ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> ཚད་མ་རིག་པའི་ཕུགས་ཐག་མངོན་པར་རིང་བ།
ཚད་མ་རིག་པའི་ཕུགས་ཐག་མངོན་པར་རིང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མང་སྤྲུལ་དགེ་བཤེས་བསོད་ནམས་གཡུང་དྲུང་།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

རྟག་གཟིགས་རྒྱ་ཞང་ཞིང་མཆོག་ལྷ་ལམ་ངོགས། ། ལྔ་རིག་སྣང་བའི་འོད་སྟོང་གཡོ་བའི་དཔལ། །
ལོ་པཎ་དྲིན་ཆེན་སྲིད་པའི་མིག་གྱུར་ཚོགས། ། དད་གསུམ་གུས་བརྒྱས་སྙིང་གི་པད་མཚོར་རོལ། །
ཐེག་གསུམ་དོན་སྟོན་བཀའ་ལུང་སྐྱེད་ཚལ་དུ། ། ཟབ་དོན་ལྟ་བའི་པད་མོ་བཞད་བྱེད་པའི། །
ཚད་རིག་ཉི་གཞོན་འོད་སྣང་བསུ་བའི་གཉེན། ། དཔྱད་རྩོམ་སྐྱ་རེངས་མཛེས་དགུའི་གར་ལ་བྲེལ། །

      ཞེས་བསྟོད་པའི་ཚིག་གིས་མདུན་ནས་བསུས་ཏེ་སྐབས་འདིར་གླེང་བར་བྱ་བ་ནི། རིག་པའི་གནས་ཆེན་ལྔ་ཡི་ཡ་གྱལ་ཚད་མ་རིག་པའི་གཞུང་ལ་བཀའ་དང་བསྟན་བཅོས་རྒྱ་ཆེ་གཏིང་ཟབ་ཞིག་ཡོད་པ་སྨོས་མེད་ཡིན་ཡང་། དེ་དག་བྱུང་རིམ་གྱི་གསུང་འགྲོས་ལ། མཁས་པ་ཁག་གི་དགོངས་བཞེད་མི་མཐུན་པའི་དཔྱད་རྩོམ་འདྲ་མིན་ཞིག་ཡོད་པ་དེ་དག་ཀུན་དང་མཐུན་པ་ཞིག་ཞུ་ཐབས་དཀའ་ནའང་། ༧རྗེ་མཉམ་མེད་ཆེན་པོའི་ཞལ་ནས། མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད། དེས་ན་རྩོད་དང་རྩོད་སྤོང་རེ་ཞིག་བཞག་ཅེས་གསུང་དོན་ལྟར། ད་ལན་ཁོ་བོས་རང་བས་དམན་ལ་ཕན་སེམས་ཀྱི་ཀུན་སློང་གཙོ་བོར་བཟུང་སྟེ་དེ་དོན་ལ་ཅུང་ཟད་འཆད་པར་མོས་སོ། ། ལོ་རྒྱུས་ཀྱི་གནད་དོན་གང་འདྲ་ཞིག་ཡིན་ཡང་ཁུངས་ལུང་དང་འབྲེལ་ཏེ་བཤད་དགོས་ཏེ། ཡེ་ཁྲི་མཐའ་སེལ་ལས། སྤྱི་ཁོག་ལོ་རྒྱུས་དོན་གྱིས་འཆད། ལས་ཅན་ཡིད་ཆེས་སྐྱེད་ཕྱིར་རོ། ། ཞེས་གསུངས་པ་ལྟར།

      ལོ་རྒྱུས་གང་ཡིན་རུང་ལུང་རིགས་གཤོག་ཟུང་ལ་བརྟེན་ནས་བཤད་ན། དོན་གནད་ལྷ་ལམ་གྱི་མཐའ་རྒྱ་ཆོད་པ་སོམ་ཉི་དང་བྲལ་བར་བརྟེན། བོན་གྱི་བཀའ་ལུང་ཁག་ཏུ་ཚད་མའི་གཞུང་དོན་ཇི་ལྟར་ཡོད་པ་རྣམས་ལ་རིག་པས་ཅུང་ཟད་དཔྱད་དེ་ཞུས་ན། སྤྱིར་རང་ཅག་ནང་པའི་བསྟན་པ་ལ་སྤྱོད་པའི་གྲུབ་མཐའི་ཐེག་པ་གོང་འོག་གང་ཡིན་ཡང་། ཟབ་མོ་ལྟ་བའི་མདོ་དོན་གཏན་ལ་ཕབ་བྱེད་མེད་ན་མི་རུང་བ་ནི་ཚད་མ་རིག་པ་ཞེས་ཡོངས་སུ་གྲགས་པ་འདི་ཉིན་ཡིན་ལ། དེ་ཡང་། གཏན་ཚིགས་སྒྲུབ་ངག་སུན་འབྱིན་ཡང་དག་སོགས་བརྗོད་བྱའི་གཙོ་བོར་སྟོན་པའི་བཀའ་དང་བསྟན་བཅོས་རྣམས་ཀྱི་གཞུང་དོན། ཚད་མ་ལ་ལོག་རྟོག་སེལ་བའི་གྲངས་ངེས་ནི། མངོན་སུམ་དང་རྗེས་དཔག་གཉིས་ཏེ། གཞལ་བྱ་མངོན་གྱུར་ལ་ལྟོས་ཏེ་མངོན་སུམ་དང་། ལྐོག་གྱུར་ལ་ལྟོས་ཏེ་རྗེས་དཔག་ཚད་མ་གཉིས་སུ་འབྱུང་ཞིང་། གྲུབ་མཐའི་ལྟ་བའམ་བདག་གཉིས་ཀྱིས་དབེན་པའི་གནས་ལུགས་སྟོང་པ་ཉིད་གཏན་ལ་ཕབ་དགོས་ཤིང་། དེ་ནི་ཅུང་ཟད་ལྐོག་གྱུར་ཡིན་སྟབས། རང་ཉིད་ཐོག་མར་རྟོགས་པའི་ཚེ་ངེས་པར་དུ་རྟགས་ཡང་དག་ལ་བརྟེན་ནས་རྟོགས་དགོས་པའི་རིགས་ཡིན་པས། དེ་བསྒྲུབ་པར་བྱེད་པ་ལ་ཚུལ་གསུམ་ཚང་བའི་རིགས་པ་ཡང་དག་དགོས་ཤིང་། དེ་ནི་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་བསྟེན་ནས་ཚད་མའི་གཞུང་ལ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་སྒྲུབ་ཚུལ་མཐུན་བྱས་པ་ལ་རག་ལས་ཡོད་སྟབས