི་བྲོ་བཞི་བཅུ་རྩ་ལྔ། རྟུལ་ཤུགས་མཁའ་འགྲོའི་གླུ་བཞི་རྩ་ལྔ་བྱས་ནས་བཏུལ།༽ཞེས་སྔ་ཕྱིའི་ལུང་འདི་ལ་བརྟགས་ན། གླུ་གར་བྲོ་གསུམ་ནི་རང་རྒྱུད་ཉོན་མོངས་དུག་ལྔ་གདུལ་བའི་ཆེད་དང༌། ཕ་རོལ་གནོད་བྱེད་ཀྱི་དགྲ་བགེགས་འདུལ་བ་དང་བསྒྲལ་བ༌། མནན་པ་སོགས་ཀྱི་ཆེད་དུ་རྐང་པས་བྲོ་རྡུང་བ་དང། ལག་པས་གར་སྒྱུར་བ་དང། ངག་ནས་གླུ་ལེན་པ་སོགས་ཀྱི་དགོས་པ་དུ་མ་མཆིས། ལམ་སྲོལ་དེ་ལ་རིམ་བཞིན་འགྱུར་འགྲོས་སོང་ནས་ད་ལྟའི་ཆར་སྤྱི་ཚོགས་ཁྲོད་དུ་གླུ་གར་བྲོ་གསུམ་ནི་དགའ་སྤྲོ་མཚོན་བྱེད་ཙམ་དུ་འཕོ་འགྱུར་ཕྱིན། དེ་རྗེས་བོད་རྒྱལ་རིམ་བྱོན་གྱི་དུས་སུ་དམངས་ཁྲོད་དུ་གླུ་གར་བྲོ་གསུམ་བཀོལ་སྤྱོད་བྱས་ཚུལ་ནི། རྒྱལ་རབས་དུ་མ་ནས་གཤེན་པོའི་གསུང་ལ་གཙིགས་བྱིན་པ་ནི།  ༼གཤེན་གླུ་ཐེངས་གསུམ་མ་བླངས་པར་རྒྱལ་བློན་གླུ་བྲོ་ལ་མི་རོལ་༽ཞེས་པའི་སྡོམ་ཚིག་འདིས་ཀྱང་ཤེས་ཐུབ།

གཤེན་གྱི་གར་འཆམ་སྐོར།

      སྤྱིར་གར་འཆམ་ཞེས་པའི་གོམས་སྲོལ་འདི་ནི་ཞང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་འབྲེལ་བའི་མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་དར་སྲོལ་ཡོད་པའི་སྒྱུ་རྩལ་གྱི་རིག་གཞུང་གལ་ཆེན་ཞིག་ཡིན། གར་འཆམ་ནི་ཡེ་ཤེས་པའི་ལྷ་དང་སྲུང་མ་རྣམས་ཀྱིས་དགོས་པ་སྐབས་བསྟུན་གྱི་བདུད་སྲིན་དང་ལྷ་འདྲེ་གདུག་པ་ཅན་སོགས་ཟིལ་གྱིས་གནོན་པ་དང༌། སྐབས་བབ་གདུལ་བྱ་བཀྲིད་དྲང་ཆེད་དུ་གང་ལ་གང་འདུལ་དང་ཞི་རྒྱས་དབང་དྲག་གི་སྒོ་ནས་ལུས་ཀྱི་གར་སྟབས་སམ་འགྱིང་སྟབས་འགྲོ་བའི་སྣང་ངོར་ཕྱི་རུ་སྟོན་པ་ཞིག་གོ ཡང་གཟི་བརྗིད་དེབ་༡༤ ཨང་༥༦༣ ལས་ལ་ལ་ནི་སྟ་འགྲོས་བྱེད་དོ། ལ་ལ་ནི་སེང་སྟབས་བྱེད་དོ། ལ་ནི་རྒྱ་བག་སྒྱུར་རོ། ལ་ལ་ནི་རྒྱ་རྟ་འཆམ་མོ། ལ་ལ་ནི་ཁྲོ་བོའི་འགྱིང་གར་བྱེད་དོ། ལ་ལ་ནི་ཁྲོ་མོའི་འཛུམ་གར་བྱེད་དོ། ཞེས་པའི་ལུང་འདི་དག་ལ་དཔྱད་ན་སྟོན་པའི་སྐུ་དུས་སུ་གར་འཆམ་གྱི་རྣམ་རིག་ཡོད་པ་ཡང་ཤེས་ཐུབ། དེ་རྗེས་བླ་མ་དང་སྐྱེ་སྤྲུལ་དུ་མ་ཞིག་ལ་ལྷ་སྲུང་གི་སྐུ་ཡི་འགྱིང་གར་ཉམས་སྣང་དུ་བྱུང་བ་དུ་མ་ཞིག་གར་འཆམ་དུ་གཏན་ལ་ཕབ་ནས་ལོ་དུས་ཟླ་མཆོད་སྐབས་སུ་སྐུ་མདོག་ཕྱག་མཚན་ཚུལ་དང་མཚུངས་པར་དད་ལྡན་མི་དམངས་ལ་མཇལ་ཁའི་ཆེད་དུ་གར་འཆམ་རྒྱག་རྒྱུའི་སྲོལ་བོན་ཆོས་གཉིས་ཀྱི་ཁྲོད་དུ་རིམ་བཞིན་དར་འཕེལ་བྱུང༌། བོན་ལུགས་ལ་ཡི་དམ་དང་ལྷ་སྲུང་གི་དགོས་པ་སྐབས་བསྟུན་གྱི་འགྱིང་སྟབས་འདྲ་མིན་ཡོད་པའི་གནའ་སྲོལ་གྱི་གར་འཆམ་འགའ་ཞིག་འདིར་དྲངས་ན། ༡ སྲིད་རྒྱལ་དུས་དྲུག་གི་གར་འཆམ། ༢ མ་རྒྱུད་ཀྱི་ཚོགས་འཆམ། ༣ གཤེན་རབ་དགུ་འཆམ། ༤ བསྒྲལ་སྟབས་ཀྱི་གར་འཆམ། ༥གཟེ་མ་དགུ་འཆམ། ༦ སྟག་ལའི་ལྔ་འཆམ་སོགས་ཡོད། དེའི་ནང་ནས་སྒྲུབ་གཞུང་སོ་སོའི་ཚོགས་འཁོར་དང་བསྟུན་ནས་གར་འཆམ་རྒྱག་རྒྱུ་ནི་མ་རྒྱུད་ཀྱི་ཚོགས་འཆམ། བསྒྲལ་སྟབས་ཀྱི་གར་འཆམ་སོགས་ཡིན། གཟེ་མ་དགུ་འཆམ་ནི་བོན་ལུགས་ཀྱི་ནང་བཅུད་གྲོལ་ཚུལ་དང་འབྲེལ་བ་ཡོད་པའི་སྲིད་པ་རྒྱལ་མོའི་སྤྲུལ་པ་འབྱེད་པའི་གཟེ་མ་དགུ་དང༌། གྱད་མོ་དགུ། བྱིན་ཏེ་དགུ་བཅས་ལས་གྲུབ་པའི་གར་འཆམ་ཞིག་ཏུ་གཤེན་ཀླུ་དགས་གཏན་ལ་ཕབ་པར་བཤད། དེའི་འཆམ་རྒྱག་སྐབས་སེམས་ཅན་མི་འདྲ་བའི་མགོ་བརྙན་དུ་མ་བྱས་ཡོད་ལ། འཆམ་སྣ་མི་འདྲ་བ་བཅུ་བཞི་ཡོད་ཅིང་དེའི་མིང་གི་རྒྱུད་ནས་འཆམ་གྱི་ཉམས་འགྱུར་འདོན་སྟངས་གང་འཚམས་མངོན་པར་བྱས་འདུག་པ་དཔེར་ན། ༡ ལམ་འགྲོས། ༢ སྟག་འགྲོས། ༣ སེང་སྟབས། ༤ ཞི་དྲག ༥ མེ་རི། ༦ མ་རྒྱུད། ༧ རྔམ་འགྱུར། ༨ ཕྱག་ཕེབས། ༩ གློག་རྒྱུ། ༡༠ མདའ་འཐེན། ༡༡ གནམ་འདུལ། ༡༢ བཞི་རྒྱག ༡༣ སྲིད་པ་རྒྱལ་མོ། ༡༤ བླ་མ་བོན་འཁོར་བཅས་སོ། །

ཤོན་དང་རལ་པའི་སྐོར།

      ༼ཤོན༽ཞེས་པའི་ཐ་སྙད་འདི་བོད་ཀྱི་དམངས་ཁྲོད་དུ་ཡོངས་སུ་མ་གྲགས་པར་མཐའ་མཚམས་ཀྱི་རི་སུལ་དང། བོན་གཞུང་དཔེ་རྙིང་གསེང་ནས་ཕྱི་རུ་མངོན་པའི་ཞང་ཚིག་ཞིག་ཡིན། དེ་ཡང་བྲོ་གར་བྱེ་བྲག་པའི་མིང་ཞིག་ཡིན་ལས་ཆེ། བོན་གཞུང་ནས་ཐ་སྙད་དེ་བེད་སྤྱོད་ཚུལ་ནི། ༼ ལ་ལ་ཞིག་གིས་ཤོན་འཁྲབ་བོ། ༽ཞེས་གསལ་ཡོད། དེ་དང་ཕྱོགས་མཚུངས་པའི་ཧེ་མ་ལ་ཡི་རི་གཤམ་དུ་དུད་གྲོང་ཆགས་པའི་ཁུ་ནུ་ཞེས་པའི་དམངས་ཁྲོད་དུ་༼ཤོན་༽ཞེས་པ་བྲོ་གར་འཁྲབ་མཁན་མི་གྲངས་ཉི་ཤུ་ནས་སུམ་ཅུ་སོགས་གང་ཡོད་འཛོམས་ནས། ཕན་ཚུན་ལག་བསྣོལ་སྒྲིལ་ཏེ་ཤོན་དཔོན་དང་པོ་དེས་ལག་གཡས་པའི་ནང་དུ་གཡག་རྔ་དཀར་པོ་ཞིག་གནམ་ལ་འཕྱར་སྐོར་བྱེད་བཞིན་༼སད༽ཅེས་པའི་ལྷ་རྟེན་ཞིག་མཉམ་དུ་ཁུར་ནས་ལུས་ཀྱི་གར་སྟབས་དལ་མོའི་ངང་ནས་ཐམས་ཅད་བོན་སྐོར་དུ་བསྐྱོད་བཞིན་ཡོད། རོལ་ཆ་ནི་རྔ་ཆེ་ཆུང་དང་། དུང་དང་དུང་ཆེན། མཁར་རྔ། སྦུབ་ཆོལ་འདྲ་མིན་སོགས། ངག་ཏུ་གྱེར་བའི་དབྱངས་ཚིག་ནི། ༼བྷི་ལི་བྷེ་ཧོ་ན། ༽ལག་པ་མཐུད་ནས་འགྲོ། ༼གྷོ་ལི་གྷོ་ཧོ་ན། ༽ཤོན་རྩེད་རོལ་ལ་ཕེབས། ༼ཧ་ཡ་བྷེ་ཧོ་ན། ༽ སྔོན་དུ་མགྱོགས་པར་བསྐྱོད་ལ་ཕྱིར་གཤེགས། ༼ཁ་གྷོ་གྷོ་རིང་འུང་དྷེན། ༽ལྷ་མཇལ་མི་ཚོ། ༼ཁ་གྷོ་བྷོ་ཙི་ལིད་པ་ལིད།༽ལྷ་ཁང་ལིད་པ་འདིར་འཛོམས། ཟླུམ་པོ་གྷོ་རི་དུའི་དྷེན། ལྷ་ཡི་དབུ་ཐོད་ཟླུམ་པོ་ཀླུབ། ཞེས་གནའ་བོའི་ཞང་བོད་མི་རིགས་ཀྱིས་རྗེས་སུ་བཞག་པའི་བྲོ་གར་དེ་བཞིན་དམངས་ཁྲོད་དུས་ཆེན་དང་བག་སྟོན་ཁང་སྟོན་སོགས་གལ་ཆེའི་མཛད་སྒོ་རྣམས་ལ་རྙིང་དྲི་འཚུབ་བེ་བཀོལ་སྤྱོད་བྱེད་བཞིན་ཡོད་པར་མངོན། དེ་དང་འདྲ་བར་དེང་སང་མངའ་རིས་ས་ཁུལ་འགའ་ཞིག་ཏུ་ཤོན་འཁྲབ་ཀྱི་སྲོལ་རྒྱུན་ལྷག་ཡོད་ཅིང༌། གུ་གེའི་མཁར་ཤུལ་གྱི་གྱང་རིས་ངོས་སུ་ཤོན་འཁྲབ་གྱི་གཟུགས་རིས་བྲིས་པ་གསལ་ཡོད།
      ༼རལ་པ་༽ཞེས་པའི་བྲོ་གར་འདི་ནི་གནའ་བོའི་ཞང་བོད་མི་རིགས་ཀྱི་རྣམ་དཔྱོད་ཀྱིས་བསྐྲུན་པའི་སྲོལ་རྒྱུན་གྱི་བྲོ་གར་བྱེ་བྲག་པ་ཞིག་ཡིན་ལ། ཚིག་གྲུབ་དེའི་དག་ཆ་འབྲི་སྟངས་ཁག་གཉིས་སུ་གྱེས་ཅིང༌། ༼རས་པ༽།  དང་དེ་ལས་གཞན་པ་༼རལ་པ༽ཞེས་གཉིས་སུ་ཡོད། ཚིག་སྒྲུབ་དེ་གཉིས་གང་ཞིག་བྲིས་ཀྱང་དོན་འཁྱུག་གི་ཧེ་བག་ཆེར་མེད་སྙམ། འོན་ཀྱང་བྱུང་ཁུངས་ཐད་ལ་བསམ་གཞིག་བྱ་རྒྱུ་དུ་མ་ཞིག་བསྡད་ཡོད་སྟེ། ༼པོ་ཏ་ལ༽ཞེས་པའི་དུས་དེབ་ཞིག་ནས་རལ་པའི་བྱུང་ཁུངས་བོན་གྱི་ལྷ་བྲོ་ལས་རིམ་བཞིན་མཆེད་ཚུལ་འཁོད་ཡོད་ཅིང༌། ༼ཁྱུང་པོ་སྟེང་ཆེན༽ཞེས་པའི་འདེམས་སྒྲིགས་དེབ་ནས་རལ་པ་གསར་དུ་སྲོལ་བཏོད་མཁན་མི་ལ་རས་པ་ཡིན་པའི་རྒྱུ་མཚན་དང་བཅས་པ་བགྲང་ཡོད། ད་དུང་དམངས་ཁྲོད་ཀྱི་ཤོད་སྲོལ་ལྟར་ན་ཞེས་མི་ལ་རྒྱ་གར་ལ་བྱོན་ནས་རྒྱ་གར་རྒྱལ་པོ་ཞིག་གིས་ཚ་གདུང་སེལ་བ་དང་དུག་སྦྲང་འགོག་པའི་ཆེད་རྔ་མ་དམར་པོ་ཞིག་ཕུལ་བ་ལ་བརྟེན་ནས་རལ་པ་བའི་ལག་གི་རྔ་མ་དམར་པོ་བྱུང་ཞེས་དང༌། ཡང་རྗེ་བཙུན་མི་ལས་གླང་ཆེན་གྱི་རྒྱུ་མ་དཀར་ནག་གི་སྣེ་མོར་གློ་མཆིན་གཏུབས་པའི་དུམ་བུ་རེ་བཏགས་ནས་རལ་བའི་ཉྭ་རྒྱ་བྱུང་ཞེས་དང། ཡང་གླང་ཆེན་གྱི་རྩིབ་མ་ཆེ་བ་བཀུག་ནས་རྔ་བྱུང་བ་དང་རྩིབ་མ་ཆུང་བ་ལས་རྔ་ལྕག་བཟོས་པ་སོགས་ལོ་རྒྱུས་དུ་མ་བགྲང་ཡོད། རལ་པར་དགོས་པའི་ཕྱག་ཆ་གལ་ཆེ་བ་སིལ་སྙན་ཇི་ལྟར་བྱས་ཚུལ་གང་ཡང་འཁོད་མེད། མི་ལ་རས་པའི་འཁྲབ་ཚན་རྣམ་ཐར་ཞིག་དང་རྣམ་ཐར་རྒྱས་པ་གཉིས་འགོ་ནས་མཇུག་བར་ཆ་ཚང་བལྟས་ཀྱང་རལ་པ་སྔར་མེད་གསར་བསྐྲུན་བྱས་པའི་ལོ་རྒྱུས་མེད་ལ། མི་ལ་རྒྱ་གར་དུ་བྱོན་པའི་ལོ་རྒྱུས་དེ་བས་མེད། གླང་པོ་ཆེའི་རྒྱུ་མ་དཀར་ནག་གཉིས་ལ་གློ་མཆིན་བཏགས་པ་སོགས་རྣམ་ཐར་དུ་གང་ཡང་མི་གསལ་བས་རྗེ་བཙུན་མི་ལས་རལ་པའི་སྒྱུ་རྩལ་གསར་དུ་སྲོལ་བཏོད་མིན་ལ་དོགས་གནས་ཤིན་ཏུ་ཆེ། རས་པ་དང་མི་ལས་རས་པ་མིང་མཐུན་པར་མངོན་ཟེར་ན་རྒྱུ་མཚན་སྲབ་དྲག་པས་བརྟག་ན་འཇིག་པར་མངོན། མི་ཕལ་པའི་བསམ་ཚུལ་ལ་བསྟུན་ནས་དོན་ལ་བསམ་གཞིག་བྱས་ན་རྗེ་བཙུན་མི་ལ་རས་པའི་མི་ཚེ་ནང་གླང་པོ་ཆེའི་གླུ་ལག་བཀོལ་སྤྱོད་བྱེད་རྒྱུ་ལྟ་ཅི། གླང་པོ་ཆེ་དངོས་སུ་མཐོང་མྱངས་ཡོད་མེད་ཐེ་ཚོམ། ཡོད་ཚད་རྒྱ་གར་ལ་ཕུགས་གཏུག་པའི་བོད་མིའི་གོམས་སྲོལ་འདི་ཞིབ་འཇུག་པ་མང་པོས་སྐྱོན་བརྗོད་བྱེད་པ་ངོ་མར་བདེན་ཁ་ཆེ། ཞང་བོད་ཀྱི་བྲོ་གར་འཁྲབ་སྐབས་ལྷ་གཡག་གི་རྔ་མ་བཟུང་བའི་སྲོལ་ནི་རལ་པ་ཙམ་མིན་པ་ཞང་ཞུང་གི་ཤོན་ལའང་གལ་ཆེའི་ཕྱག་ཆ་ཞིག་ཆགས་ཡོད། ཞང་བོད་ཀྱི་གནའ་བྲོ་ལ་རྔ་མ་བཟུང་བར་དགོས་པ་ཆེར་ཡོད་པ་མངོན།

      རལ་པའི་བྱུང་ཁུངས་བོན་གྱི་ལྷ་བྲོ་ལས་མཆེད་པར་འདོད་པ་འདི་ནི་དོན་དངོས་དང་འབྲེལ་བ་ཆེ་ཙམ་ཡོད་པར་མངོན། ༼བོན་གྱི་ལྷ་བྲོ༽ཞེས་པ་ནི་བོན་གྱི་གསང་སྔགས་ཀྱི་གཞུང་ནས་འབྱུང་བའི་གོང་བཤད་ཀྱི་གཤེན་བྲོ་ཡིན་ཅིང༌། དགྲ་བགེགས་ལོག་པ་བསྒྲལ་ཅིང་ཚར་གཅོད་པའི་ས་གནས་དེ་རུ་གཏོར་གཞོང་ཁ་སྦུབ་པའི་གནས་སུ་སྒྲུབ་གཤེན་ཕོ་མོ་རྣམས་ཀྱིས་ལག་དུ་མཚོན་ཆ་དང་ཕྱག་ཆ་སྣ་ཚོགས་ཐོག་ནས་བྲོ་བརྡུང་བ་དང༌། གཤེན་གླུ་ལེན་པ་སོགས་ཡི་དམ་བཀའ་ཆེན་སྡེ་དགུའི་སྒྲུབ་ཐབས་ཀུན་ལ་སྤྱི་རྒྱུག་ཡིན་པ་བོན་གཞུང་ཀུན་ལ་ཡོངས་སུ་གྲགས། རལ་པ་ནི་དེ་དང་ཕྱོགས་མཚུངས་པར་སྒྲུབ་གཤེན་པས་ལག་ཏུ་གཤང་ཐོག་པ་དང༌། མཚན་ལྡན་རྒོད་ལྕམ་རྣམས་ཀྱིས་ལག་ཏུ་རྔ་ཐོག་ནས་རང་རྒྱུད་ལ་ལྟོས་ཏེ་དུག་ལྔ་འདུལ་བའི་ཆེད་དང༌། གཞན་བསྟན་དགྲ་དམ་ཉམས་བསྒྲལ་བའི་ཆེད་དུ་བྲོ་བརྡུང་གླུ་ལེན་གྱི་གནའ་སྲོལ་ལས་རིམ་བཞིན་མཆེད་ནས་ད་ལྟ་འོ་སྐོལ་གྱི་སྤྱོད་ཡུལ་དུ་གྱུར་པ་ཞིག་ལས་གཞན་དུ་མི་སེམས། དཔེར་ན་མེ་རྫས་ཙག་ཀྲ་མ་དར་བའི་དུས་རབས་ནང་ཞང་བོད་མི་རིགས་ཀྱིས་མེ་སྤར་ཐབས་ཀྱི་གོམ་སྲོལ་མེ་ལྕགས་དང་མེ་རྡོ་རི་རྩ་ལྡུམ་སྤར་བཅས་ལས་གྲུབ་པའི་མེ་སྤར་ཐབས་ཀྱི་རྣམ་རིག་དེ་ཞང་བོད་མི་རིགས་ཀྱིས་ལོ་རབས་མང་པོའི་འཚོ་བའི་ཁྲོད་ནས་ཉམས་མྱོང་བསྡུ་བསགས་ལ་བརྟེན་ནས་བྱུང་བའི་རྣམ་རིག་ཞིག་ཡིན་པ་ལས་མི་ཆེ་གེ་མོ་ཞིག་གིས་གསར་དུ་སྲོལ་བཏོད་ཞེས་སྡོམ་ཚིག་འཇོག་རྒྱུ་ཤིན་ཏུ་དཀའ། རལ་པའི་གོས་ནི་སྔོན་གྱི་སྔགས་པ་ཕོ་མོའི་སྔགས་གོས་ལས་རིམ་བཞིན་འགྱུར་འགྲོས་སོང་བ་ཞིག་ཡིན་ཞིང༌། སྤྱིར་སྔགས་གོས་ནི་རྒྱུ་ཆ་གཙོ་བོ་སྔོན་པོ་དང་དཀར་པོའི་གོས་སྣེར་གཅན་གཟན་ཀྱི་པགས་རིས་ཁྱུད་གང་ཙམ་སྦྱར་དགོས་བཤད་པ་ལྟར་རལ་པའི་གོས་ཀྱང་དེའི་གྲིབ་གཟུགས་མ་ཡལ་བར་ཞིག་མངོན། དུས་རབས་བར་མའི་སྐབས་སུ་ཁྱུང་ཡུལ་གྱི་རལ་པའི་བྲོ་གར་ནི་སྤྱི་ཚོགས་ཀྱི་དགོས་མཁོའི་རྣམ་རིག་ཞིག་ཏུ་གྱུར་ནས་ཁྱིམ་རྒྱུད་ནས་ཁྱིམ་རྒྱུད་ལ་བསླབ་ཏེ་སྤྱི་ཚོགས་ཀྱི་འདོད་པ་སྐོང་གང་ཐུབ་བྱས། ཁྱིམ་རྒྱུད་ཀྱི་རལ་པ་ནི། ཨོ་ཐོ་རལ་པ་དང༌། ལྡོང་ལུགས་རལ་པ། ག་ཁྲོ་རལ་པ། སྐྱ་ན་རལ་པ་སོགས་བྱུང༌། དེའི་ནང་ནས་ཨོ་ཐོ་རལ་པར་ལོ་རྒྱུས་ཡ་མཚན་ཞིག་བྱུང་བ་སྟེ། ཁྱུང་པོ་སྟེང་ཆེན་ཞེས་པའི་དེབ་ནང་༼རབ་བྱུང་གསུམ་པའི་མེ་ཡོས་༡༡༤༧ལོར་རི་བོ་ཆེའི་གཙུག་ལག་ཁང་བཞེངས་སྐབས་གཞི་བདག་གིས་ཕྲག་དོག་ཆོ་འཕྲུལ་བསྟན་ནས་ཉིན་མོར་ཨར་ལས་བྱས་ནས་བསྐྲུན་པའི་འཛུགས་སྐྲུན་མཚན་མོར་འགྱེལ་ལོག་ཡང་ཡང་བྱུང་བ་བརྟེན། བླ་མ་སྐྱེས་ཆེན་དམ་པ་འགའ་ཡིས་མོ་རྩིས་མཛད་པས། ཁྱུང་པོ་སྟེང་ཆེན་གྱི་ཨོ་ཐོ་ཞེས་པའི་རས་པ་གདན་འདྲེན་ཞུས་ན་གེགས་མེད་དུ་འགྲུབ་ཅེས་ལུང་བསྟན་པས། དེ་ལྟར་སྟེང་ཆེན་རས་པ་གདན་དྲངས་ནས་རས་པ་འཁྲབ་པས་ས་བདག་ཀླུ་གཉན་གྱི་གདུག་རྩུབ་ཞི་ཞིང་ཞེས་པ་ནས་གཙུག་ལག་ཁང་གེགས་དབང་བར་ཆད་མེད་པར་བཞེངས་ཐུབ་པ་བྱུང་༽ཞེས་གསལ་ཡོད།   
      གླུ་ཞེས་པ་བོད་སྐད་དང་ཚིག་དོན་གང་ཞིག་ངག་དུ་བགྲང་སྐབས་དབྱངས་ཀྱི་འགུར་ཁུག་དང་ལྷན་དུ་བརྗོད་པ་ཞིག་གོ །དེ་ལ་ཆོས་དང་དམངས་ཁྲོད་ཀྱི་གླུ་གཉིས་སུ་དབྱེ་ཆོག དང་པོ་ནི་གཤེན་གླུ་དང༌། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་གཤེན་གླུ་ལྟ་བུ། ཚོགས་གླུ། མགུར་གླུ། སྣང་གཤེན་པའི་སྐད་གཅོང་དགུ་ལ་སོགས་དང༌། དམངས་ཁྲོད་ཀྱི་གླུ་ནི། བསྟོད་གླུ། རྟེན་འབྲེལ་གྱི་གླུ། གྱང་གླུ། མཛའ་གླུ། ཆང་གླུ། རྫི་གླུ། གཞོན་ནུ་བར་གྱི་གླུ་ཤག སྐྱོ་གླུ།  མཐུན་གླུ་སོགས་མང་དག་ཡོད། གར་ཞེས་པ་བོད་སྐད་ནས་ལུས་ཀྱི་རྣམ་འགྱུར་གྱི་ཆ་ལ་བཏགས་ཤིང་ནང་གསེས་ལ་གཉེན་ལྕུག་ལྡེམ་གསུམ་སོགས་གར་གྱི་ཉམས་དགུ་ཡོད། བོན་གྱི་དཔེ་རྙིང་ཁྲོད་ནས། ལྷ་གར་རྟེན་གསུམ་དང༌། གར་གསས་བཙན་པོ། གར་ཆེན་ཤགས་ཀྱི་རིགས་སོགས་འཇུག་ས་དུ་མ་ཡོད། སྤྱི་བྲོ་ཞེས་པའི་ཐ་སྙད་འཇུག་ས་དུ་མ་ཡོད་ཅིང༌། སྐབས་འདིའི་བྲོ་ནི་གཙོ་བོ་རྐང་པའི་སྟངས་སྟབས་ཀྱི་ཆ་ལ་བཏགས་པ་ཞིག་ཡིན། རྡོག་བྲོ་ལན་གསུམ་རྒྱབ་ལྟ་བུ། བྲོ་བརྡུང་གླུ་ལེན་ཀྱི་རུ་རུ་ལྟ་བུའོ། བྲོ་ཆེན་དང། སྐོར་བྲོ། གཞས་བྲོ་སོགས་དུ་མ་ཡོད། གཞས་ནི་དུས་ཕྱིས་བྱུང་བར་མངོན།

ཞང་བོད་གླུ་གར་གྱི་ནང་ངོས་ལ་དཔྱད་པ།

      ཞང་བོད་ཀྱི་གླུ་གར་བྲོ་གསུམ་ནི་ནང་དོན་ཟབ་ཅིང་མི་རིགས་ཀྱི་སེམས་ཚོར་ཇི་མ་ཇི་བཞིན་མངོན་པར་བྱས་ཡོད་ལ། སེམས་ཁམས་ཞི་བདེ་དང༌། བག་ཕེབ། མནོ་བསམ་གཅིག་མཚུངས་སུ་ཡོད་པའི་རྟགས་སུ་བྲོ་གར་ཡང་ཞི་དལ་ལྷོད་གསུམ་གྱི་ངང་ནས་འགོ་བཙུགས་ཤིང་རིམ་བཞིན་ཇེ་མགྱོགས་ནས་ཇེ་མགྱོགས་སུ་བཏང༌། དབྱངས་ཀྱི་འགྱུར་ཁུག་དང། ལག་གི་གར་སྟབས། ལུས་ཀྱི་དགྱེ་སྒུར་བྱེད་སྟངས་སོགས་བྲོ་པ་ཀུན་གཅིག་གྱུར་ཡིན། དོན་ངོ་མ་ཞང་བོད་མི་རིགས་ལ་བསམ་བློའི་འདུ་ཤེས་འཛིན་སྟངས་གཅིག་གྱུར་དང༌། དྲན་དགུ་འཕྲུལ་བཅུ་མེད་པའི་དོན་རྟགས་ཀྱི་ནང་དོན་ཡང་མངོན་གྱི་འདུག གླུ་ཚིག་ཕལ་ཆེར་གི་ནང་དོན་ཡང་ཞང་བོད་ཀྱི་ཕྱི་སྣོད་ཆགས་ཚུལ་དང་འཚམས་པའི་ནང་བཅུད་ཀྱང་དེ་དང་མཐུན་པར་འཕྲས་རྟེན་བྱས་ཚུལ་མངོན་ཞིང༌། ཞང་བོད་རི་ལུང་དུ་འཚོ་བའི་སྲོག་ཆགས་ཀྱི་འཚོ་སྤྱོད་གཡོ་འགུལ་སོགས་ཀྱང་རྗེན་བཏོན་བྱས་པ་མ་ཟད། འདོད་སྲེད་ཀྱི་ཚིག་མངོན་གྱུར་མེད་ལ་འཛའ་གླུ་དང་མཐུན་གླུའི་ཚིག་ནི་གབ་ཚིག་དང་དཔེ་དང་དཔེ་ཅན་གྱི་ཐོག་ནས་མཚོན་པར་བྱས་ཡོད། དབྱངས་ཀྱི་འགྱུར་ཁུག་རིང་མོ་འཐེན་པའི་གླུ་ཡི་སྒྱུ་རྩལ་ནི་བོད་ཙམ་མ་ཡིན་པར་སོག་པོ་སོགས་རྒྱལ་ཁབ་གཞན་ལ་ཡང་ཡོད། གླུ་ཚིག་ཕལ་ཆེར་ནི། རི་རྩེ་ལ་རྫ་ཡོད་རྫ་ལ་འབྲོང་ཡོད། རི་སྐེ་ལ་སྤང་ཡོད་སྤང་ལ་རྐྱང་ཡོད། རི་མཐའ་ལ་ནགས་ཡོད་ནགས་ལ་སྟག་ཡོད། རི་རྩ་ལ་ཆུ་ཡོད་ཆུ་ལ་ཉ་ཡོད་ལྟ་བུ་དང༌། ཡང་ཕུ་ལ་དགོན་པ་ཡོད་དགོན་པར་བླ་མ་ཡོད། མདའ་ལ་སྡེ་ཡོད་སྡེ་ལ་དཔོན་པོ་ཡོད། ཡང་སྡེ་ལ་སྟག་ཤར་ཡོད་སྟག་ཤར་ལ་རྟ་དང་གྲི་མེ་མདའ་སོགས་ཡོད་ཅེས་སྣོད་བཅུད་གནས་ཚུལ་དང་མཐུན་པར་ནང་དོན་གྲུབ་པར་བྱས་ཡོད། ད་དུང་གླུ་ཚིག་འགའ་བརྗོད་ན། ༼སྦ་ཆེན་སྦ་ཆུང་འབྲི་བརྒྱ་སླས་ལ་སྐོར་ཡོད། འབྲི་བརྒྱ་སླས་ལ་སྐོར་བཞིན་བེའུ་ཆུང་གདང་ལ་བཏགས་ཡོད། བེའུ་ཆུང་གདང་ལ་བཏགས་བཞིན་འབྲི་བརྒྱའི་འོ་མ་བཞོས་ཡོད་༽ལྟ་བུ་འབྲོག་པས་རྒྱུན་སྤྱོད་ཀྱི་འཚོ་བ་སྤྱོད་སྟངས་དང་མཐུན་པར་བརྗོད་བྱ་མངོན་པ་བྱས་ཡོད། ཡང་༼ཞིང་ཆུ་མའི་རུལ་ཁུག་ཡར་འཁྱིལ་ལེན། ནས་སྔོ་ཆུང་བཏབས་ཤོག་གཡང་རེ་འཁོར། མཛོ་ཁྱུང་དཀར་རྨོས་ཤོག་རྟེན་འབྲེལ་འགྲིག མཁར་ཁྲ་བོའི་གཉིང་གཞི་ཡར་འཁྱིལ་ལེན། མཁར་ལྷ་ཁང་བཞེངས་ཤོག་གཡང་རེ་འཁོར། ལྷ་བླ་མ་བྱོན་ཤོག་རྟེན་འབྲེལ་འགྲིག་ལྟ་བུ་དཔའ་ངར་ཆེ་ཞིང་ལས་ལ་བརྩོན་པའི་ཞང་བོད་ཀྱི་སོ་ནམ་པའི་རྒྱུན་སྤྱོད་ཀྱི་བྱ་བ་འཁོད་པར་བྱས་འདུག་པ་འདི་སྒོས་དམིགས་ལ་བརྟེན་ནས་གླུ་ཚིག་འགའ་དཔེ་མཚོན་དུ་དྲངས་པ་ཡིན། ད་དུང་གྱང་རྡུང་སྐབས་རྐང་བྲོའི་སྒྱུ་རྩལ་དང་གྱང་གླུའི་འགྱུར་ཁུག སྔ་དྲོ་དང་ཉིན་གུང་ཕྱི་དྲོ་བཅས་ཀྱི་གྱང་གླུའི་ཚིག་དོན་མི་འདྲ་བ་དང་ད་དུང་གྱང་གི་གཉིང་འདན་དང་གྱང་ཁ་ལོན་སྐབས་སོགས་ལ་གྱང་གླུ་ཚིག་དོན་མི་འདྲ་བའི་ཁྱད་བོན་ཤིན་ཏུ་མང༌། གནའ་བོའི་གྱང་གླུ་དང་གྱང་བྲོ་ནི་ས་འདུལ་བ་དང་ས་གདོན་སེལ་བ། ས་བདག་ཀླུ་གཉན་ཀྱི་གནོད་པ་འགོག་སྲུང་གི་གནའ་སྲོལ་མ་ཡལ་བར་ད་ལྟའི་བར་གནས་པ་ཞིག་ཡིན་པ་མ་ཟད། ཞང་བོད་མི་རིགས་ཀྱི་གྱང་ཁང་བཟོ་རྒྱུ་ལག་རྩལ་དང་དུས་མཚུངས་སུ་མཆེད་པ་ཞིག་ཏུ་ཡང་བརྗོད་ཆོག

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག