མཐའ་ཡས་གདུལ་བྱའི་མོས་སྣང་ཐ་དད་པར། །གང་ལ་གང་འདུལ་ཐེག་སྒོ་སྣ་ཚོགས་ཀྱིས། །
བཀའ་ཡི་འཁོར་ལོ་རིམ་གསུམ་བསྐོར་མཛད་པའི། །གཤེན་རྒྱལ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །
འཆད་པའི་འོད་ཀྱིས་གདུལ་བྱའི་བློ་མུན་སེལ། །རྩོད་པའི་ཐོག་གིས་ལོག་རྟོག་བྲག་རི་གཞོམ། །
རྩོམ་པའི་ངག་གིས་རྒྱལ་གསུང་སྲིད་མཐར་སྤེལ། །སྨྲ་སེང་མཁས་པ་རྣམས་ལ་ཕྱག་འཚལ་ལོ། །
གཤེན་བསྟན་དྲི་མེད་གངྒའི་རྒྱུན་བཟང་པོ། །ཕྱོགས་ཞེན་སྒྲོ་བསྐུར་རྡུལ་གྱིས་རྙོགས་པ་གང་། །
དྭངས་བྱེད་བསྟན་པའི་ལོ་རྒྱུས་ཀེ་ཏ་ཀའི། །ཕྲེང་མཛེས་སྐལ་བཟང་མགུལ་གྱི་རྒྱན་དུ་སྤེལ། །
དེ་ལ་འདིར་བསྟན་པ་ཐམས་ཅད་ཀྱི་གཙོ་བོ། གྲུབ་མཐའ་ཐམས་ཅད་ཀྱི་ཐོག་མ།འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་བྱུང་ཚུལ་ཅུང་ཟད་བརྗོད་པ་ལ། རྟག་གཟིགས་ཞིང་དུ་རྒྱལ་བ་གཤེན་རབ་མཆོག་སྤང་ལམ་རྣམ་དག་འདུལ་བའི་བོན་རྣམས་གསུངས། ཞེས་པ་ལྟར། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ་རྟག་གཟིགས་འོལ་མོ་གླིང་དུ། བསྐལ་བཟང་རྣམ་འདྲེན་བརྒྱད་པ་སྟོན་པ་གཤེན་རབ་མི་བོ་དེ་ཉིད། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས། རྫོགས་སྐུ་གཤེན་ལྷ་འོད་དཀར་ལས་འགྲོ་བ་འདུལ་བའི་བོན་ལུང་གསན། མགོན་བཙུན་ཕྱྭའི་གྲོང་ཁྱེར་དུ་ཤེས་རབ་ཀྱི་རྩལ་སྦྱངས། དེ་ནས་སྲིད་པ་ཡེ་སངས་ཀྱི་ཡུལ་དུ་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་དང་ཐབས་ཤེས་ཟུང་དུ་འདྲེལ་ཏེ། བར་ལྷ་འོད་གསལ་ནས་རིམ་པར་བྱོན་ཏེ། སུམ་ཅུ་རྩ་གསུམ་དུ་སྟོན་པ་བློ་གསལ་འཆི་མེད་གཙུག་ཕུད་བྱ་བར་སྐུ་སྤྲུལ་ཏེ། བར་ལྷ་ལས་བབས་ཏེ་རི་རབ་ཀྱི་རྩེ་མོར་བྱོན་ནས། ལྷ་མཐུ་རྩལ་ཅན་རྣམས་དམ་ལ་བཏགས་ཏེ་བཀའ་སྲུང་དུ་བསྐོས། རི་རབ་ལྷོ་ཕྱོགས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་ཕོ་བྲང་ཛཱ་རན་དྷའི་རྩེ་མོར་བྱོན་ནས་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཐུགས་ལ་བཀྲམ་སྟེ། ལྷོ་འཛམ་བུ་གླིང་གི་མིག ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སམ། རྟག་གཟིགས་ཤམ་བྷ་ལའམ། གནས་མཆོག་དམ་པ་འོལ་མོ་ལུང་རིང་གི་དབུས། གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་གྱི་དཀྱིལ། གསས་མཁར་པ་པོ་སོ་བརྒྱད་ལ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཀེའུ་ཚང་སྟོང་དང་ལྔ་བརྒྱ་ཡོད་པའི་ནང་ནས། གསེར་ཁང་གཡུ་སྒོ་ཅན་བྱ་བར། ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་རྒྱལ་བཞད་མའི་སྲས་སུ་སྐུ་བལྟམས་ནས། སྟོན་པའི་དགུང་ལོ་གཅིག་བཞེས་པའི་ཚེ། སྲིད་སྐོས་ཕྱྭ་གསུམ་གྱི་རྗེ་བོ་དང་། ལྷ་ཆེན་ཚངས་པ་དང་བརྒྱ་བྱིན། ཀླུ་རྒྱལ་གཙུག་ན་དང་འཇོག་པོ། མི་དབང་འདོད་པ་དགུ་འགྱུར། ས་བདག་གི་རྒྱལ་པོ་བཞི། འབྱུང་ལྔའི་ལྷ་སོགས་འཇིག་རྟེན་མངའ་དབང་ཅན་རྣམས་དང་། ཕྱོགས་སྐྱོངས་སྡེ་བརྒྱད་རིགས་དྲུག་གི་འཁོར་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས། རང་རང་གིས་དབང་བསྒྱུར་བའི་ཡིད་བཞིན་གྱི་ནོར་བུ་དང་ལུས་སྲོག་རྒྱན་སོགས་མཆོད་སྤྲིན་རྒྱ་མཚོའི་མཎྜལ་ཕུལ་ཏེ་དམུ་རིགས་འཕྲུལ་གྱི་རྒྱལ་སར་ཕྱུང་ཞིང་འགྲོ་བ་འདྲེན་པའི་སྟོན་པར་གསོལ་བ་གདབ་པ་ལ་བརྟེན་ཏེ། རྒྱལ་ས་གནོན་པའི་ཚུལ་མཛད། དེའི་ཚེ་རྒྱུ་འབྲས་བདེན་པའི་བོན་བསྟན་པའི་དུས་ལ་བབས་པར་གཟིགས་ནས། བཟོ་རྒྱལ་གར་མ་ལི་ཤོ། འཇིག་རྟེན་ཡོན་ཏན་རྒྱན་དྲུག ལྷ་ཀླུ་མི་གསུམ། གདུང་རྒྱུད་རྒྱལ་པོ་སྡེ་དྲུག་སོགས་ལ་རིག་པའི་གནས་ལྔ་དང་། ལེགས་རྒྱལ་ཐང་པོ་སོགས་ཕྱྭ་གཤེན་ལ་མོས་པར་སྤྱོད་པ་རྣམས་ལ་ཐེག་པ་དང་པོ་ཕྱྭ་གཤེན་གྱི་བོན་བསྟན་པ་ནས་བཟུང་། གཤེན་ལོ་བཅུ་གཉིས་མི་ལོ་ཆིག་སྟོང་ཉིས་བརྒྱའི་བར་དུ་རྒྱལ་ས་ཕོ་བྲང་གླིང་བཞི་སོགས་གནས་སྣ་ཚོགས་སུ། འཁོར་འདུས་པ་དང་པོ་རྣམས་ལ། ཐེག་པ་དགུའི་བོན་དང་དབང་ལྡན་དུས་འཁོར་གཞུང་བཞི་སོགས་ཀྱི་བོན་གསུང་བ་ཡིན་ཏེ། མདོ་ལས། ཐོག་མ་དགུང་ལོ་གཅིག་ཏུ་ཕྱིན་པའི་ཚེ། དང་པོ་ཕྱྭ་གཤེན་ཐེག་པའི་བོན་སྒོ་གསུངས། ཞེས་དང་། བཅུ་གཉིས་ས་ཡི་ལྷ་མོས་སྤྱན་དྲངས་ནས། དབང་ལྡན་དུས་ཀྱི་འཁོར་ལོ་གཏན་ལ་ཕབ། དེ་ནས་ལོ་མཛོད་བཅུ་གཉིས་མཛད་པ་རྫོགས། ཞེས་གསུངས་སོ། །དེ་ནས་དགུང་ལོ་བཅུ་གསུམ་བཞེས་པའི་དུས་སུ། གསས་མཁར་ཤམ་པོ་ལྷ་རྩེར་བསྒྲགས་པ་རྣམ་གསུམ་གྱི་དཔེའུ་རྩེ་བསྟན་ཞིང་འགྲོ་འདུལ་འོད་ཟེར་སྤྲོ་བའི་མཛད་པ་ནས་བཟུང་སྟེ། ལྷ་ཀླུ་མི་ཡི་གནས་སྣ་ཚོགས་སུ། འགྲོ་འདུལ་གཤེན་ལྔ་ལ་སོགས་འཁོར་འདུས་པ་བར་བ་རྣམས་ལ། བཀའ་བར་བ་སྒོ་བཞི་མཛོད་ལྔའི་བོན་རིམ་པར་གསུངས་ཏེ། གསས་ཁང་དཀར་ནག་བཀྲ་གསལ་དུ་ཀོང་ཚེ་འཕྲུལ་གྱི་རྒྱལ་པོ་ལ་སོགས་པ་ལ། བསྟན་པ་རྣམ་གསུམ་རྗེས་སུ་བཞག་པར་མཛད་དེ། བསྟན་པ་གཉེར་གཏད་ཀྱི་མདོ་ལས། དེ་ནས་སྒོ་བཞི་མཛོད་དང་ལྔ་ཡི་བོན། །རིན་ཆེན་གླེགས་བམ་བྱེ་བ་དུང་ཕྱུར་བཅས། དཀར་ནག་བཀྲ་གསལ་བསྟན་པ་རྗེས་སུ་བཞག །ཅེས་གསུངས་སོ། །དེ་ལྟར་གཤེན་ལོ་སུམ་ཅུའི་བར་དུ་བཀའ་བར་བ་དང་། བསྟན་པ་རྗེས་བཞག་གི་མཛད་པ་གྲུབ་ནས། དགུང་ལོ་སོ་གཅིག་གི་སྐབས་སུ་རབ་ཏུ་བྱུང་བ་ནས་བཟུང་སྟེ། གཤེན་ལོ་བརྒྱད་ཅུ་གྱ་གཉིས་བཞེས་པའི་ཆུ་ཡོས་ལོའི་དགུན་ཟླ་ར་བའི་གནམ་སྟོང་ལ་མྱ་ངན་ལས་འདས་པའི་བར་དུ། འདུལ་བ་ཁྲིམ་གྱི་གླིང་ལ་སོགས་པའི་གནས་སྣ་ཚོགས་སུ་འཁོར་སྡེ་བཞི་ཡ་བརྒྱད་དང་། དགྲ་བཅོམ་བརྒྱ་དང་རྩ་བརྒྱད་སོགས་ལ། བཀའ་ཐ་མ་ཕྱི་རྒྱུད་ཐེག་པ་ཆེན་པོ་འདུལ་ཁྲིམ་གྱི་བོན་དང་། ནང་རྒྱུད་གསང་སྔགས་ཀྱི་བོན་དང་། གསང་རྒྱུད་བླ་མེད་རྫོགས་ཆེན་གྱི་བོན་རྣམས་གསུངས་ཏེ། གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ་རིན་པོ་ཆེའི་གླེགས་བམ་ཁྲི་དང་དྲུག་སྟོང་དུ་སྦམ་སྟེ། བསྟན་པ་རྗེས་བཞག་མཛད་དོ། །མདོ་འདུས་ལས། དགུང་ལོ་སུམ་ཅུ་སོ་གཅིག་དུས། །ཁྱིམ་སྤང་རབ་ཏུ་བྱུང་བ་སྟེ། །ཞེས་དང་། མི་ལོ་བརྒྱ་ལ་གཤེན་ལོ་གཅིག །ད་ནི་བརྒྱད་ཅུ་རྩ་གཉིས་ཏེ། །འཁོར་བ་མི་རྟག་ཚུལ་བསྟན་ཕྱིར། །བདག་ནི་ཡོངས་སུ་མྱ་ངན་འདས། །ཞེས་གསུངས་སོ། །
དེ་ལྟར་བཀའ་འཁོར་གསུམ་གྱི་ཁོངས་སུ་ཐེག་པ་མཐའ་དག་བསྟན་པ་ཡིན་ཀྱང་། གདུལ་བྱ་ཕལ་ཆེ་བའི་ངོར། སྤང་ལམ་མདོའི་བསྟན་པ་གཙོ་བོར་སྤེལ་ནས། བཀའ་རྣམས་གཏད་གཉེར་སོ་སོར་བསྐོས་ཏེ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེ་ཡང་བཀའ་བསྡུ་གཙོ་འཁོར་བཅུ་གསུམ་ལ་བཀའ་རྣམས་སོ་སོར་བསྡུ་བར་ལུང་བསྟན་པའི་ཚུལ། བསྟན་པ་གཉེར་གཏད་ཀྱི་མདོ་ལས། བདག་གི་བཀའ་ཡི་བོན་རྣམས་ལ། །བཀའ་ལ་རྣམ་པ་གསུམ་ཡིན་ཏེ། །ཞལ་ནས་གསུང་དང་རྗེས་སུ་གནང་། །བྱིན་གྱིས་བརླབ་པ་རྣམ་པ་གསུམ། །ཕུན་སུམ་ཚོགས་པ་ལྔ་ཡིས་སུ། །གཏན་ལ་ཕབ་ཅིང་བསྡུ་བར་མཛོད། །མདོ་སྡེ་གྱུར་པ་ཐམས་ཅད་ནི། །གསང་བ་མདོ་སྡུད་ཉིད་ཀྱིས་སྡུས། །འབུམ་སྟེ་གྱུར་པ་ཐམས་ཅད་ནི། །རྨ་ལོ་གཙུག་ཕུད་དག་གིས་སྡུས། །གཟུངས་སྡེ་གྱུར་པ་ཐམས་ཅད་ནི། །གཡུ་ལོ་ཟུར་ཕུད་དག་གིས་སྡུས། །འདུལ་བ་གྱུར་པ་ཐམས་ཅད་ནི། །ཡིད་ཀྱི་ཁྱེའུ་ཆུང་དག་གིས་སྡུས། །རྒྱུ་འབྲས་རྣམ་གསུམ་དབྱེ་བ་དང་། །མཆོད་སྦྱིན་ཚོགས་བསགས་སྒྲིབ་སྦྱང་དང་། །ཐེག་རིམ་ཕ་རོལ་ཕྱིན་པ་རྣམས། །ཚངས་པ་གཙུག་ཕུད་དག་གིས་སྡུས། །གཏོ་རྒྱུད་འབུམ་སྡེ་གྱུར་པ་རྣམས། །གཏོ་བུ་འབུམ་སངས་དག་གིས་སྡུས། །དཔྱད་རྒྱུད་ཉི་ཁྲི་གྱུར་པ་རྣམས། །དཔྱད་བུ་ཁྲི་ཤེས་དག་གིས་སྡུས། །མངོན་པ་ཚད་མ་རྣམ་འགྲེལ་དང་། །ལུང་སྡེ་གྱུར་པ་ཐམས་ཅད་ནི། །ལུང་འདྲེན་གསལ་བ་དག་གིས་སྡུས། །ཨ་དཀར་གསང་བ་སྔགས་ཀྱི་བོན། །རྒྱུད་སྡེ་གྱུར་པ་ཐམས་ཅད་ནི། །རྒྱུད་འདྲེན་སྒྲོན་མ་དག་གིས་སྡུས། །ལྷ་རྒྱུད་ཡེ་ཤེས་མཉམ་སྦྱོར་བོན། །འོལ་དྲུག་ཐང་པོ་དག་གིས་སྡུས། །དབང་ལྡན་དུས་ཀྱི་འཁོར་ལོ་དང་། །ཅུ་ཡག་རྩིས་སྡེར་གྱུར་པ་རྣམས། །ཀོང་ཚ་འཕྲུལ་བུ་དག་གིས་སྡུས། །ཆབ་ནག་སྲིད་པ་རྒྱུད་ཀྱི་བོན། །མང་འདྲེལ་ཉི་མའི་ཟེར་ལྟ་བུ། །ཀོང་ཚ་དབང་ལྡན་དག་གིས་སྡུས། །ཞེས་གསུངས་སོ། །སངས་རྒྱས་འདས་ནས་མི་ལོ་སྟོང་དང་བརྒྱད་བརྒྱའི་མཚམས་སུ། གསུང་གི་སྟོན་པ་གདུང་སོབ་མུ་ཆོ་ལྡེམ་དྲུག་བྱོན་ནས་དཀར་ནག་བཀྲ་གསལ་དུ། སྟོན་པ་ཉིད་དང་སངས་པོ་འབུམ་ཁྲི་གཉིས་ཐབས་ཤེས་ཟུང་དུ་སྦྲེལ་ནས་བསྟན་པ་རྗེས་སུ་བཞག་པའི་གསུང་རབ་གླེགས་བམ་བྱེ་བ་ཕྲག་བརྒྱ་ཡོད་པ་དེ། གདུང་སོབ་ཆེན་པོས་ལུང་དང་རིག་པས་ཕྱེས་ཏེ་ལོ་གཅིག་ཏུ་བོན་འཁོར་བསྐོར། དེ་ནས་ཕོ་བྲང་ཁྲི་སྨོན་རྒྱལ་བཞད་དང་། ཁོལ་མ་ནེའུ་ཆུང་གཉིས་ཀྱི་བར་ན། གཡུང་དྲུང་གི་གདན་དང་སེང་གེའི་ཁྲི་ལ་བཞུགས་ནས། འདུལ་བ་རྒྱུད་དྲུག མངོན་པ་སྡེ་བཞིར་ཕྱེས་ཏེ། ཡན་ལག་ཆེན་པོ་བཅོ་བརྒྱད་དང་། མདོ་རྒྱུད་བཞི་བཅུ་རྩ་གཉིས་རྣམས་ཁྱིམ་པ་དང་རབ་བྱུང་གི་སྡེ་སོ་སོར་བཀའ་རྩལ་ཏེ་བོན་འཁོར་ལོ་གཅིག་བསྐོར། དེ་ནས་གསས་མཁར་ཤམ་པོ་ལྷ་རྩེར་བཞུགས་ནས་སྒོ་བཞི་མཛོད་ལྔའི་བོན་ལོ་གཅིག་ཏུ་བཤད། དེ་ལྟར་ལོ་གསུམ་དུ་བཀའ་དང་བཀའ་ལ་བརྟེན་ནས། འདྲི་བ་དང་། བཤད་པ། མཉན་པ། ཀློག་པ། བསྒོམ་པ། བསྒྲུབ་པ། བསྐྱར་བ། བསྔགས་པ། སྤེལ་བ། ཡོངས་སུ་སྤེལ་བ་ལ་སོགས་པ་མཛད་ཅིང་། ལོ་ཙཱ་བ་མང་པོས་ཤེས་རབ་ཀྱི་རྩལ་སྦྱངས་སོ། །རྩ་རྒྱུད་ཉི་སྒྲོན་ལས། དབྱེ་བཤད་མཛད་ལུགས། སྟོན་པའི་བོན་རྣམས་སློབ་མས་མས་ཡར་བཀླག མ་གོ་བ་རྣམས་སློབ་དཔོན་རིགས་པས་ཡས་མར་དཀྲོལ་ཞིང་བཤད། སྒོ་བཞི་མཛོད་ལྔ་ཐེག་པ་རིམ་དགུར་ཕྱེས། དེ་ལ་བཞི་བཅུ་རྩ་ལྔ་དང་བརྒྱ་དང་རྩ་བརྒྱད་ཕྱེས། དེ་ལས་བརྒྱད་ཁྲི་བཞི་སྟོང་ཉི་མའི་ཟེར་བཞིན་སྤྲོས། དེ་ལྟར་བོན་འཁོར་ལོ་གསུམ་བསྐོར་བ་ཡིས། སློབ་མ་ཤེས་རབ་ཚད་སླེབ་མཁས་གྱུར་མང་དུ་བྱུང་། རྫུ་འཕྲུལ་ཞབས་དང་ལྡན་པས་གར་ཡང་ཐོགས་པ་མེད། ཅེས་གསུངས། དེ་བཞིན་དུ་བཀའ་བསྡུ་མཛད་པའི་འཁོར་བཅུ་གཉིས་ཀྱིས་ཀྱང་། རང་རང་ལ་གཉེར་དུ་གཏད་པའི་བོན་འཁོར་གཤེན་ལོ་གསུམ་རེ་བསྐོར་ཏེ་འགྲོ་དོན་མཛད། དེ་ལྟར་འཆད་ཉན་སྒྲུབས་པས། བོན་ལ་མཁས་པ་དང་གྲུབ་པ་མང་དུ་བྱུང་བ་ལས་མཆོག་ཏུ་གྱུར་པ། རྫུ་འཕྲུལ་གྱི་ཞབས་དང་ལྡན་པའི་ལོ་ཙཱ་ཆེན་པོ་དྲུག་ལ་སོགས་ཀྱིས། འཛམ་གླིང་ཡུལ་ཆེན་ཀུན་ཏུ་སྒྲ་བསྒྱུར་ཞིང་བསྟན་པ་སྤེལ་བ་ཡིན་ནོ། །ཁྱད་པར་གསང་སྔགས་ཀྱི་རྒྱུད་རྣམས་འོག་མིན་དུ་ཀུན་བཟང་གཤེན་ལྷ་འོད་དཀར་ནས། རྩ་གསུམ་ལྷ་གནས་སུ་འཆི་མེད་ཡུམ་སྲས་གཤེན་བཞི་ལ་བརྒྱུད། དེ་ནས་ལྷ་ཀླུ་མི་ཡི་གཤེན་པོ་ལ་བརྒྱུད་དེ། འོལ་མོ་གླིང་དུ་བཀའ་བསྡུ་གཙོ་འཁོར་རྣམས་ཀྱིས་ལོ་གསུམ་རེ་བོན་འཁོར་བསྐོར་ཟིན་པའི་རྗེས་ནས་བརྩིས་པའི་མི་ལོ་ཉི་ཤུ་རྩ་བརྒྱད་ནས་བསྒྲགས་པ་གསུམ་གྱི་བོན་རྣམས་མཁས་པའི་རྒྱན་དྲུག་དང་ནམ་མཁའ་སྣང་བ་མདོག་ཅན་སོགས་ལ་བརྒྱུད་དེ་བོད་ཡུལ་སོགས་སུ་དར་བའོ། །དེའང་ལོ་ཙཱ་བ་དྲུག་ནི་མདོ་འདུས་དང་རྩ་རྒྱུད་ཉི་སྒྲོན་མཐུན་པར། གདུང་སོབ་མུ་ཆོས་ཤེས་པའི་རྒྱུད་སྦྱངས་ཤིང་། མཁས་པ་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ། རྫུ་འཕྲུལ་གྱི་ཞབས་དང་ལྡན་པ། སྟག་གཟིག་གི་ལོ་ཙཱ་བ་དམུ་ཙ་ཏྲ་ཧེ། ཞང་ཞུང་ལ་ཁྲི་ཐོག་སྤ་ཙ། སུམ་པ་ལ་གུ་ཧུ་ལུ་སྤར་ལེགས། རྒྱ་གར་ལ་ལྷ་བདག་སྔགས་དྲོ། རྒྱ་ནག་ལ་ལེགས་ཏང་སྨང་པོ། ཁྲོམ་ལ་སེ་ཐོག་ལྕེ་འབྱམས་དང་དྲུག་གོ། ། སྨྲས་པ།
གཟིགས་དགོངས་མཛད་པ་ཞིང་མཆོག་འོལ་གླིང་དུ། །
སྟོང་གསུམ་འདུལ་མཛད་བརྒྱ་པའི་མགོན་པོ་མཆོག།
བརྒྱད་ཁྲི་བཞི་སྟོང་བོན་གྱི་འཁོར་ལོ་ཡིས། །
རབ་འབྱམས་གདུལ་བྱའི་ཁ་ལོ་གྱེན་དུ་བསྒྱུར། །
སླད་ན་ལུས་པ་མ་འོང་འགྲོ་བའི་དོན། །
དཀར་ནག་བཀྲ་གསལ་བསྟན་པ་རྗེས་བཞག་མཛད། །
གསུང་དང་ཐུགས་ཀྱིས་འདུལ་བའི་རིམ་པ་ཡིས། །
བསྟན་འགྲོའི་ཕན་བདེ་དབྱར་གྱི་མཚོ་ལ་འགྲན། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒྱལ་གཤེན་བསྟན་པའི་གཞི་རྩ་འདུལ་བ་བྱུང་ཚུལ་མདོ་བསྡུས་བཤད་པ་ལ། རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་རྟག་གཟིགས་འོལ་མོ་གླིང་དུ་སྐུ་འཁྲུངས་ནས་མཛད་པ་བཅུ་གཉིས་རིམ་པར་མཛད་དེ། དེ་ཡང་སྐྱེ་བ་བཞེས་པ། བསྟན་པ་སྤེལ་བ། འགྲོ་བ་འདུལ་་བ། ཁབ་བཞེས་པ། སྲས་སྤྲུལ་བ། འགྲོ་དོན་མཛད་པ། བདུད་བཏུལ་བ། བསྟན་པ་རྗེས་བཞག་གི་མཛད་པ་རྣམས་རྫོགས་ནས། མི་ལོ་སུམ་སྟོང་ཆིག་བརྒྱ་སྟེ་གཤེན་ལོ་སོ་གཅིག་བཞེས་པའི་ཚེ། ཁྲི་སྨོན་རྒྱལ་བཞེད་ཀྱི་སྒོ་དྲུང་དུ། སྐྱེ་རྒ་ན་འཆི་བཞིའི་སྡུག་བསྔལ་གྱིས་གཟིར་བ་ལ་གཟིགས་ཏེ། ངེས་འབྱུང་གི་རྐྱེན་བྱས་ནས། རྒྱལ་སྲས་ཟང་ཟིང་རྒྱན་ལ་སོགས་པ་སྤངས་ཏེ། མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བསིལ། ཡེ་ཤེས་ལྷས་གནང་བའི་ན་བཟའ་གོས་དྲུག་རིན་ཆེན་རྫས་ལྔ་རྣམས་སྐུ་ལ་གསོལ་ཞིང་། ཕྱག་གིས་བཞེས་ཏེ། དེའི་ཚེ་འཁོར་རྣམས་ཀྱིས་ཡུལ་མཁར་བཙུན་མོ་སྲས་ལོངས་སྤྱོད་འཁོར་དགོང་དྲོ་ཁྲི་སྟན་ཤ་སྒོག་ཙོང་ཆང་རྣམས་རིམ་གྱིས་ཕུལ་ནས་བཞེས་པར་ཞུས་ཀྱང་། མ་གནང་བར། ཕྱོགས་བཞིར་འཕུར་ཚུལ་བསྟན། སྐུ་ལུས་ལན་དྲུག་སྤྲུགས་པས་མཁའ་ལྡིང་ཤང་ཤང་དེའུར་སྤྲུལ་ཏེ། འཁོར་གྱིས་བཟུང་བས་མ་ཐུབ་པར། བར་སྣང་སྟོང་བར་འཕུར་ཏེ། འོག་མིན་དུ། སྔར་འདས་པའི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་སློབ་མ་དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་དུ། རབ་བྱུང་གི་བསྙེན་པ་ཡེ་ནས་རྫོགས་ཀྱང་། དག་པ་དྲང་སྲོང་གི་ཕྱི་ཚུལ་ནང་ཁྲིམས་རྣམས་རྫོགས་པར་ནོད་ཚུལ་བསྟན། མཚན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་བྱ་བར་གསོལ། དེ་ནས་ཡས་མར་རིམ་བཞིན་བྱོན་ནས་བྱ་སྤྲེལ་མི་གསུམ་གྱི་དཀའ་ཐུབ་མི་ལོ་སུམ་བརྒྱ་རུ་སྤྱད་ནས་བདུད་རྣམས་རང་ཞིར་སོང་། དེ་ནས་ཟད་མཚམས་མེ་ཏོག་གི་གླིང་དུ་འདུལ་བ་སྡེ་བཅུ་དང་། བོན་གྱི་འཁོར་ལོ་ཚིགས་བཞི་རྣམས་གསུངས། ལྷོ་ཤར་འདུལ་བ་ཁྲིམས་ཀྱི་གླིང་དུ་བྱོན་ནས། འདུལ་བ་རྒྱུད་དྲུག་མངོན་པ་སྡེ་བཞི་གསུངས། ཕོ་གླིང་ཁྲི་སྨོན་རྒྱལ་བཞེད་དང་། མོ་གླིང་ཁོལ་མ་ནེའུ་ཆུང་གི་བར། མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ། སྐུ་ཡི་སྲས་མཆོག་བརྒྱད། གསང་འཁོར་ཡེ་གཤེན་སུམ་བརྒྱ་དྲུག་ཅུ། ནང་འཁོར་སེམས་དཔའ་ལྔ་སྟོང་ལྔ་བརྒྱ། ཁྲི་དྲུག་སྟོང་། ཕྱི་འཁོར་བྱེ་བ་དྲུག་ཁྲི་བཅས་པ་ལ། སྟོན་པ་ཁྲི་གཙུག་རྒྱལ་བ་ཉིད་ཀྱིས་སློབ་དཔོན་མཛད། གཡུང་དྲུང་གཙུག་གཤེན་རྒྱལ་བས་རྣམ་བཞི་ཁྲིམས་ཀྱི་མཁན་པོ་མཛད། འ་ཞ་གསང་བ་མདོ་སྡུད་ཀྱིས་དབང་པོ་མཛད་ནས། ཕོ་གྲལ་གཡས་དང་། མོ་གྲལ་གཡོན་དུ་ཕྱེས་ནས། རང་རང་གི་ཐོ་ཐང་གི། ཁྲིམས་རྣམས་སོ་སོར་ཕོག་པར་མཛད་དོ། །རྒྱས་པ་མདོ་དྲི་མེད་གཟི་བརྗིད་སོགས་ལས་གསལ་ལོ། །
དེ་ལས་མཁན་རྒྱུད་ཇི་ལྟར་བྱུང་ཚུལ་ནི། སྟོན་པ་མྱ་ངན་ལས་འདས་ནས་གཤེན་ལོ་བཅོ་བརྒྱད་རྫོགས་པའི་མཚམས་སུ། གདུང་སོབ་མུ་ཆོ་ལྡེམ་དྲུག་བྱོན་ནས། བོན་འཁོར་ལོ་གསུམ་བསྐོར། འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་མང་དུ་བྱུང་། དེའི་ནང་ནས་རྟག་གཟིགས་ལ་མཁས་པ་དམུ་ཚ་ཏྲ་ཧེས། མཚན་ལྡན་ཁྱེའུ་བཞི་དང་ཞལ་མཇལ་ཏེ། གཙུག་གཤེན་རྒྱལ་བས་མཁན་པོ་མཛད། དྲང་སྲོང་རྒྱལ་བས་སློབ་དཔོན་མཛད། གཙུག་སྲས་ཁྲི་ལྡེ་གཉིས་དཔང་བོ་མཛད་ནས། དྲང་སྲོང་ཆིག་རྫོགས་སུ་མཛད་དེ། བྲག་དགོན་དཀའ་ཐུབ་ཀྱི་སྡེ་བཟུང་། དེའི་མཁན་བུ་ཁྲི་ལྡེ་འོད་པོས་བཀའ་གཞུང་ཉན་བཤད་ཀྱི་སྡེ་བཟུང་། དེའི་མཁན་བུ་ལྷང་ལྷང་གཙུག་ཕུད་ཀྱིས་འདུལ་བ་རྒྱུད་དྲུག་འགྲེལ་བ་རྣམ་པ་འབྱེད་པའི་ལྡེ་མིག་མཛད། དེའི་མཁན་བུ་དང་བ་ཡི་རིང་གིས་མངོན་པ་སྡེ་བཞིའི་འགྲེལ་རིང་དྲི་མེད་གསལ་བའི་མེ་ལོང་རྒྱས་པ་མཛད། དེའི་མཁན་བུ་ཐུགས་ཀར་ཡེ་ཤེས་ཀྱིས། ལས་ཁྲིད་བཞི་བཅུའི་ཕྱག་ལེན་གསལ་བའི་སྒྲོན་མེ་མཛད། དེའི་མཁན་བུ་གུམ་རུམ་ཡེ་ཤེས། དེའི་མཁན་བུ་འོད་ལྷ་གསལ་འབར་གྱིས་དུས་ཆེན་གྱི་སྡེ་བཟུང་། དེའི་མཁན་བུ་རྫུ་འཕྲུལ་ཡེ་ཤེས། དེས་རང་བྱུང་མཆོད་རྟེན་བཞིའི་ནང་ནས། སྟོན་པའི་གདུང་ཤ་རི་རམ་ལྔ་བརྒྱ་བོད་དུ་གདན་དྲངས་ནས། ཕྱི་རབས་བརྒྱུད་པ་རྣམས་ལ་བསྟན་པའི་བཙས་སུ་བཞག་པའོ། །སྐྱེས་བུ་ཆེན་པོ་དེ་ནི་ཚེ་ལ་རང་དབང་ཐོབ་པ་རྫུ་འཕྲུལ་གྱི་ཞབས་དང་ལྡན་པའི་སེམས་དཔའ་ཆེན་པོར་བཞུགས་སོ། །དེ་ཡན་ཆད་རྟག་གཟིགས་འོལ་མོ་གླིང་གི་མཁན་རྒྱུད་ཡིན་ནོ། །དེའི་མཁན་བུ་ཞང་ཞུང་གི་ཡུལ་དུ་ནེའུ་གེ་ཁོད་དཔལ་ཞེས་བྱ་བའི་ཉམས་སྣང་ལ་ན་བཟའ་འོད་ཟེར་སྣ་དྲུག་གོན་པའི་བཙུན་པ་ཞིག་ཡང་ཡང་བྱུང་བས། དེ་ལ་གསོལ་བ་བཏབ་པས་མངོན་སུམ་དུ་རྫུ་འཕྲུལ་ཡེ་ཤེས་དང་མཇལ་ཏེ། དྲང་སྲོང་ཆིག་རྫོགས་སུ་མཛད་ནས། ཚུལ་མིང་ཡེ་ཤེས་ཚུལ་ཁྲིམས་སུ་བཏགས། བླ་སློབ་དེ་གཉིས་ཀྱི་གདན་ས་ཞང་ཞུང་སྤོས་རི་ངད་ལྡན་གྱི་ཤར་བརྒྱུད་དྲག་ལུང་ན་བ་དམར་ལྡིང་བོན་ཕུག་ཡིན་ཞིང་། མཁན་པོའི་ཞབས་རྗེས་ཀྱང་དེང་སང་དགོན་ཤུལ་གྱི་ཉེ་རིའི་བྲག་ལ་མཇལ་རྒྱུ་ཡོད་ཟེར། རྫུ་འཕྲུལ་ཡེ་ཤེས་ཞང་ཞུང་དུ་ཕེབས་ནས། དེང་སྐབས་རབ་བྱུང་བཅུ་དྲུག་པའི་ཆུ་བྱི་འདི་ཡན་ལ་མི་ལོ་བཞི་སྟོང་དྲུག་བརྒྱ་ལྷག་སོང་ཞེས་དཔལ་ཚུལ་གྱིས་བཞེད་དོ། ། ཡེ་ཤེས་ཚུལ་ཁྲིམས་ཀྱི་མཁན་བུ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་ཤེལ་གྱི་བྲག་དཀར་རྩེ་རྫོངས་སུ། གཡུང་དྲུང་ལྷ་རྩེའི་གསས་ཁང་བཞེངས། ༧ དེའི་མཁན་བུ་གཙུག་ཕུད་ཚུལ་ཁྲིམས་ཀྱིས། ཧྲིམ་པོ་དཔལ་གྱི་རི་ལ་གཡུང་དྲུང་བརྩེགས་པའི་གསས་ཁང་བཞེངས། སྟོན་པའི་མཛད་ཚུལ་བཞིན་དུ་འཁོར་སྡེ་བཞི་ཡ་བརྒྱད་དུ་ཕྱེས་ནས་བསྟན་པ་རྒྱས་པར་སྤེལ།
དེ་ཡན་ཆད་ཞང་ཞུང་གི་མཁན་རྒྱུད་དོ། ༧ །དེའི་མཁན་བུ་ག་ཅུ་གཙུག་ཕུད་རྒྱལ་བས་འདམ་ཤོད་སྣར་མར། གཡུང་དྲུང་ཁྲི་འདུས་ལྷ་ཁང་དང་། རྟ་ནག་རྟ་མགོ་སུམ་ལག་ཏུ། ཁྲི་འདུས་གསང་བའི་ལྷ་ཁང་བཞེངས། དེའི་མཁན་བུ་ཡ་གོང་ཡེ་ཤེས་རྒྱལ་བ་དང་། ཕམ་ཤི་དཔལ་གྱི་དབང་ཕྱུག་གཉིས་ཡིན་ཏེ། དེ་གཉིས་ལ་བོད་ཀྱི་མི་གཉིས་ཀྱང་ཟེར། འདུལ་རྒྱུད་བསྒྲགས་པ་གླིང་སྒྲགས་ལས། གཙུག་ཕུད་ཚུལ་ཁྲིམས་ལ་མཁན་བུ་བཞི་སྟེ། ག་ཅུ་ཚུལ་ཁྲིམས་རྒྱལ་བ། ཡ་གོང་ཡེ་ཤེས་རྒྱལ་བ། ཕམ་ཤི་དཔལ་གྱི་དབང་ཕྱུག སྡེ་བཙུན་རབ་གསལ་དང་བཞི་བྱུང་། དེའི་ཚེ་གཤེན་གྱི་འདུལ་རྒྱུད་ལས་མ་འཆམ་པར། སྡེ་རིགས་གཉིས་སུ་ཆད། ག་ཅུ་ཕམ་ཤི་གཉིས་སྡེ་གཅིག ཡ་གོང་སྡེ་བཙུན་གཉིས་སྡེ་གཅིག་བཟུང་། སྡེ་བཙུན་སློབ་བུ་ཅོ་ཡེ་ཤེས་ཚུལ་ཁྲིམས་ཀྱི་མཁན་བུ་མུ་ཟི་གསལ་བཟང་ཡིན། ཞེས་སོགས་གསུངས་པ་ལྟར་སྡེ་བ་གཉིས་སུ་གྱེས་ཏེ། ཡ་གོང་གིས་སོ་ཐར་གྱི་སྡེ་བཟུང་། བསྒོམ་པ་ནི་བཟོད་པའི་དོན་བསྒོམ། སྤྱོད་པ་ཚུལ་ཁྲིམས་ལ་སྤྱོད། འབྲས་བུ་སོ་སོར་སྒོ་ཐར་དུ་འདོད། ལྷ་ས་ཡེར་བའི་ཀླུང་དུ་བདུད་འདུལ་གཡུང་དྲུང་གནས་ཀྱི་ལྷ་ཁང་བཞེངས། བདུད་ནག་པོ་པིར་གདོང་ཚར་བཅད། ཟང་ཟང་ལྷ་རྩེ་སོགས་འདུ་གནས་ཉི་ཤུ་རྩ་དགུར་འཕེལ། ཕམ་ཤིས་དུས་ཆེན་གྱི་སྡེ་བཟུང་། སྒོམ་པ་ནི་འགོག་པ་ལ་སྙོམས་པར་འཇུག སྤྱོད་པ་ཚུལ་ཁྲིམས་ལ་སྤྱོད། འབྲས་བུ་བསྐལ་ཆེན་གཅིག་རྫོགས་པ་དང་། བསྟན་པ་རྫོགས་པ་ནས་སངས་རྒྱས་པར་འདོད། གཡུང་དྲུང་རོལ་བའི་གསས་ཁང་ལ་སོགས་དགོན་སྡེ་སུམ་ཅུ་རྩ་བརྒྱད་འཕེལ་ལོ། །འདི་དུས་གནམ་གྱི་ཁྲི་བདུན་རིང་ཡིན་ཏེ། ཉི་སྒྲོན་ལས། གནམ་གྱི་ཁྲི་བདུན་ཞེས་བྱ་སྟེ། རྒྱལ་པོ་རེ་ལ་སྐུ་སྲུང་བོན་གཤེན་རེས་མཛད་པས། བོན་གཤེན་མངའ་ཐང་ཆེའོ། །དེ་དུས་ག་ཅུ་ཡ་གོང་ཕམ་ཤི་ལྡེ་བཙུན་བཞི་ལྷ་ཁང་མཆོད་རྟེན་དགོན་སྡེ་རྣམས་འཕེལ་ལོ། །ཞེས་གསུངས་པའི་ཕྱིར། དེ་ནས་ཡ་གོང་གི་བརྒྱུད་པ་ཉེར་ལྔ། ཕམ་ཤིའི་བརྒྱུད་པ་སུམ་ཅུ་འདས་པའི་དུས་ན། སྡེ་བ་གཉིས་ཀྱི་ནང་འཁྲུགས་པའི་རང་སྐྱོན་དང་། རྒྱལ་པོ་གྲི་གུམ་བཙན་པོ་དང་། བློན་པོ་ངན་པ་སོགས་གཞན་སྐྱོན་གཉིས་ཀ་ལ་བརྟེན་ནས་བསྟན་པ་ཐང་གཅིག་བོད་ཡུལ་དུ་ནུབ་བོ། །དེ་ནས་ཡ་གོང་རྒྱལ་བའི་མཁན་བུ་སྡེ་བཙུན་རབ་གསལ། དེའི་མཁན་བུ་མུ་ཟི་གསལ་བཟང་། ཕམ་ཤི་དཔལ་གྱི་དབང་ཕྱུག་གི་མཁན་བུ་ཅོ་བཙུན་ཡེ་ཤེས་སོ། །ལུང་འགའ་ཞིག་ལ་མུ་ཟི་གསལ་བཟང་གིས་སྡེ་བཙུན་དང་ཅོ་བཙུན་གཉིས་ཀའི་དྲུང་ནས་ཁྲིམས་མནོས་པར་གསུངས་སོ། །ཅོ་བཙུན་ཡེ་ཤེས་ནི་ཚེ་ལ་རང་དབང་ཐོབ་པའི་སྐྱེས་བུ་སྟེ་གདུང་རབས་དེ་ཙམ་གྱི་ཡུན་ལ་བསྟན་པའི་གཉེར་འཛིན་མཛད་དོ། །དེ་ནས་རྫུ་ཕྲུལ་ཡེ་ཤེས་ཀྱི་དྲུང་དུ་མ་འོངས་པ་ན་བསྟན་པ་དར་བའི་རྒྱུ་འབྲས་དང་ལུང་བསྟན་ཐོབ་ནས་དགའ་སྤྲོ་དང་བཅས་ཏེ་མྱ་ངན་ལས་འདས་སོ། །མུ་ཟི་གསལ་བཟང་ནི། མ་འོངས་པ་ན་བསྟན་པའི་ས་བོན་མཛད་པའི་ཆེད་དུ་མདོ་སྨད་རྨ་རི་དེལ་གསུམ་གྱི་རི་རྩེའི་བྲག་དཀར་རྩེ་འདུས་ཀྱི་ཕུག་ཏུ་འགོག་པ་ལ་སྙོམས་པར་བཞུགས་སོ། །དེ་ནས་མི་ལོ་སྟོང་དང་བརྒྱད་བརྒྱ་འདས་པའི་དུས་ན་རྒྱལ་པོ་ལག་ངན་གྱི་སྲས་ལྷ་ཐུ་ཁྲ་བྱ་བ། རྒྱ་སྤུན་མང་གི་ཆད་པ་ཕོག་སྟེ་སོག་པོའི་ཡུལ་དུ་སྤྱུགས་ནས། སོག་པོའི་སྟོང་དཔོན་དཔལ་འབར་བྱ་བའི་རྟ་འཚོས་ཏེ་ཡོད་པ། དེ་མེ་ཉག་གི་རབ་རྩེ་འདུས་ཀྱིས་བསླུས་ཏེ་རྟ་རྫིར་བཅོལ་ལོ། །སོག་ཡུལ་ནས་འོང་སྐབས་སྤྲེའུ་སླག་པ་ཞིག་གྱོན་ནས་འོང་བས་མིང་སོག་པོ་སྤྲེལ་སླག་ཅན་དུ་གྲགས། དེས་རྨ་རི་དེལ་གསུམ་དུ་རྟ་འཚོར་ཕྱིན་སྐབས་ཉིན་གཅིག་སྔོན་གྱི་ལས་འཕྲོ་བཟང་པོས། བྲག་དཀར་རྩེ་འདུས་ཀྱི་ཕུག་པ་སྒོ་ནག་ལ་ཕུག་དཀར་བ་དེར་ཕྱིན་པས། ནང་དུ་ན་བཟའ་རབ་བྱུང་གི་ཆ་བྱད་ལ་དབུ་སྐྲ་ས་ལ་འཁྱིལ་བ་གཅིག་འདུག་པ། དེ་མཇལ་བ་ཙམ་གྱིས་ལས་སད་ནས། དགའ་སྤྲོ་སྐྱེས་ཏེ་ཕྱག་འཚལ་ནས་སྐྱེས་བུ་ཆེན་པོ་དགོངས་པ་གློད་པར་ཞུ་ཞུས་པས་ཅི་ཡང་མི་གསུང་ཞིང་མི་འགུལ་ལོ། །སང་ཉིན་ཕྱག་ཕུལ་ཏེ་ཞུས་པས། སྤྱན་གྱི་རྫི་མ་འགུལ་བ་ཙམ་བྱུང་། ཡང་དེའི་ཕྱི་ཉིན་ཞུས་པས། ཞལ་གྱི་དཀྱིལ་འཁོར་འགུལ་ཙམ། ཡང་དེའི་ཕྱི་ཉིན་ཞུས་པས། དེའི་ཞལ་ནས། ཀྱེ་མ་དུས་ཀྱི་བར་ཆོད་ཁྱེད་མིའམ་མི་མིན་ཅི་ཡི་རྐྱེན། ཞེས་གསུངས། རྟ་རྫིས། བདག་དམན་པའི་ལུས་ཅན། སྡུག་པའི་བློ་ཅན། གཞན་གྱིས་དབང་བྱས་པ་གཅིག་ལགས། ཞུས་པས། འོ་ན་ཁྱོད་ཀྱིས་བསྟན་པའི་ས་བོན་ནུས་སམ་གསུངས། བདག་ཀྱང་ཁྱེད་ཀྱི་རྗེས་སུ་ཞུ་ཞུས་པས། ས་བོན་ནུས་ན་གེགས་སུ་མི་རྩི་གསུངས་ནས། དག་པ་དྲང་སྲོང་གི་སྡོམ་པ་ཆིག་རྫོངས་སུ་གནང་སྟེ། མཚན་ཡང་ཁྲི་འབར་ཚུལ་ཁྲིམས་སུ་བཏགས་སོ། །དེའི་མཁན་བུ་ནི་འདན་མ་གཡག་སླག་ཅན་ཏེ་རྒྱལ་བ་གཙུག་ཕུད་དོ། །དེའི་མཁན་བུ་གྲུམ་བུ་ཤིང་སླག་ཅན་ཏེ་གཙུག་ཕུད་ཚུལ་ཁྲིམས་སོ། །དེའི་མཁན་བུ་ནི། རྣམ་དག་འདུལ་བའི་བསྟན་པའི་རྒྱལ་མཚན་ཆེན་པོ་བོན་ཆོས་ཀུན་ལ་སྒྲེང་མཛད། མདོ་སྨད་བླ་མ་ཡ་ཟི་ཁྲོམ་འབར་གྱི་སྲས། བླ་ཆེན་མུ་ཐུར་དགོངས་པ་རབ་གསལ་ལ་གནང་བའོ། །སྲིད་རྒྱུད་ལས། དམུ་ཙ་ཏྲ་ཧེའི་སྤྲུལ་བ་ནི། དྲང་སྲོང་ལུས་ལ་མཁྱེན་པ་ཅན། །ཡ་ཟི་བོན་བསྟན་ཞེས་ཀྱང་བྱ། །བར་དུ་མུ་ཐུར་དགོངས་པ་གསལ། །ཚུལ་མིང་ཤེས་རབ་ཚུལ་ཁྲིམས་ཅན། །སུམ་སྣང་རྨ་ཡི་བྲག་ལ་འབྱུང་། །ཞེས་གསུངས་སོ། །དེའི་མཁན་བུ་གཉོས་བཙུན་རིན་ཆེན་རྒྱལ་མཚན་ཞེས་པའོ། །དེའི་མཁན་བུ་ཀུན་དགའ་ཚུལ་ཁྲིམས། དེའི་མཁན་བུ་རིན་ཆེན་གཙུག་ཕུད། དེའི་མཁན་བུ་པྲ་ཕུད་ཚུལ་ཁྲིམས། དེའི་མཁན་བུ་ཚུལ་ཁྲིམས་ཡེ་ཤེས། དེའི་མཁན་བུ་ཤེར་བཙུན་གཡུང་དྲུང་པྲ་ཕུད། དེའི་མཁན་བུ་གཡུང་དྲུང་རྒྱལ་མཚན། དེའི་མཁན་བུ་འཚོ་བཙུན་ནམ་མཁའ་རྒྱལ་མཚན་དང་སློབ་དཔོན་གཡུང་བཙུན་ཇོ་གདུང་རྣམ་གཉིས་སོ། །དེ་གཉིས་ཀྱིས་མཁན་སློབ་མཛད་པའི་མཁན་བུ་ནི་དམ་པ་རི་ཁྲོད་པ་དང་། སུམ་སྟོན་ཚུལ་བློ་གཉིས་ཏེ། སྲིད་རྒྱུད་ལས། གསེར་ཐོག་ལྕེ་འབྱམས་སྤྲུལ་བ་ནི། །རྨེའུ་འདུལ་འཛིན་དམ་པའི་མཚན། །ཏིང་འཛིན་རྟོགས་པའི་ཤེས་རབ་ཅན། །བསྟན་པ་དར་རྒྱས་འཛིན་ཅིང་སྟོན། །ལེགས་ཏང་རྨང་པོའི་སྤྲུལ་བ་ནི། །སུམ་པའི་གདུང་འཛིན་ཚུལ་བློའི་མཚན། །ཞེས་གསུངས། དེ་ལས་འདུལ་བརྒྱུད་བྲུ་ཞུ་སྤ་གསུམ་དང་གཤེན་དང་བཞིང་གྱེས་སོ། །རྒྱས་པ་བསྟན་བྱུང་གཞན་ནས་ཤེས་པར་བྱ། འདིར་ས་གསུམ་ན་འགྲན་ཟླ་དང་བྲལ་བ་རྗེ་མཉམ་མེད་ཆེན་པོའི་འདུལ་བརྒྱུད་བྱུང་ཚུལ་ནི། དམ་པའི་མཁན་བུ་ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར། དེའི་མཁན་བུ་གཤེན་སྟོན་ནམ་མཁའ་རྒྱལ་མཚན། དེའི་མཁན་བུ་གཡོར་པོ་མེ་དཔལ། དེའི་མཁན་བུ་འ་ཞ་བློ་གྲོས་རྒྱལ་མཚན་དང་བྲུའི་རྒྱལ་སྲས་དམ་པ་དར་མ་རྒྱལ་མཚན་གཉིས། གོང་གི་དམ་པའི་མཆེད་གྲོགས་སུམ་སྟོན་ཚུལ་བློའི་མཁན་བུ་བྲུ་རྗེ་བཙུན་དང་མར་སྟོན་རྒྱལ་ལེགས་ཏེ་སྨན་གོང་བ་གཉིས། སྨན་གོང་བའི་མཁན་བུ་བ་ཐང་ཞང་སྟོན་བསོད་ནམས་དཔལ། དེའི་མཁན་བུ་སུམ་སྟོན་ལྷ་འབུམ། བྲུ་སྟོན་དར་མ་དང་སུམ་སྟོན་ལྷ་འབུམ་གཉིས་ཀྱིས་མཁན་སློབ་མཛད་པའི་མཁན་བུ་གཤེན་སྟོན་བློ་གྲོས་རྒྱལ་མཚན། དེའི་མཁན་བུ་གཤེན་སྟོན་ཡེ་ཤེས་བློ་གྲོས། དེའི་མཁན་བུ་སྨན་གོང་བ་འདུལ་བ་བློ་གྲོས། དེའི་མཁན་བུ་སྨན་གོང་བ་ཤེས་རབ་བློ་གྲོས། དེའི་མཁན་བུ་རྒྱ་རོང་བ་མཁར་སྣར་བཞུགས་པ་གཡུང་དྲུང་ཡེ་ཤེས། དེའི་མཁན་བུ་བྲུ་སྟོན་ཚུལ་ཁྲིམས་ཡེ་ཤེས་སོ། །དེའི་མཁན་བུ་སྙིགས་དུས་བསྟན་པའི་གསལ་བྱེད་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་བརྒྱུད་པའོ། །དེའང་བློ་ལྡན་གྱི་ཁ་བྱང་གསལ་བྱེད་ཉི་མའི་འཁོར་ལོ་ལས། སྟོང་རྒྱུང་སྤྲུལ་བ་ཤེས་རབ་རྒྱལ་མཚན་གྱིས། །དབུས་རིའི་དཀྱིལ་དུ་བསླབ་གསུམ་བསྟན་པ་འཛུགས། །ཞེས་གསུངས་སོ། །དེང་སང་གངས་རིའི་ཁྲོད་འདིར་སྟོན་པ་ཁྲི་གཙུག་རྒྱལ་བའི་རིང་ལུགས་རྣམ་དག་འདུལ་བའི་བསྟན་པ་ཇི་སྙེད་ཡོད་པ་རྣམས། རྗེ་རིན་པོ་ཆེ་མཉམ་མེད་འགྲོ་བའི་མགོན་པོ་ཤེས་རབ་རྒྱལ་མཚན་འདི་ཉིད་ཀྱི་རྗེས་སུ་འབྲིང་བ་ཤ་སྟག་ཡིན་ནོ། །
༧ དེའི་རྣམ་ཐར་མདོ་བསྡུས་ཙམ་བརྗོད་པ་ལ། སྐུ་ཡུལ་ཤར་ཕྱོགས་རྒྱལ་མོ་རོང་། ས་གནས་གབ་ཏོག་ཤ་བ་རིའི་འགྲམ། སྟེགས་སྐྱོགས་ཞེས་པར། ཡབ་དཔྲ་རིགས་ཀླུ་རྒྱལ་དང་ཡུམ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པ་མེ་ཕོ་སྤྲེལ་ལོར་དཔྱིད་ཟླ་སྟག་ཟླའི་ཡར་ཚེས་ལ་འཁྲུངས་སོ། །བལྟམས་པའི་ཚེ་ཡང་མེ་ཏོག་གི་ཆར་བབ། འཇའ་འོད་སྣ་ལྔའི་གུར་ཕུབ། ལས་དག་འགའ་ཞིག་གིས། སྤྲིན་གསེབ་འཇའ་འོད་ཀྱི་དཀྱིལ་ནས་ལྷ་དང་ལྷ་མོས་གར་སྟབས་བསྒྱུར་ཞིང་སྐུ་ཁྲུས་གསོལ་བ་སོགས་ངོ་མཚར་གྱི་ལྟས་དུ་མ་མཐོང་། མཚན་གཡུང་དྲུང་རྒྱལ་དུ་བཏགས་སོ། །ཆུང་ནས་ཡིག་འབྲུ་སུམ་ཅུ་མ་བསླབ་པར་མཁྱེན། ཡབ་ཀྱི་དྲུང་དུ་རྒྱུ་ཡི་བོན་རྣམས་ལ་སྦྱང་ཚུལ་མཛད། དགུང་ལོ་བཅུའི་སྟེང་དུ་མི་རྟག་ངེས་འབྱུང་གི་བློས་བསྐུལ་ཏེ། ཕྱ་བླ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ། བསྙེན་གནས་དགེ་བསྙེན་གཙང་གཙུག་གི་སྡོམ་པ་རྣམས་ཀརིམ་བཞིན་ཞུས་ཏེ། ཚུལ་མཚན་ཤེས་རབ་རྒྱལ་མཚན་དུ་གསོལ། དེ་ནས་བཟུང་ཤ་ཆང་སྒོག་བཙོང་སོགས་གཏན་དུ་སྤངས་ཤིང་བསླབ་བྱ་འགལ་མེད་དུ་བསྲུངས། དགེ་སྦྱོང་ཆབ་གཏོར་སོགས་ཆག་མེད་མཛད། དེའི་དུས་སུ། ཁྲོ་ཀློང་རྣམ་གསུམ་ཡར་མེ་བའི་བཀའ་རྟེན་རྣམས། མཛོད་རྩ་རྒྱུད་སོགས་གཞུང་ཆེན་རྣམས་དང་། གཞན་ཡང་བོན་སྤྱོད་སྐོར་བློ་འཛིན་མང་དུ་མཛད། བྷེ་དྲང་སྲོང་རིན་ཆེན་རྒྱལ་མཚན་གྱི་དྲུང་དུ། སེམས་བསྐྱེད་ཞུས། ཕར་ཕྱིན་གཞུང་སྲིད་པའི་མཛོད་ཕུག་སོགས་འ་ཞའི་དགོངས་འགྲེལ་ལྟར་ཚར་གཅིག་གསོན། གཞན་ཡང་བཀའ་རྟེན་སྐོར་ཅི་རིགས་ཞུས། དེ་ནས་བཀའ་སྐྱོང་སྲིད་རྒྱལ་གྱི་ལུང་བསྟན་བྱུང་སྟེ། གྲྭ་སར་ཕེབས་ཁར་ཡབ་ཡུམ་ལ་ལན་གཅིག་མཇལ་བ་ཞལ་གྱིས་བཞེས་ནས་བྱོན། མདོ་སྨད་འབྲི་ཆུ་གསེར་ལྡན་ཁར། རྗེ་བཙུན་བློ་བཟང་གྲགས་པ་དང་མཇལ་ནས་བསྟོད་ཚིག་ཤྭོ་ལོ་ཀ་རེ་ཕན་ཚུན་ཕུལ། དེ་ནས་ཚ་བ་སྒང་སྟོད་དུ་མཁས་གྲུབ་རིན་ཆེན་བློ་གྲོས་དང་མཇལ་ནས། ཕྱག་ཕྱིར་ལོ་དུ་མ་ཞིག་གཤེགས་ཏེ། བོན་སྒོ་ཕྱི་ནང་གསང་གསུམ་གྱི་རྒྱུད་ལུང་མང་དུ་གསན། དེའང་མཚན་ཉིད་སྡེ་ལྔ་ལས། མཛོད་ལ། སྲིད་པའི་མཛོད་ཕུགས་གསལ་རབ་འགྲེལ་བ། མཛོད་སྒྲ་འགྲེལ་སོགས་ཀྱི་འགྲེལ་བཤད་ཁྱད་པར་གཉོས་དང་འ་ཞའི་དགོངས་དོན་ཇི་ལྟ་བ་བཞིན་དུ་གསན། འབུམ་ལ་ཁམས་བརྒྱད་གཏན་ལ་ཕབ་པའི་བཤད་པ་རྨེའུ་མཁས་པ་དཔལ་ཆེན་གྱི་དགོངས་དོན་ལྟར་དང་། སྡུད་པ་ཚིགས་སུ་བཅད་པ་སོགས་འབུམ་སྡེ་མང་དུ་གསན། འདུལ་བ་ལ། པ་ཏི་ཀ མངོན་པ་སྡེ་བཞི། མདོ་རྩ་དུང་ཕུར་གསང་ལུང་སོགས་མང་དུ་གསན་ཞིང་ཁྱད་པར་འདུལ་བ་སྨད་ལུགས་ཀྱི་འཐོར་བུ་རྣམས་དང་། ཀུན་ལས་བཏུས་པ་མདོ་བསྡུས་སོགས་འདུལ་བའི་སྡེ་མང་དུ་གསན། མདོ་ལ། འདུས་པ་རིན་པོ་ཆེའི་མདོ་གཟེ་མིག་དཔལ་ཆེན་པོའི་དགོངས་པ་ལྟར་དང་། ཁྱད་པར་ཕྲིན་ལས་བཅོ་བརྒྱད་ཀྱི་བཤད་པ་སོགས་གཉོས་དང་འ་ཞའི་དགོངས་པ་ལྟར་དང་། གཞན་ཡང་བྱུང་ཁུངས་མདོ་དང་མདོ་ཕྲན་ཉེར་གཅིག་སོགས་མདོ་སྡེ་མང་དུ་གསན། དབུ་ཚད་ཀྱི་སྡེ་ལ། དབུ་མ་བདེན་གཉིས། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་མེ་ལོང་དགུ་སྐོར། འགྲོ་མགོན་བློ་གྲོས་ཀྱི་ཚད་མ་ཀུན་བཏུས་དང་། གཞོན་རྒྱལ་གྱི་ཚད་མ་རྣམ་འབྱེད། དབུ་མ་རྩོད་ཟློག གཏན་ཚིག་ཐིགས་པ་ལ་སོགས་རྒོལ་བ་སུན་འབྱིན་པའི་ལུང་དང་རིག་པའི་རྣམ་བཞག་མང་དུ་གསན། གཞན་ཡང་དྲང་དོན་མུན་སེལ་སྒྲོན་མེ། ངེས་དོན་ནམ་མཁའ་འཕྲུལ་མཛོད། མེ་སྟོན་ལམ་རིམ། མན་ངག་རིན་ཆེན་གཏེར་སྤུངས་སོགས་མང་དུ་གསན། གསང་སྔགས་ལ། རྩ་རྒྱུད་གསང་བ་བསེན་ཐུབ། ཞི་བ་ཀུན་སྣང་ཁྱབ་པ། ཕྲིན་ལས་གཡུང་དྲུང་ཡོངས་རྫོགས། ཁྲོ་བོ་དབང་ཆེན་བསྙེན་སྒྲུབ་མཆོང་དགུ་དང་བཅས་པ། དབལ་མོ་ལས་ཐིག་གི་སྐོར་སོགས་དང་། ཞི་བ་ཨ་གསལ་ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་པ། དྲག་པོ་སྐུ་རྫོགས་གེ་ཁོད་སྐོར་ཐོག་མདའི་སྐོར་ཛྭ་སྒྲུབ་སྐོར་དྲན་པ་གསང་སྒྲུབ་བསྟན་སྲུང་སྐོར་སོགས་དང་། སེམས་དོན་སྐོར་ལ། གབ་པ་དགུ་སྐོར། སེམས་ཕྲན་སྡེ་དགུ། སྙན་རྒྱུད་རྒྱལ་བའི་ཕྱག་ཁྲིད། སྒྲོན་གཟེར་མ་བུ་དང་བཅས་པ། གཅིག་བརྒྱུད་སྐོར་ལ། འོད་གསལ་གཅིག་རྒྱུད། ཉམས་གཅིག་རྒྱུད། རྩ་རླུང་གཅིག་རྒྱུད། འཕོ་བ་གཅིག་རྒྱུད། གེགས་སེལ་ལག་ལེན་དང་བཅས་པར་གསན། ཨ་ཁྲིད་རྒྱལ་པའི་ཕྱག་ཁྲིད་རྒྱབ་སྐྱོར་གེགས་སེལ་དང་བཅས། ཞི་གཅོད་ཀྱི་ཏིང་འཛིན་སྔ་འགྱུར་བོགས་འདོན་ལྷོ་བྱང་གཉིས་ཀྱི་བརྒྱུད་པ་དང་། ཞི་བ་ཉམས་ལེན་ལྔ་སྐོར། དམར་བྱང་ལ་སོགས་སེམས་ཕྱོགས་ཀྱི་བོན་སྡེ་མང་དུ་གསན། མཁས་གྲུབ་ཆེན་པོ་དེ་ཉིད་ཀྱིས་གདམ་ངག་ཐམས་ཅད་ཀྱི་མཛོད་སྒོ་ཕྱེས། མཁའ་འགྲོའི་སྲོག་སྙིང་བཏོན་ནས་གནང་། གདམ་ངག་ཁྱད་པར་ཅན་གྱི་ལྡེ་མིག་ལག་ཏུ་གཏད་དོ། །དབལ་བོན་ཆེན་པོ་མེ་སྟོན་ཀུན་བཟང་རྒྱལ་མཚན་གྱི་དྲུང་དུ། དབལ་ཕུར་ནག་པོའི་སྐོར་དང་། མཐའ་བཞི་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་ཚེ་དབང་གི་སྐོར། ཉག་རོང་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་སྤུ་གྲི་དམར་ནག་གི་སྐོར་དབང་ལུང་སྲུང་ཟློག་ལས་སྦྱོར་ལག་ལེན་དང་བཅས་གསན། བློ་གྲོས་ཁྲི་འོད་ཀྱི་དྲུང་དུ་རྣམ་པ་རྒྱལ་བའི་སྒྲུབ་སྐོར་ཆ་ལག་དང་བཅས་པ། ཝལ་ཝལ་ཤེས་རབ་རྒྱལ་མཚན་གྱི་དྲུང་དུ་དབལ་ཁྱུང་ནག་པོའི་སྐོར་གཞན་ཡང་གཉན་གྱི་སྐོར་སོགས་ལུང་དང་རྗེས་གནང་མ་ལུས་པ་གནང་། དེ་དག་ཀྱང་གསན་པ་ཙམ་མ་ཡིན་པར་གཡས་རུ་མཁར་རྣ་དང་བཀྲ་ཤིས་ཕྱུག་མོ་རི་སོགས་དབུས་གཙང་གི་གནས་ཆེན་རྣམས་སུ། ཉམས་ལེན་སྒོམ་སྒྲུབ་མཐར་ཕྱིན་པར་མཛད། དགུང་ལོ་སོ་གཅིག་གི་སྐབས་སུ་འདུ་གནས་ཆེན་པོ་དབེན་ས་ཁའི་སྒྲིག་ཏུ་ཞུགས། དབུས་ཀྱི་ན་ལེན་དྲར་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གི་སྤྱན་སྔར། ཕར་ཚད་འདུལ་མངོན་དབུ་སྡོམ་སོགས་ལ་ཐོས་བསམ་སྦྱངས་ཏེ། དཔལ་ལྡན་གསང་ཕུའི་བཤད་གྲྭར་གྲྭ་སྐོར་མཛད་ཅིང་། མཚན་ཉིད་རབ་འབྱམས་ཀྱི་མཚན་བཏགས་བཞེས། བྲུ་ཡི་མཁན་པོ་ཚུལ་ཁྲིམས་ཡེ་ཤེས་ཀྱི་གཙོས། དྲང་སྲོང་རྨ་མེད་བཅུ་ཕྲག་གི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ། དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་མིག་གི་འབྲས་བུ་བཞིན་དུ་བསྲུངས། དེ་ནས་བྲུ་ཡི་རྒྱལ་སྲས་རྣམ་གཉིས་ཀྱི་བླར་བཀུར་ཏེ་གཡས་རུ་དབེན་སའི་དབུ་རྩེ་དཀར་དམར་གྱི་གདན་སར་བཀོད། དེ་ནས་བཟུང་སྟེ་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་འགོད་ཆེད་ཕྱི་ནང་གསང་བའི་བོན་ལ་འཆད་ཉན་གྱི་དབུ་བཙུག་སྟེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད། སྐབས་དེར་སྔོན་ཡབ་ཡུམ་དང་མཇལ་བའི་ཞལ་བཞེས་ཡོད་པ་ཐུགས་ལ་ཕྲེང་སྟེ་མཁན་པོར་དགོངས་ཞུས་བྱས་ཏེ་སྐུ་ཡུལ་རྒྱ་རོང་བྱོན་སྐབས། ལས་དུས་རྐྱེན་ངན་གྱིས་དབེན་སའི་དགོན་ཆེན་འབྱུང་བས་འཇིག་པར་གྱུར་པ་དར་མདོར་གསན། དེའི་ཚེ་ཐུགས་ཆད་ནས་ལ་མོ་དབེན་སར། ཕྱ་སྲས་ཀེང་ཙེའི་བསྒྲུབ་པ་མཛད་ཚེ། བསྟན་པའི་བདག་པོར་གྱུར་པའི་རྟགས་སུ་ཉི་ཟླ་ཁོང་དུ་མིད་པ་སོགས་ལྟས་བཟང་པོ་ཤར། སྲིད་པ་རྒྱལ་མོས་ལུང་བསྟན་བྱུང་བས་བསྟན་པ་སླར་ཚུགས་པར་དགོངས་ཏེ་གཙང་དུ་ཕེབས། དབེན་ས་ཁའི་ཤུལ་ནས་ཁམས་ཆེན་གསེར་མཆོད་སོགས་རྟེན་སྐལ་མང་དུ་བླངས། དེ་ནས་གཡས་རུ་མཁར་སྣར་བྱོན་ནས། སྒྲུབ་པ་མང་བོ་མཛད། དེར་དབུ་སྐྲ་གཏོར་བ་ལས་སྐུ་ཤུག་འཁྲུངས། རྡོ་ལ་ཕྱག་གིས་ཀ་བྲིས་པ་དང་། མཁར་བསིལ་དང་ཞབས་ཀྱི་རྗེས་སོགས་བཀའ་རྟགས་དུ་མ་བཞག དགུང་ལོ་ལྔ་བཅུ་བཞེས་པའི་ཤིང་བྱའི་ལོར་ཡག་ཆེན་ཕུ་རུ་དགོན་པ་འདེབས་པའི་གྲབས་མཛད། དཔོན་སློབ་རྣམས་ས་ཆའི་གཟིགས་རྟོག་ལ་ཕེབས། དེ་སྐབས་གནས་དེར་རྣལ་འབྱོར་བ་གཉིས་བཞུགས་པ་འགྲོ་གྲབས་བྱེད་པ་ལ་རྗེ་ཡིས་བཞུགས་ཤིག་དང་ཇ་སྐོལ་གསུང་པ་ལ། ཁོང་གཉིས་ན་རེ། ཆུ་ཐག་རིང་ངོ་ཟེར། རྗེས་མཁར་བསིལ་བཙུགས་པའི་ཤུལ་ནས་ཆུ་མིག་རྡོལ་ཏེ་ཁོང་རྣམས་ངོ་མཚར་སྐྱེས་ནས་དེར་ཇ་སྐོལ། དབྱར་ཐོག་གཅིག་ཏུ་ཆར་ཐེར་ཕུབ་ནས་བཞུགས། ས་གའི་དུས་བཟང་ལ་སློབ་མ་རིན་ཆེན་རྒྱལ་མཚན་ལ། གཟན་ཟུར་དུ་རྡོ་གར་གང་ཁྱེར་ལ་མིག་བཙུམ་ལ། གོམ་པ་དགུ་རེའི་སར་རྡེའུ་རེ་ཞོག་ཅིག་གསུང་བཞིན་མཛད་པས། འུར་སྒྲ་ཆེན་པོ་བྱུང་བས་གཟིགས་པས། གྲྭ་ཤག་དྲུག་ཅུའི་རྟེན་འདྲེལ་དུ་གྱུར། རྗེའི་ཞལ་ནས། མིག་བཙུམ་ཏེ་རྡོ་དཀར་ཐམས་ཅད་བཀོད་གྲུབ་ན་སྔར་དབེན་སའི་འདུས་གྲྭ་ལས་ལྷག་པར་ཆགས་རྒྱུ་ལ་ཅུང་མ་འགྲིགས། ད་རྒྱ་ཆེར་མི་འགྲུབ་ཀྱང་རྒྱུན་རིང་བ་འོང་ཞེས་ལུང་བསྟན། དགོན་པ་ཡང་གཉིས་ཐོག་མཛད་པའི་ཞུ་བ་ཕུལ་ཡང་མ་གནང་། ངེད་རང་སྡེ་བའི་ལུགས་མི་བྱེད་བདེ་བདེ་སྐྱིད་སྐྱིད་འདྲ་བ་ཁོ་ན་མི་ཡོང་བྱ་བྲལ་གྱི་འཆད་ཉན་ཡིན་པས་བསླབ་གཉེར་བ་ཁོ་ན་གཅིག་དང་གཉིས་ཤོང་ཙམ་གྱི་ཁང་ཆུང་གིས་ཆོག གཞི་ཀ་རི་སྤུངས་པ་ལྷ་བུའི་ཡོན་བདག་བྱེད་མཁན་འདུག་ཀྱང་མི་དགོས་གསུངས་སོ། །དགོན་པ་བཞེངས་གྲུབ་ནས། དགོན་པའི་མཚན་ལ་བཀྲ་ཤིས་སྨན་རི་ཞེས་གསོལ། སྟོད་མངའ་རིས་ནས་སྨད་རྒྱ་ནག་ཡན་བུ་སློབ་སྤྲིན་བཞིན་འདུས། འདུལ་བའི་ལུང་དང་མཐུན་པར་ཕྱོགས་བཞིར་ཐོ་བརྩིས་ཏེ། དེའི་ཚུན་ཆད་མི་ནག་དང་སྐྱེས་དམན་འོང་མི་ཆོག་པ་དང་། ཚོགས་སུ་རབ་ཏུ་མ་བྱུང་བ་དང་། གདིང་ལྷུང་མེད་པར་གྲལ་ལ་འགྲོ་དབང་མེད་པ་སོགས། བཅའ་ཡིག་མི་འདྲ་བ་གསུམ་གྱི་བཀོད་པ་མཛད། ཟླ་རེ་བཞིན་ཡར་ངོ་ཐམས་ཅད་ལ་འཆད་ཉན་དང་། མར་ངོ་རྣམས་སུ་སྒྲུབ་པ་བཅུ་གཉིས་སོགས་ཀྱི་སྲོལ་བཏོད། ལེགས་བཤད་ལྗགས་རྩོམ་གྱི་རིགས་ཀྱང་། མཛོད་འགྲེལ་གསལ་བྱེད་འཕྲུལ་གྱི་སྒྲོན་མེ། ཐེག་རིམ་རྣམ་བཤད། ས་ལམ་རྩ་འགྲེལ། ཁམས་སྡུད་ཚིགས་བཅད་མའི་འགྲེལ་པ། འདུལ་བ་མདོར་བསྡུས་དང་ཀུན་བཏུས་གཉིས་ཀྱི་འགྲེལ་པ། འདུལ་བའི་ལས་ཆོག གསོ་སྦྱོང་འདུལ་ཕྱག་རྒྱས་བསྡུས་དབུ་མ་བདེན་གཉིས་ཀྱི་འགྲེལ་པ། ཚད་མ་རྣམ་འབྱེད་རྩ་འགྲེལ། དེ་རྣམས་ཀྱི་བསྡུས་དོན། ཐལ་ཕྲེང་སོགས། སྔགས་སེམས་སྐོར་ལ། བྱང་སེམས་གབ་འགྲེལ་གསལ་བྱེད་ཉི་མའི་དཀྱིལ་འཁོར། རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་དགོངས་དོན་གསང་དོན་རྣམ་འབྱེད། གཞན་ཡང་ཕྱི་ནང་གསང་བའི་བོན་སྡེ་སྒྲུབ་སྐོར་རྣམས་ཀྱི་ཕྱག་བཞེས་མངོན་རྟོགས་གཟུང་སྒྲུབ་ཆ་ལག་ཁ་སྐོང་རྒྱུད་ཕྱག་གསོལ་འདེབས། དབང་ཁྲིད་དཀྱིལ་འཁོར་ཐིག་རྩ་གྱེར་དབྱངས་གར་འཆམ་སོགས་བཀའ་རྟེན་བསམ་ལས་འདས་པ་ཞིག་བཀའ་དྲིན་དུ་བསྩལ། དམུ་གཤེན་ཉི་མ་རྒྱལ་མཚན་དང་རྫུ་འཕྲུལ་གྱི་རྩལ་འགྲན་སྐབས་བསྟན་པའི་ཆེ་བ་འདོན་ཕྱིར་ནམ་མཁའ་ལ་ལན་གཉིས་འཕུར་བའི་དབུ་ཞྭ་ཉི་མའི་ཟེར་གྱིས་ཚིག་པ། དེང་སང་དབུ་ཞྭ་མེ་དུག་མ་ཞེས་མཇལ་དུ་ཡོད་པ་དང་། བཀའ་སྐྱོང་མ་བདུད་བཙན་གསུམ་བྲན་བཞིན་དུ་འཁོར་ནས། ལས་ཐམས་ཅད་ཐོག་མེད་དུ་སྒྲུབ་པ་དང་། སྟོང་རྒྱུང་དང་དྲན་པ་སོགས་དངོས་སུ་ཞལ་མཇལ་ནས་ཕྱི་ནང་གསང་བའི་བོན་གྱི་མངའ་དབང་བསྐུར་ཞིང་། ལུང་སྟོན་མང་པོ་མཛད་པ་དང་། བོན་སྡེ་ཟབ་མོ་འགའ་ཞིག་སྙན་དུ་བརྒྱུད་པ་དང་།་ འདས་མ་འོང་གི་སྐྱེ་བ་མཁྱེན་པ་སོགས་གྲུབ་རྟགས་བསམ་གྱིས་མི་ཁྱབ་པ་མངའོ། །དེ་ནས་དགུང་ལོ་དྲུག་ཅུ་བཞེས་པའི་ཤིང་ལུག་ལོར་རྗེ་ཉིད་ཀྱི་ཞལ་སློབ་ཐུགས་སྲས་ཉི་ཟླ་ལྟ་བུ་གཉིས་དང་། མཆོག་ཆེན་དམ་པ་བཅུ་སྨིན་གྲོལ་ནུས་པ་བརྒྱ་སྡོམ་ཁྲིམས་ཕོག་པའི་སློབ་མ་ཁྲི་ཕྲག་ལས་བརྒལ་བ་ཡོད་ཀྱང་། ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་ཐུགས་སྲས་རིན་ཆེན་རྒྱལ་མཚན་གདན་སར་རྒྱལ་འཚབ་ཏུ་བཀོད། ཕྱི་ནང་གསང་བའི་ཞལ་གདམ་དང་ལུང་བསྟན་རྒྱས་པར་གནང་། དེ་ནས་དབྱར་ཐོག་ཏུ་གཏེར་ཆུའི་ཁར་ཁྲ་ཐེར་ཕུབ་སྟེ་ཉིན་མོར་རྗེས་འཛིན་གྲ་སློབ་དང་ནུབ་མོ་མི་མ་ཡིན་དུ་མ་ལ་བོན་གྱི་འཁོར་ལོ་བསྐོར་ཏེ། ཞལ་ནས། སྔོན་རྗེ་བཙུན་ཡང་མེ་བ་ཡང་བོན་འཆད་པའི་ངང་ནས་སྐུ་ཞི་བར་གཤེགས་པ་ཡིན། བདག་ཀྱང་དེ་བཞིན་བྱེད་པ་ཡིན་གསུངས་ཏེ། དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ། ནུབ་ཕྱོགས་ནས་འཇའ་ཚོན་སྣ་ལྔའི་འོད་ལམ་ཞིག་གཟིམ་གུར་རྩེ་མོར་ཟུག་པ་སོགས་ངོ་མཚར་བའི་ལྟས་དང་བཅས་དགོངས་པ་དབྱིངས་སུ་གཤེགས་སོ། །དེ་ནས་ཕྱི་ལོ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་གདུང་སྲེག་ལས་བཞི་རྒྱུན་ལྔ་ཀློང་རྒྱས་བཅས་པའི་གཞུང་སྲང་སྟེ། སྐུ་གདུང་ཞུགས་ལ་བཞེན་པས། ཕྱོགས་ཀུན་ནས་འཇའ་ཚོན་གྱི་གུར་ཕུབ། ནུབ་ཕྱོགས་འཇའ་འོད་ཀྱི་ལམ་ནས་བྱ་རྒོད་ཅིག་བྱོན་ཏེ་མཁའ་ལ་ལྡིང་བསྐོར་མཛད་ནས། སླར་ནུབ་ཕྱོགས་སུ་གཤེགས། དེའི་ཚེ་རྒྱལ་འཚབ་ཀྱི༤ས་ཞལ་དངོས་སུ་མཇལ་ནས་ཆོ་འཕྲུལ་ཟླ་བའི་ཚེས་ལྔ་ལ་བོད་ཀྱི་འགྲོ་དོན་ལ་ལན་རེ་འབྱོན་པར་ཞལ་གྱིས་བཞེས་སོ། །རྗེས་སུ་དད་པའི་གདུང་རྟེན་དུ་སྐུ་རྟེན་ཀུན་བཟང་གི་སྐུ། གསུང་རྟེན་ཤེས་རབ་སྨྲ་སེང་གི་སྐུ་དང་ཡིག་འབྲུ་ཨ་ཨཱོྃ་ཧཱུྃཿ སོགས་ཡིག་འབྲུ་སྣ་ཚོགས། ཐུགས་རྟེན་ཤ་རི་རམ་ཆེ་བ་ལྕོ་གའི་སྒོ་ང་ཙམ་གསུམ། འབྲིང་སྲན་འབྲུ་ཙམ་བདུན། ཆུང་བ་ཉུང་འབྲུ་ཙམ་མང་དུ་བྱུང་བ་ལ། རྟེན་ཁྲུས་གསོལ་ཚེ་ཆེ་བ་གཅིག་སྒྲ་འོད་དང་བཅས་ལྷ་ཡུལ་དང་། གཅིག་ཀླུ་ཡུལ་དུ་གཤེགས། གཅིག་ཕྱོགས་མཚམས་ཀུན་ཏུ་འཕར་ཏེ་རྡོ་བ་ཞིག་གི་སྟེང་དུ་བབ་པ་ལ་རྡོ་ཐོག་ཏུ་རྒྱལ་ཚབ་ཀྱི་ཕྱག་གིས་བརྡེག་པས་རྡོ་ནང་དུ་ཤ་རི་རམ་འཛུལ་ཞིང་རྒྱལ་འཚབ་ཕྱག་རྗེས་ཀྱང་རྡོ་ལ་བཀྲ་བར་བྱུང་། ད་ལྟ་གསེར་གདུང་ནང་དུ་བཞུགས་སོ། ། སྨྲས་པ།
ཕྱོགས་དུས་རྒྱལ་བའི་ངོ་བོ་གཅིག་བསྡུས་གར། །
གངས་ཅན་བསླབ་གསུམ་བསྟན་པའི་མགོན་མཆོག་ཏུ། །
ཚད་ལྡན་ལུང་གིས་བསྟོད་བསྔགས་ཡུལ་གྱི་ཕུལ། །
ཤེས་རབ་རྒྱལ་མཚན་སྲིད་ཞིའི་བླ་ན་མཐོ། །
དུས་གསུམ་རྒྱལ་བའི་མཁྱེན་རབ་ཕྱོགས་བརྒྱའི་ཀླུང་།།
མ་ལུས་གཅིག་བསྡུས་གསང་གསུམ་ཡོན་ཏན་མཛོད། །
གཏིང་དཔག་དཀའ་ཡང་ཆ་ཤས་ཐིག་ཕྲེང་ཙམ།
།འདི་བཀོད་བསོད་ནམས་སྐལ་བཟང་དད་པའི་གསོས། །
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
༼མུ་ཁྲི་བཙན་པོ༽སྤྱི་དེབ་བཞི་བ་ལས་བཤུས།