། དེ་དག་གི་སྲོལ་རྒྱུན་བཟང་པོ་འདི་ནི། སྤྱི་འགྲོས་ཀྱི་དབང་དུ་བྱས་ན་ཡས་མར་གྱི་མཐའ་འདི་ཞེས་ཚད་བཟུང་བ་དཀའ་ཡང་། ད་ལྟའི་རྩོད་ལྡན་ཚེ་ལོ་བརྒྱ་བའི་དུས་ཀྱི་བསྟན་པ་འདི་ཉིད་ཀྱི་དབང་དུ་བྱས་ནས་བཤད་ན། རྟག་གཟིགས་དང་ཞང་བོད་དུ་དར་ཚུལ་གཉིས་ཏེ། དང་པོ། རྟག་གཟིགས་འོལ་མོ་ལུང་རིང་དུ། སྟོན་པ་གཤེན་རབ་མི་བོས། མི་ལོ་གཅིག་ཁྲིའི་སྔོན་ནས། ཞུ་འཁོར་གཤེན་བརྒྱད་དང་། འཁོར་གཤེན་ཕྲན་ལྔ་སྟོང་ལྔ་བརྒྱ་སོགས་ལ་གསུངས། དེ་ཡང་ཐོག་མར་བར་ལྷ་འོད་གསལ་གྱི་གནས་སུ་སྤྱི་རྗེ་ཁྱུང་ལ་བརྟེན་ནས་ཡེ་མཁྱེན་སྒྲ་བླའི་རྒྱལ་པོའི་སྐུ་རུ་བཞེངས་ཏེ་སྒྲ་རིག་པ་བསྙན། དེ་རྗེས་སོག་ཀ་བོན་གྱི་འབྱུང་གནས་རྟག་གཟིགས་འོལ་མོ་ལུང་རིང་གི་གཡུང་དྲུང་དགུ་རྩེགས་རི་ཡི་རྩེ་མོ་རུ་སྟོན་པ་གཤེན་རབ་མི་བོས་གསུངས་པ་སྟེ། ཞུ་ཉི་མ་གྲགས་པའི་སྒྲ་ཡི་དོན་སྡེབས་སྣང་གསལ་སྒྲོན་མེ་༤ལས་གཡུང་དྲུང་ལྷ་སྐད་ཅེས་པའི་འགྲེལ་གྱི་སྐབས། ལྷ་ཞེས་བྱ་བ་ནི། དམུ་གཤེན་གྱི་གདུང་ལས་ཆད་ཅིང་བྱིན་གྱིས་རླབས་ཏེ། ལྷོ་འཛམ་བུ་གླིང་གི་དམིགས། སོག་ཀ་བོན་གྱི་འབྱུང་གནས། གནས་མཆོག་འོལ་མོ་ལུང་རིང་གི་རྒྱལ་ས་གླིང་བརྒྱད་ཀྱི་དབུས། གཡུང་དྲུང་དགུ་རྩེགས་ཀྱི་རྩེ་ལ་མི་ཡི་སྟོན་པ་མཛད་ནས། དབང་ཆེན་ཀུན་གྱི་སྤྱི་རྗེ་རུ་བྱོན་པས་ལྷ་ཞེས་བྱའོ། ། ཞེས་དང་། ཁྱུང་སྤྲུལ་རིན་པོ་ཆེའི་དགོས་འབྱུང་ནོར་བུ་གཏེར་༢༤ལས། ལྷ་མི་སྲིད་གསུམ་མི་མཇེད་སྲིད་དཔལ་ཆེ། རྫོགས་སངས་རྒྱས་མཆོག་གཤེན་རབ་ཆེན་པོ་ཡིས། དགུ་རྩེགས་རི་བོའི་རྩེ་རུ་བཏན་ཕབ་པའི་སྒྲ་སྐད་སུམ་བརྒྱ་དྲུག་ཅུ་ལ་དོན་ལྔ། སྒྲ་སྐད་སམ་བརྒྱ་དྲུག་ཅུ་ལ་དོན་ལྔ། སྒྲ་དང་སྒྲ་མཐུན་སྒྲ་སྐད་སྒྲ་བསྒྱུར་དང་། སྒྲ་ཚད་དང་ལྔ་སྒྲ་ནི་ཐོག་མ་རུ། ཞེས་དང་བྱམས་མ་ལས། གཡུང་དྲུང་བོན་གྱི་འཁོར་ལོ་ལ། སྒོ་བཞི་མཛོད་ལྔ་བསྐོར་བའི་ཚེ། ཕྱི་རིག་ནང་རིག་སྒྲ་ཡི་རིག བཟོ་རིགས་གསོ་རིག་གཏན་ཚིག་རིག རིག་པའི་རིག་བྱེད་དྲུག་ཅུའི་ཚོགས། ཞེས་གསུངས་པའི་ཕྱིར། དེའི་སྐབས་འཆད་རྩོད་རྩོམ་གསུམ་གྱི་སྲོལ་ཡང་ཡོད་དེ། མདོ་དྲི་མེད་ལས། འཆད་པས་མི་ནུབ་བསྟན་པའི་རྒྱལ་མཚན་འཛུགས། རྩོད་པས་བསྟན་པའི་རུ་དར་མཁའ་ལ་ཕྱར། རྩོམ་པས་བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས། དེ་གསུམ་ཟུང་འབྲེལ་བསྟན་པའི་རྒྱལ་མཚན་ནོ། ། ཞེས་དང་། ཡང་དེ་ཉིད་ལས། འཆད་པས་སེམས་ཅན་བློ་ཡི་ཤེས་རྒྱུད་བཀྲོལ། རྩོད་པས་མཚན་མ་ཚིག་གི་སྒྲོ་འདོགས་གཅོད། རྩོམ་པས་གང་ཞིག་འཇུག་པའི་ལམ་སྒོ་དབྱེ། ཞེས་སོགས་གསུངས་པའི་ཕྱིར། དེ་ལྟར་གྱི་སྒྲ་རིག་པ་ལ་སྡེ་སྣོད་གཉིས་ལས། དང་པོ་ལ་འབུམ་སྡེ་གསུམ་དུ་ཡོད་པ་ནི། ལྷ་སྲིན་གྱི་འཁྲུགས་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ་ཡིན་ལ། སྣོད་ཀྱང་གཉིས་ཏེ། སྒྲ་ནི་རྨ་ལོ་དང་། ཚད་མ་གཡུ་ལོ་ལ་གཉེར་དུ་གཏད་པའོ། །

      འོ་ན་དེ་འདྲའི་ཚད་མ་རིག་པ་དེ་ལུང་གིས་ཇི་ལྟར་གྲུབ་ཅེ་ན། སྒྲ་རིག་པའི་འབུམ་སྡེ་གསུམ་གྱི་ནང་ཚན། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ་དང་། ཚད་མ་སྡེ་བདུན་མདོ། གཞི་ཡེ་སངས་རྒྱས་པའི་རྒྱུད། ཐེག་རིམ་རྩ་འགྲེལ་སོགས་ལས་རྒྱས་པར་བསྟན་ཡོད་ལ། གོང་གི་སྡེ་བདུན་ཇི་ལྟར་ཞེ་ན། འགྲོ་འདུལ་སྲས་སྤྲུལ་གྱི་མདོ་ལས། ཚད་གསུམ་ཟུང་འབྲེལ་བོན་སྡེ་བདུན། དྲི་བ་རྟགས་གསལ་སྒྲོན་མེའི་སྡེ། འགལ་བ་མི་མཐུན་སྤ་པའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ། ཞེས་པའི་རྣམས་ཡིན་ཞིང་། ལུང་འདིས། རྒོལ་དང་ཕྱི་རྒོལ་དཔང་པོ་སོགས་ཀྱི་བྱ་བྱེད་ཡོངས་རྫོགས་བསྟན་ཡོད་དེ། དམ་བཅའ་དང་། སྒྲུབ་བྱེད། སྐྱོན་སྤོང་། དྲི་བ། སུན་འབྱིན། ཤན་འབྱེད་སོགས་མཐའ་དོན་རྩོད་པའི་དགོས་པའམ་འབྲས་བུ་བཅས་ཆ་ཚང་བསྟན་ཡོད། གོང་གི་གཞན་རྣམས་ཀྱིས་ཀྱང་རིམ་བཞིན་འདི་ལྟར་ཏེ། གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན། ཞུག་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། ཞུག་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་། འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས། ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། ཞེས་པས་ཚུལ་གསུམ་དཔེ་དང་བཅས་པ་བསྟན་ཡོད་པ་དང་།

      གཞན་ཡང་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས། དོན་ལྔ་རྣམ་པར་བཞག་པའི་ཚད་མ་ཡིས། དོན་དམ་ཀུན་རྫོབ་གཉིས་འཇལ་ཤེས་པ་དེས། བོན་རྣམས་བདག་མེད་སྤྲོས་དང་བྲལ་བར་ལྟ། ཞེས་པའི་དོན་ལྔ་ནི། རྟགས་ཡང་དག་གི་བོན་ཅན་གྱི་དོན་དང་། སྒྲུབ་བྱའི་དོན། དགག་བྱའི་དོན། གཏན་ཚིགས་ཀྱི་དོན། དཔེ་ཡི་དོན་དང་ལྔ་བསྟན་པ་ཡིན་ཏེ། དེའི་འགྲེལ་མེ་ལོང་དགུ་སྐོར་༼༧༨༽ལས། དོན་ལྔ་ཁྱད་པར་རྣམ་པར་བཞག་པའི་ཚད་མས་མཚན་མའི་སྤྲོས་པ་ཐམས་ཅད་ཡོངས་སུ་བཅད་ནས། དོན་དམ་བདེན་པ་གཏན་ལ་འབེབས་ཏེ། ལྔ་གང་ཞེ་ན། བོན་ཅན་གྱི་དོན་དང་། དགག་བྱའི་དོན་དང་། བསྒྲུབ་བྱའི་དོན་དང་། གཏན་ཚིགས་ཀྱི་དོན་དང་། དཔེ་ཡི་དོན་ནོ། ། ཞེས་སོ། ། བན་ལུགས་ལྟར་ན། ཆོས་ཅན་དང་། བསྒྲུབ་བྱའི་ཆོས་དགག་བྱའི་ཆོས། རྟགས་སམ་གཏན་ཚིགས། མཐུན་དཔེ་སོགས་དང་། ཐ་སྙད་ཙམ་ལས། དོན་མཐུན་དུ་གྲུབ་ཡོད། ཡང་དེ་ཉིད་༼༩༨༽ལས། མཐུན་ཕྱོགས་ཁོ་ན་ལ་ཡོད་པས་འགལ་བའི་སྐྱོན་མེད་ལ། མི་མཐུན་ཕྱོགས་སུ་མེད་པས། མ་ངེས་པའི་སྐྱོན་མེད་དོ། ། ཞེས་པས། རྟགས་ལྟར་སྣང་གི་དབྱེ་བ་གསུམ་པོ་ཡང་བསྟན་པ་ཡིན་ཏེ། འགལ་དང་མ་ངེས་གཉིས་དངོས་སུ་བསྟན་ཞིང་མ་གྲུབ་པའི་རྟགས་ཤུགས་ལ་བསྟན་པ་ཡིན། དེ་ལ་ཁ་ཅིག་ན་རེ། ལུང་དེ་རྣམས་ཀྱི་ཚིགས་ཟིན་ལ་དེ་ཙམ་ཡོད་ཀྱང་། དེ་དག་ལ་འཆད་རྩོད་བྱེད་པའི་གང་ཟག་མེད་ན་ཅི་བྱ་སྟེ། དཔེར་ན་གསེར་རྡོ་བཞིན་བཞུ་བཏུལ་མ་བྱས་ན་རྡོ་ཡི་རང་བཞིན་ལས་མ་འདས་པ་ལྟར་ཡིན་ནོ་ཞེ་ན། དེ་ལྟར་ག་ལ་འགྱུར་ཏེ། སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཉིད་ཀྱིས་སེམས་ཅན་མ་སྨིན་པ་རྣམས་སྨིན། སྨིན་པ་གྲོལ། གྲོལ་བ་མཐར་ཕྱིན་པར་མཛད་དེ་འཁོར་གྱི་དམ་པ་ཡེ་གཤེན་གཡུང་དྲུང་སེམས་དཔའ་སུམ་བརྒྱ་དྲུག་ཅུ་དང་། ཡེ་གཤེན་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་སོགས་སེམས་དཔའ་གྲངས་མེད་ཡོད་པ་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་སོགས་བཀའ་ལུང་དུ་མ་ལས་གསལ་བ་མངོན་སུམ་གྱི་ཡུལ་དུ་གྱུར་ཡོད་སྟབས། སེམས་དཔའ་དེ་དག་ལ་ལམ་གཞན་སྟོབས་ཀྱིས་སྐྱེས་པ་ཤ་སྟག་ཡིན་པ་སུས་ཀྱང་ཁས་ལེན་མི་ནུས་པས། དེ་དག་གིས་འཆད་རྩོད་སྒོམ་སྒྲུབ་ཚུལ་མཐུན་གནང་སྟེ། རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་སྐྱེས་ཏེ་མཐར་ཐུག་གི་འབྲས་བུ་མངོན་དུ་འགྲུབ་པ་ལུང་རིགས་གཉིས་ཀས་གྲུབ་པ་ལ་སུས་ཀྱང་བསྙོན་མེད་དོ། །

      གཉིས་པ། ཞང་བོད་དུ་དར་ཚུལ་ལ། དེ་ནས་གདུང་སོབ་མུ་ཆོས་ལོ་ཙྭ་བ་དྲུག་ལ་བརྒྱུད་དེ། ཞང་ཞུང་དང་། སུམ་པ། རྒྱ་གར། རྒྱ་ནག་སོགས་ལ་རིམ་བཞིན། འཛམ་གླིང་མཁས་པའི་རྒྱན་དྲུག་དང་ལོ་པཎ་མཁས་པ་མི་བཞི། སྙ་ཆེན་ལི་ཤུ་སྟག་རིང་། ལོ་པཎ་ཤ་རི་དབུ་ཆེན། བླ་ཆེན་དྲན་པ་ནམ་མཁའ་སོགས། རིག་འཛིན་ལོ་པཎ་རྣམས་ཀྱིས་རང་རང་གི་སྐད་དུ་བསྒྱུར་ཏེ། འཆད་རྩོད་ཀྱི་སྲོལ་དང་ལྡན་པའི་གནས་སྡེ་ཆེན་པོ་དུ་མ་ཡང་ཚུགས་ཤིང་ཕྱོགས་ཀུན་ཏུ་དར་ཁྱབ་བྱུང་ཡོད་དེ། བྱམས་མ་ལས། མུ་ཁྲི་བཙད་པོས་བསླབ་པས་དོན་གོ་སྒྲུབ་པས་དོན་གྲུབ། བསྒོམས་པས་དོན་རྟོགས་ནས། རྟག་གཟིགས་ལ་སོགས་འཛམ་བུ་གླིང་གི་ལོ་ཙཱས་བསྒྱུར། ཞང་ཞུང་ནས་མཁས་པ་བརྒྱ་རྩ་གདན་དྲངས། བོད་དུ་བོན་གྱི་འདུ་གནས་བཞི་བཅུ་རྩ་ལྔ་ཙམ་བཙུགས། ཞེས་དང་། སྲིད་པའི་མཛོད་ཕུག་ལས། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། བོད་ཤ་རི་དབུ་ཆེན་གཉིས་ཀྱིས་ཡུལ་བོད་དང་ཞང་ཞུང་གི་རུ་མཚམས། བྱེ་མ་ལ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་མགོ་བོར། གཤེན་རབ་མི་བོའི་བཀའ་གཞུང་ལས་བོད་དང་ཞང་ཞུང་གི་ཚིག་ཚོགས་བསྡེབས་ནས་སྣང་སྲིད་གཏན་ལ་ཕབ་པ་རྫོགས་སོ། ། ཞེས་དང་། བདལ་འབུམ་ལས། ཡུལ་བྱ་མ་ལ་གཡུང་དྲུང་ཚལ་དུ་ཞང་ཞུང་སྟོང་རྒྱུང་མཐུན་ཆེན་གྱིས་༼ཤིང་འབྲུག་སྤྱི་ལོའི་སྔོན་༩༧༦བལྟམས༽བོད་ཤ་རི་དབུ་ཆེན་ལ་བོན་ཁྲི་སྡེ་བཤད་ཅིང་བསྒྱུར། ཞེས་དང་། མཛོད་སྒྲ་འགྲེལ་ལས། ཡུལ་བྱེ་མ་ལ་གཡུང་དྲུང་མཁར་གད་ཀྱི་བྱི་བ་མཁར། དཔོན་གསས་མཁས་པ་མི་བཞི་བཀའ་བགྲོས་ནས། ཞང་ཞུང་ནས་བོད་དུ་བསྒྱུར་བའི་དུས་སུ་ལོ་པཎ་བྱད་དང་མེ་ལོང་གི་ཚུལ་དུ་བསྡེབས་སོ། ། ལྡེ་མིག་འདི་ནི་བོད་དང་ཞང་ཞུང་ཁོ་ནའི་བསྡེབས་ལུགས་སོ། ། ཞེས་དང་། ལེགས་བཤད་མཛོད་༼༡༥༠༽ལས། མདོ་འདུས་དང་ཉི་སྒྲོན་མཐུན་པར། གདུང་སོབ་མུ་ཆོས་ཤེས་པའི་རྒྱུད་སྦྱངས་ཤིང་། མཁས་པ་ཕུལ་དུ་ཕྱིན་པའི་ལོ་ཙྭ་བ་རྫུ་འཕྲུལ་གྱི་ཞབས་དང་ལྡན་པ་སྟག་གཟིག་གི་ལོ་ཙྭ་བ་མུ་ཙ་ཏྲ་ཧེར་པོ། ཞང་ཞུང་ལ་ཁྲི་ཐོ་སྤ་ཙ། སུམ་པ་ལ་གུ་ཧུ་ལི་ལེགས། རྒྱ་གར་ལྷ་བདག་སྔགས་དྲོ། རྒྱ་ནག་ལེགས་ཏང་རྨང་པོ། ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་དང་དྲུག་གོ ཞེས་གསུངས་པའི་ཕྱིར་དང་། དེ་ནས་རིམ་བཞིན་བོད་སོགས་ལ་དར་ཁྱབ་བྱུང་བ་སྟེ། དེ་ཉིད་༡༥༡ལས། གསེར་ཐོག་ལྕེ་འབྱམས་ཀྱིས། གེ་སར་རྔམ་པ་ལྕེ་རིང་། སུམ་པ་མུ་སྤུངས་གསལ་སྟོང་། བོད་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཙ་མཁར་བུ་རྣམས་ལ་བརྒྱུད་དེ། རང་རང་གི་སྐད་ལ་བསྒྱུར་ནས་དར་རོ། ། ཞེས་པ་སོགས་ཀྱིས་བསྟན་ཡོད་པ་མ་ཟད།

      སྤྱི་ལོའི་སྔོན་ལོ་གྲངས་༨༨༩ནས་༧༠༠བར་གྱི་རིང་ལ། རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱི་དུས་སུ་རྩོད་པའི་སྲོལ་རྒྱུན་ཤིན་ཏུ་དར་ཁྱབ་བྱུང་ཡོད་ལ། དེ་ཡང་རྩོད་པ་དང་རྩོད་བཟློག་དཔང་པོ་གསུམ་དུ་ཡོད་ཅིང་། རྩོད་པ་ལ་ཡང་དག་དང་ལྟར་སྣང་གཉིས་རེ་དང་། དཔང་པོ་ལ་ཡང་དེ་བཞིན་ཡོད་པར་ངེས་ཏེ། རྣམ་འབྱེད་འཕྲུལ་ལྡེ་ལས། རྩོད་དང་རྩོད་བཟློག་དཔང་པོ་གསུམ། དམན་པ་མ་ཡིན་དྲང་མཁན་དགོས། མཚན་ཉིད་རྣམ་དབྱེ་གཅིག་གཞན་གསུམ། གཞལ་བྱ་འཇལ་བྱེད་ཀུན་ལ་དགོས། ཁས་བླངས་གཏན་ཚིགས་མཐུན་དཔེ་གསུམ། སྦྱོར་བ་འགོད་པའི་དུས་ན་དགོས། དགག་དང་བསྒྲུབ་དང་བསལ་བ་གསུམ། སྦྱོར་བ་གཤེགས་པའི་དུས་ན་དགོས། ཞེས་གསུངས་པའི་ཕྱིར་དང་། རྩོད་པ་ཡང་དག་བྱེད་ཚུལ། ཕྱི་ཚུལ་ལ། ཞལ་དཀྱིལ་འཛུམ་མདངས་དང་ལྡན་ཞིང་། ངག་འཇམ་ཚིག་བརྟན་གྱི་སྒོ་ནས། ཚུལ་མཐུན་རྔམ་བརྗིད་དང་ལྡན་པ་སྟེ། བགེགས་ལས་རྣམ་པར་རྒྱལ་པའི་ཚུལ་ལྟ་བུ་ལུས་ཀྱི་རྣམ་འགྱུར་དང་ངག་གིས་ཀྱང་། ལུང་རིགས་དང་མཐུན་པའི་དགག་བསྒྲུབ་ཀྱི་བྱ་བ་ལ་ཐོག་ཆགས་མེད་པ། གཞན་གྱི་དྭངས་བ་འདྲེན་པ་སོགས། ཕྱི་ཚུལ་དེ་དག་དང་མ་བྲལ་བའི་ངོས། ནང་གི་སེམས་བསྐྱེད་ལའང་། རང་གི་ཉམས་རྟོགས་གོང་འཕེལ་དུ་འགྲོ་བའི་ཤེས་རབ་དང་། གཞན་གྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་སོགས་བསལ་བར་འདོད་པའི་སྙིང་རྗེ། དགག་སྒྲུབ་རྣམ་པར་དག་པས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་སེམས་ཀྱི་ལྷག་བསམ་སོགས་དང་མ་བྲལ་བའི་སྒོ་ནས་རྩོད་པ་བྱེད་དགོས་པ་བཞིན། དེ་ཉིད་ལས། གང་ཞིག་བགྲོ་རྩོད་མཆོག་གྱུར་པ། རིགས་བཟང་སྒོ་གཙང་སྦྱང་འཕྲོ་བླངས། ནམ་མཁའ་འདྲ་བའི་གནས་ཡུལ་དུ། ཉི་ཤར་འདྲ་བའི་དཔོན་གསས་ལ། སྒྲོན་མེ་འདྲ་བའི་བློ་སྦྱངས་པས། འོད་གསལ་འདྲ་བའི་སྡེ་སྣོད་འབྱོངས། བསྟན་པ་བདེན་གཉིས་ཉི་ཟེར་འདྲ། ཐེག་སྒོ་ཀུན་ལ་རབ་སྦྱངས་ཤིང་། གོམས་ཀྱི་སླ་བས་ཀུན་ལ་འཇུག ཟབ་ཕྲའི་གཞུང་གཅིག་རབ་གཤོག་པས། གཅིག་ཤེས་ཀུན་གྲོལ་མཁས་པར་འབྱུང་། མ་རྟོགས་ལོག་རྟོག་དུག་ལྔ་ལ། སྣང་གསལ་འོད་ཆེན་འགྱེད་པར་འགྱུར། ཐེ་ཚོམ་གེགས་སེལ་ཞུ་ལ་བརྩོན། བཀའ་བགྲོས་བདེ་ཉམས་བསྡུར་ལ་མཁས། རྩོད་པས་ལོག་རྟོག་འཇོམས་པར་བྱེད། རྩོད་དུས་ངག་འཇམ་གཟི་མདངས་ལྡན། རང་དབང་མངོན་གྱུར་གཞན་དབང་དཀྲོལ། དེ་ནི་སྨྲ་བའི་སེང་གེ་སྟེ། ཞེས་དང་། མདོ་ལས། རྩོད་པ་བོན་གྱི་དྲུང་འབྱིན་ལས། དེ་དག་འཁོར་ལོ་རབ་བསྐོར་མཛོད། ཅེས་དང་། བསླབ་པ་བོན་གྱི་རྒྱ་མཚོ་ལ། རྩོད་པས་དུག་ལས་རྩི་དབྱེ་ཞིང་། དེ་ཉིད་དེ་མཐར་ཕྱིན་པ་ཡིས། དྭངས་ལ་སྙོགས་མེད་གསོས་ཀྱི་ཆུ། ཞེས་དང་། རྣམ་འབྱེད་ལས། དགག་སྒྲུབ་ཚུལ་ལ་མཁས་པ་ཡི། སྐྱེས་བུ་དེ་ནི་བསྟོད་འོས་ཏེ། བདེ་ཆེན་ལམ་སྟོན་སངས་རྒྱས་ཀྱི། བསྟན་པ་འདི་ཡིས་འཛིན་པ་ཡིན། ཞེས་པ་སོགས་ཀྱིས་གྲུབ་བོ། །

      གཉིས་པ། རྩོད་པ་སྐྱོན་ཅན་ནམ་ལྟར་སྣང་གི་ཚུལ་ལ། དུག་གསུམ་གྱིས་ཀུན་ནས་སློང་བའི། རང་རྒྱལ་འདོད་ཀྱི་ང་རྒྱལ་དང་། གཞན་ཕམ་འདོད་ཀྱི་ཞེ་སྡང་། གྲུབ་མཐའི་དོན་ལ་རྨོངས་པའི་གཏི་མུག་སོགས། བསམ་པ་དུག་ཅན་གསུམ་ལ་བརྟེན་པའི་ཕྱི་ཚུལ་ཡང་། བཞིན་རས་མཚལ་རྐོང་ཁ་ཕྱེས་པ་ལྟ་བུའི་ངོས། ཧམ་འཁྱེར་དང་ཚིག་ངན་སྣ་ཚོགས་དང་འབྲེལ་དོན་དང་མི་མཐུན་པའི་ཨུ་ཚུགས་ཀྱི་སྐད་ངར་ཐལ་རྡེབ་རྐང་འཕྲབ་སོགས་བྱེད་པ་ནི། སྐྱོན་ཅན་ཏེ། འཕྲུལ་སྡེ་ལས། དྭོགས་བཅས་ཐེ་ཚོམ་མི་སེལ་ཞིང་། བཀའ་བགྲོས་བདེ་ཉམས་མི་བསྡུར་བར། རྩོད་ངན་སྡང་བས་ཕ་རོལ་སྨོད། དེ་ཡིས་དམྱལ་བར་གཞེན་འདེབས་བྱེད། ཅེས་པ་ནས། ཚད་མར་མ་གྱུར་རྩོད་སྨྲས་པ། མཁས་པས་ཁྲེལ་ཞིང་ཡ་ག་འདུ། ཞེས་དང་། གཞན་སྨོད་སྙམ་ནས་ཕར་དྲིས་པས། རྩོད་པར་ཁས་བླངས་ཡེངས་ལ་འཇོག རྩོད་གཞི་མེད་པར་རྩོད་པ་བཟོ། དྲི་སྐབས་མེད་པ་གལ་དུ་རྩོད། བགྲོ་བར་ཁས་བླངས་རྩོད་སྐྱོན་འགེལ། ཐེ་ཚོམ་གསལ་ནས་རང་ཆེ་འབྱིན། རང་ལ་ཟུག་པའི་སྐྱོན་སྤོང་ནས། དམ་བཅའ་ཉམས་པ་མི་སྤོང་ཞིང་། གཏན་ཚིགས་ཁྱབ་པ་རང་འདོད་སྟོར། ལུང་རིགས་དཔེ་ལ་ཁྱུར་མིད་བྱེད། དམ་དུ་བཅས་པའི་བསྒྲུབ་བྱ་སྟོར། དེ་མེད་འགལ་བར་བསྒྲུབ་བྱ་མཐོང་། ཐལ་རྡེབ་ཚིག་ངན་རློང་པོ་ཡིས། ཕ་རོལ་ཞེ་འགེབ་དུག་ལྔ་བསྐྱེད། ཅེས་པ་སོགས་ཀྱིས་རྩོད་པ་དང་། རྩོད་ཚུལ་ལ་རིགས་གཉིས་སུ་ཕྱེས་གསུངས་ཡོད་པ་མ་ཟད། དཔང་པོ་ལ་དེ་ལྟར་གཉིས་སུ་ཡོད་པ་འདི་ལྟར་སྟོན་ཏེ། དང་པོ་ཡང་དག་ལ། ལུང་དེ་ཉིད་ལས། གང་ཞིག་དྲང་མཁན་མཆོག་གྱུར་པ། གོ་བས་བདེན་རྫུན་གོ་མི་ཟློག རྩོད་གཉིས་དོན་རྟོགས་གསང་པོར་སྨྲ། ལུང་རིགས་གཏན་ཚིགས་དཔེ་ཡིས་བསྒྲུབ། དཔེ་དང་དཔང་པོ་མཆོག་གྱུར་ཡིན། ཞེས་པས་གསལ་བར་སྟོན་ཡོད་ལ། གཉིས་པ་ཡང་དེ་ཉིད་ལས། དམན་གྱུར་དེ་ཡིས་དཔང་བྱས་པས། ལོག་པར་གཅོད་དང་གྱི་ནར་འཇོག མི་འདྲ་ལོག་པར་དཔེར་འཇོག་ཅིང་། དཔེ་མེད་དངོས་ལ་ལྡབ་སྨྲ་བྱེད། དཔེ་ལ་དཔེས་མཚོན་བསྒྲུབ་བྱར་སྟོར། དཔེ་དང་དཔང་པོ་འགྱུར་མ་ཡིན། ཞེས་སོགས་ཀྱིས་རྩོད་པ་དང་། རྩོད་སྤོང་དཔང་པོ་སོགས་ཀྱི་དོན་དང་། དེ་དག་གི་བྱ་སྤྱོད་རྣམ་འགྱུར་ཡང་ཇི་བཞིན་སྟོན་ཡོད་ཀྱང་། རྩོད་པ་དང་ཐལ་རྡེབ་གཟན་དཀྲིས་སོགས་ཀྱི། སྲོལ་རྒྱུན་དེ་བོད་ལ་དུས་རབས་བཅུ་གཉིས་པའི་ནང་གསར་དུ་བྱུང་བར་གསུངས་མཁན་འགའ་རེ་མཐོང་ཡང་། དེ་ལ་དགོངས་གཞི་དང་དགོས་པ་གཞན་ཞིག་ཡོད་ན་མ་གཏོགས་དེ་ཙམ་གཙིགས་ཆེན་དུ་མ་མཐོང་སྟེ་དེའི་གོང་སྤྱི་ལོ་སྔོན་དུ་མི་ལོ་༨༨༩ཙམ་ལ་ཞང་ཞུང་ལུང་དངུལ་མཁར་ལ་སོགས་ཞང་བོད་ཀྱི་ཡུལ་གྲུ་འགར་དེ་འདྲའི་སྲོལ་རྒྱུན་ཡོད་པ་ལུང་མཆོག་འདི་དག་གིས་གྲུབ་པའི་ཕྱིར།
      དེ་ལ་ཁ་ཅིག་གིས། ཞང་ཞུང་ལ་ཚད་མའི་རིག་པ་དུས་དེ་ཙམ་ནས་ཡོད་པ་སྲིད་ཀྱང་། བོད་དུ་ཡོད་པར་མ་གྲུབ་ཞེ་ན། གོང་གི་ལུང་རྣམས་ཀྱི་དོན་ལ་བསམ་ན་ཡོད་པའི་ཚོད་དཔག་ཐུབ་པར་སེམས་ལ། དེ་ཙམ་དུ་མ་ཟད་དེའི་དུས་ཞང་བོད་གཉིས་ཀར་གཡུང་དྲུང་བོན་ཤིན་ཏུ་དར་ཁྱབ་ཆེ་བ་དང་། གཞུང་ལུགས་ལ་ཕུལ་དུ་ཕྱིན་པའི་མཁས་པ་གྲངས་འདས་བཞུགས་ཡོད་པར་བརྟེན་དེ་རྣམས་ཀྱང་འཆད་རྩོད་ཚུལ་མཐུན་གནང་བའི་ལག་རྗེས་ཡིན་པ་ལུང་རིགས་གཉིས་ཀྱིས་གྲུབ་སྟེ། ༧རྗེ་མཉམ་མེད་ཆེན་པོའི་ཞལ་ནས། རྩོད་པ་ཁྱད་པར་ཅན་མ་སོང་བའི་གོ་བ་ལ་ཡང་དག་པའི་དོན་སྤྱི་འཆར་བ་དཀའ་སྟེ། ཞེས་དང་། རིགས་པས་ཀྱང་གཞུང་དོན་ལ་ཕུལ་དུ་ཕྱིན་པའི་མཁས་པར་འགྱུར་བ་ལ། འཆད་རྩོད་ཡང་དག་སྔོན་དུ་སོང་བ་ནི། རྒྱུ་སྔོན་སོང་བསྒྲུབ་པའི་འབྲས་རྟགས་ཡང་དག་གིས་བསྒྲུབ་ནུས་པའི་ཕྱིར།
      གཞན་ཡང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས། བོད་དུ་བོན་དར་ཚུལ་འཆད་སྐབས། གཉིས་པ་བོད་ཡུལ་དུ་དར་ཚུལ་ལ་བཞི་སྟེ། ཞེས་པ་ནས། གཉིས་པ་ཡུལ་ནི་གབ་འགྲེལ་ལ་སོགས་ནས་མཐོ་ཞང་ཞུང་ཁ་ཡུག་གི་རུ་མཚམས་ཁྱུང་ལུང་དངུལ་མཁར་མན་ཆད། དམའ་སུམ་པ་གླང་གི་གྱིམ་ཤོད་བྲག་ཤེ་ལེ་རྒྱ་གར་ཡན་ཆོད། ཅེས་པས་ཞང་བོད་མཉམ་འབྲེལ་དུ་གསུངས་འདུག
      ཡང་ཁ་ཅིག་གིས། ཞང་བོད་གཉིས་ལ་ཚད་མའི་རིག་པ་དུས་དེ་ཙམ་ནས་དར་ཁྱབ་བྱུང་ཡོད་ན། ཚད་མའི་དགོངས་དོན་གཙོར་དུ་སྟོན་པའི་བསྟན་བཅོས་དུས་རབས་བཅུ་གཉིས་ཡན་ལ་འགྲོ་བའི་ཞང་བོད་མཁས་པའི་ལྗགས་རྩོམ་གང་ཡང་མཐོང་ཐོས་ཀྱི་ཡུལ་དུ་མི་འདུག་པས། ཁྱོད་ཀྱིས་བཤད་འོལ་ཚོད་ཙམ་དུ་སོང་བས་ཤིན་ཏུ་ནོངས་སོ་ཞེ་ན། བཤད་པར་བྱ་སྟེ། སྔར་མ་བྱུང་བའི་བསྒྲུབ་བྱེད་དུ། ད་ལྟ་མ་མཐོང་བ་བཀོད་པ་ནི། རིག་ལམ་ལ་རྣམ་དཔྱོད་ཞན་པའི་མངོན་རྟགས་སྟོན་ཁར་ཆད་ལྟ་བའི་ཕྱོགས་སུ་གོལ་བ་དང་། དངོས་གཙོ་སྨྲ་བའི་ཤན་གྱིས་ཤིན་ཏུ་གོས་པར་སེམས་པས། ཐོས་བསམ་གྱིས་བསམ་བློ་ལ་བསྒྱུར་བཅོས་མ་ཐེབས་དང་། རེ་ཞིག་སྨྲ་སྒོ་བསྡམ་སྡེ་སྡོད་རྒྱུ་ལས། ལུང་རིགས་ཀྱི་བསྒྲུབ་བྱེད་བཀོད་ཀྱང་ངལ་བ་ཙམ་ལས་དགོས་པ་མ་མཐོང་། 
       དེ་ལྟར་མ་ཡིན་པའི་རིགས་ལ་ཡིན་ལུགས་ར་སྤྲོད་ཀྱི་ཚུལ་དུ་ཅུང་ཟད་ཞུས་ན་འདི་ལྟར་ཏེ། སྔར་བོད་ཀྱི་མཁས་པ་རྣམས་བརྒྱ་ཆ་གོ་ལྔ་ཙམ་བོད་ཡིག་གི་བྱུང་རིམ་ཐད་མགྲིན་དབྱངས་གཅིག་གྱུར་ཐོག གང་གསུངས་རྣམས་ད་ཡོད་ཀྱི་དེབ་ཐེར་དང་། རྩོམ་གཞུང་ཁག་ཏུ་གསལ་མུས་ཡིན་ཡང་། ད་བཞུགས་ཀྱི་མཁས་དབང་ཕལ་ཆེར་དེ་ལས་ལྡོག་པའི་གསུང་སྒྲོས་ཀྱི་ལམ་དུ་འགྲོ་བཞིན་ཡོད་པའི་དོན་གནས་ལྟར་དུ་འགྱུར་སྲིད་དེ། གང་གིས་ཤེ་ན། གཡུང་དྲུང་གི་བོན་རིན་པོ་ཆེ་ཐོག་མར་བྱུང་ནས་ད་བར་དར་ནུབ་ཆུ་གཏེར་གྱི་གྲངས་ལྡན་དུ་བྱུང་ཡོད་སྟབས། ཁྲིམས་དབང་གིས་མེ་ཆུས་འཇིག་པའམ། དགོས་དབང་གིས་གཏེར་དུ་སོང་བ་དང་འདྲ་བསྒྱུར་སོགས་ཅི་རིགས་བྱུང་ཡོད་པར་སེམས་ན། མ་འོངས་རིམ་པས་མཇལ་དུ་མི་འགྱུར་བའི་ངེས་པ་ཅི་ཡང་མེད་པས་དེ་དོན་ལ་ཅུང་བསམ་ཤེས་ཐོག་དཔྱད་ཞིབ་གང་ཟབ་གནང་ན་ཕྱོགས་བྲལ་གྱི་མཛད་རྗེས་དང་འབྲེལ་དོན་གྱི་ཉིང་དགོས་གྲུབ་པ་གདོན་མི་ཟའོ། །
       དེ་ཙམ་མ་ཟད་རྒྱུུ་མཚན་གཞན་ཞིག་ཡོད་པར་སེམས་ཏེ། ༧ས་སྐྱ་པཎྚི་ཏའི་ཚད་མ་རིགས་གཏེར་དུ། རྫས་ལྡོག་གི་བོན་ལ་དགག་བཞག་གནང་སྐབས། ཕྱོགས་སྔ་བཀོད་པ་ལ། གཞུང་ལས། ཚད་མའི་ཡུལ་མི་ཤེས་པ་འགས། རྫས་ལྡོག་རྣམ་པར་ཕྱེ་སྟེ་སྨྲ། ཞེས་པའི་འགྲེལ་བར། ཚད་མའི་ཡུལ་མི་ཤེས་པའི་བོད་འགའ་ཞིག་མེ་དང་མི་རྟག་པ་ལ་སོགས་པ་རྫས་ལ་བརྟེན་པའི་ཆོས་བསྒྲུབ་པ་རྫས་ལ་ཁ་ཚོན་ཆོད། ལྡོག་པ་ལ་ཕུང་གསུམ་པ་སྲིད་ཀྱང་མི་སྐྱོན་ཏེ། ལྡོག་པ་ལ་དགག་སྒྲུབ་མི་བྱེད་པའི་ཕྱིར་རོ། ། གཏན་ཚིགས་དང་མེད་དགག་གི་ཐ་སྙད་ལ་སོགས་ལྡོག་ལ་བརྟེན་པའི་ཆོས་སྒྲུབ་པའི་ཚེ། ལྡོག་པ་ལ་ཁ་ཚོན་ཆོད། རྫས་ལ་ཕུང་གསུམ་སྲིད་ཀྱང་མི་སྐྱོན་ཏེ། རྫས་ལ་དགག་སྒྲུབ་མི་བྱེད་པའི་ཕྱིར། ཞེས་སོགས་ཕྱོགས་སྔའི་འདོད་པ་བཀོད་ཅིང་། དགག་བཞག་ཀྱང་། འགྲེལ་ལས། གཉིས་པ་དེ་དག་དགག་པ་ལ་གསུམ་སྟེ། ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་མི་འཐད། རྫས་ལྡོག་ཕྱེ་ནས་བསྒྲུབ་པ་མི་འཐད། བྱེ་བྲག་རང་ལྡོག་ལ་བརྟེན་ནས་བསྒྲུབ་པ་མི་འཐད་པའོ། ། ཞེས་གསུངས་ཏེ་དགག་པ་བཞག་གནང་འདུག་པའི་ཕྱོགས་སྔའི་གཙོ་བོ་བོན་ལུགས་ཡིན་པ་ལ་དཔྱད་གཞི་ཆེ་ཙམ་ཞིག་མཐོང་སྟེ། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་འགྲོ་མགོན་བློ་གྲོས་རྒྱལ་མཚན༼༡༡༩༨ལ་འཁྲུངས༽གྱིས་མཛད་པའི་ཚད་མ་ཀུན་བཏུས་ལས། གཉིས་པ་ལ་བཞི་སྟེ། ཁ་ཚོན་ཆོད་དགོས་པ་དང་། མ་ཆོད་ན་སྐྱོན་དུ་འགྱུར་བ་དང་། ཆོད་པའི་ཚུལ་དང་། དེ་ལ་རྩོད་པ་སྤོང་བའོ། ། དང་པོ་མཐུན་ཕྱོགས་མི་མཐུན་ཕྱོགས་ལས་གཞན་པའི་ཕུང་གསུམ་མེད་དེ། མཐུན་ཕྱོགས་ལ་ཡོད་པའི་རྗེས་འགྲོ་ངེས་ན། མི་མཐུན་ཕྱོགས་ལ་མི་འཇུག་པས་ལྡོག་པ་ངེས་སོ། ། དེས་ན་མཐུན་ཕྱོགས་བསྒྲུབས་པས་མི་མཐུན་ཕྱོགས་ཁེགས་སོ། ། ཞེས་པ་དང་པོའི་དགག་བྱ་དང་། ཡང་དེ་ཉིད་ལས། གཉིས་པ་ལན་ལ་གཉིས་ཏེ། དང་པོ་རྫས་ལ་བརྟེན་པའི་བོན་བསྒྲུབ་ན་ཀུན་རྫས་ལ་ཁ་ཚོན་ཆོད་ཅིང་ལྡོག་པ་ལ་ཁ་ཚོན་མ་ཆོད་པ་ནི། དུ་བ་བྱས་པས་སྒྲ་ལ་མི་རྟག་པར་བསྒྲུབ་པ་ཀུན་རྫས་ལ་ཁ་ཚོན་མ་ཆོད་ན་དངོས་སུ་རྟགས་ཀྱི་བྱེད་པ་དང་བརྒྱུད་ནས་བསྒྲུབ་བྱའི་བྱེད་པ་ཉམས་པས་ཁ་ཚོན་ཆོད་དགོས་ལ། ཆོད་པ་ཡང་ཡིན་ཏེ། བུམ་པ་ཚང་བང་ལ་སོགས་མཐུན་ཕྱོགས་སུ་གྲུབ་པས་མི་མཐུན་ཕྱོགས་ཁེགས་ལ་ཆུ་རླུང་དངོས་མེད་ཀུན་མི་མཐུན་ཕྱོགས་སུ་གྲུབ་པས་མཐུན་ཕྱོགས་ཁེགས་པའི་ཕྱིར་རོ། ། ཤེས་བྱ་སྟོང་ཉིད་ཀྱི་རང་ལྡོག་གང་དུ་ཡང་ཁ་ཚོན་མ་ཆོད་པས་ལྡོག་པ་ལ་དགག་སྒྲུབ་བྱ་མི་ནུས་ཀྱང་སྐྱོན་དུ་མི་ཆེ་སྟེ་ལྡོག་པ་ལ་བརྟེན་པའི་བོན་སྒྲུབ་པའི་སྐབས་མ་ཡིན་པའི་ཕྱིར། ཞེས་དང་། ལྡོག་པ་ལ་བརྟེན་པའི་བོན་སྒྲུབ་པའི་ཚེ་ནའང་དེ་བཞིན་རྫས་ལ་ཁ་ཚོན་མ་ཆོད་པ་བཀོད་གནང་འདུག་པས། རྫས་ལྡོག་ཕྱེ་ནས་བསྒྲུབ་ཚུལ་བསྟན་པ་ཡིན་པར་སེམས་སོ། ། 
       གསུམ་པ། བྱེ་བྲག་རང་ལྡོག་ལ་བརྟེན་ནས་སྒྲུབ་པ་ཡང་༧རྗེ་མཉམ་མེད་རིན་པོ་ཆེའི་༼ཕྱི་ལོ་༡༣༥༦༽ཚད་མ་འཕྲུལ་སྒྲོན་དུ་འགྲོ་མགོན་བླ་མའི་བཞེད་གཞུང་གཙོར་སྟོན་དུ་གསུངས་པའི་གཞུང་ལས། ཡོད་དང་ཡིན་པའི་སྒྲུབ་པ་གཉིས། ཐ་དད་ལྡན་དང་ངོ་བོ་གཅིག རང་ལྡོག་ལ་བརྟེན་ཡོད་སྒྲུབ་གསུམ། ཞེས་པས། རང་ལྡོག་ལ་བརྟེན་ནས་སྒྲུབ་པའི་དོན་བསྟན་ཡོད་པས། ས་པཎ་གྱི་ཚད་མ་རིགས་གཏེར་དང་། འགྲོ་མགོན་གྱི་ཚད་མ་ཀུན་བཏུས་གཉིས་བྱུང་རིམ་གྱི་དབང་དུ་བྱས་ན་ཕལ་ཆེར་ལོ་གྲངས་ཉི་ཤུ་ཙམ་གྱི་སྔོན་དུ་ཚད་མ་རིགས་གཏེར་བྱུང་ཡིན་སྟབས། ཚད་མ་ཀུན་བཏུས་ཀྱི་དགོངས་དོན་དེའི་རྒོལ་བར་བཟུང་ཤེས་ཐབས་མེད་པས། ས་པཎ་གྱི་ཕྱོགས་སྔ་རུ་བཟུང་བྱའི་བོན་གྱི་མཁས་པ་དང་དེའི་བཞེད་དོན་བསྟན་པའི་ཚད་མའི་གཞུང་ཞིག་ཡོད་པའི་པད་མོ་ལ་བདག་བློའི་རྐང་དྲུག་ནི་རེ་ཞིག་མི་ཕྱོགས་དབང་མེད་དུ་གྱུར་བས། བློ་གཟུ་བོར་གནས་པའི་མཁས་དབང་རྣམས་ལ་དགོས་པ་མེད་ཀྱང་། རང་འདྲའི་སྐལ་མཉམ་དང་བློ་དམན་རྣམས་ལ་དཔྱད་གཞི་དང་ཕན་སེམས་ཀྱིས་འབྲི་ཁུལ་ལགས་ཀྱང་། ཁོ་བོ་སྐྱེས་སྦྱོང་ཤེས་རབ་ཀྱི་འོད་སྣང་ཆུང་ཞིང་རྨོངས་མུན་གྱིས་བློ་སྒོ་འཐོམས་པས་སྐྱོན་དང་ནོར་འཁྲུལ་གྱི་རྟོག་ཚོགས་མི་ཉུང་བ་ཞིག་ཡོད་པ་གོར་མ་ཆགས་པར་བརྟེན། དེ་དག་ལ། ཤེས་རབ་ཀྱི་ལྷ་ལམ་ཡངས་པའི་ངོགས་ནས་ལྷག་བསམ་ཟླ་གཞོན་གྱི་འོད་རླབས་གསལ་བའི་མཁས་དབང་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་བཀའ་མཆིད་ཀྱི་འོད་དཀར་ཡང་བདག་བློའི་ཀུ་མུད་རྒྱས་པའི་གསོས་སུ་ཡང་ཡང་འཆར་བའི་སྐྱབས་འཇུག་བཀའ་དྲིན་མི་ཆུང་བར་ཞུ་ཞུ།

༼བོན་སྒོ༽སྤྱི་དེབ་བཅུ་བ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག