ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> ༢ ཞྭ་དཀར་བསྟན་པའི་ལོ་རྒྱུས་ཀེ་ཏ་ཀའི་ཕྲེང་མཛེས་སྐལ་བཟང་མགུལ་རྒྱན།
༢ ཞྭ་དཀར་བསྟན་པའི་ལོ་རྒྱུས་ཀེ་ཏ་ཀའི་ཕྲེང་མཛེས་སྐལ་བཟང་མགུལ་རྒྱན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སློབ་དཔོན་བསྐལ་བཟང་དར་རྒྱས།] [ཟླ་ཚེས། 10-07-04] [ཀློག་གྲངས། ]

       མཉམ་མེད་རིན་པོ་ཆེའི་ཕྱིན་ཆད་ཀྱི་མཁན་བརྒྱུད་ལ། རྗེའི་མཁན་བུ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན། དེའི་མཁན་བུ་ནམ་མཁའ་ཡེ་ཤེས། དེའི་མཁན་བུ་ཀུན་བཟང་རྒྱལ་མཚན། དེའི་མཁན་བུ་རིན་ཆེན་རྒྱལ་མཚན། དེའི་མཁན་བུ་ཚུལ་ཁྲིམས་རྒྱལ་མཚན། དེའི་མཁན་བུ་བསོད་ནམས་ཡེ་ཤེས་དང་། སྨོན་ལམ་བཀྲ་ཤིས་ཡིན། འདིའི་མན་ཆད་སྨན་རིའི་སྐུ་མདུན་ཁོ་ནར་རིམ་བརྒྱུད་མིན་འདུག་པས་མ་བྲིས་ལ། གང་ལྟར་ཡང་ད་ལྟའི་བར་འདུལ་སྔགས་སེམས་གསུམ་གྱི་བརྒྱུད་རྐང་མ་ཆད་པ་བཞུགས་ཡོད་པ་ནི་མཉམ་མེད་ཆེན་པོའི་བཀའ་དྲིན་ཟླ་མེད་ལས་བྱུང་བ་ཁོ་ནའོ། །བསྟོད་ཆེན་ལས། ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ལ་འཛུགས། །བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་ཕྱར། །སྙན་པའི་དུང་ཆེན་སྒྲ་ནི་ཕྱོགས་བཅུར་སྒྲོགས། །བསྟན་འཛིན་གཤེན་རབ་དེ་དང་ཕྱོགས་བཅུ་ཡི། །བསྐལ་སྟོང་སངས་རྒྱས་སེམས་དཔའ་རིག་འཛིན་དང་། །རིགས་ལྔ་མཁའ་འགྲོ་རྒྱུད་གསུམ་བླ་མ་བཅས། །སྟོང་གསུམ་བདེར་བཀོད་སངས་རྒྱས་སྨན་རི་བ། །ཞེས་དང་། མ་འོང་ལུང་བསྟན་ལས། བྲུ་ཞུ་སྤ་རྨེའུ་བླ་མ་གཤེན་དང་ནི། །ཅོག་ལ་ཞང་ཞུང་གུ་རུ་ཞང་རྣམས་ཀྱི། །འདུལ་བའི་བརྒྱུད་པ་འཛིན་པ་དེ་རྣམས་ནི། །ཀུན་བཟང་མཆོག་གི་སྤྲུལ་བ་ཁོ་ན་ཉིད། །གཞན་ཡང་ཚུལ་ཁྲིམས་དོན་ལ་གཉེར་ཞིང་འཛིན། །རྒྱལ་བའི་བསྟན་པ་འཛིན་ལ་དགོངས་པ་ནི། །ཚངས་པ་གཙུག་ཕུད་སྤྲུལ་བའི་འདུལ་འཛིན་ནི། །བྱེ་བ་ཕྲག་བདུན་འབྱུང་བས་འགྲོ་དོན་མཛད། །ཅེས་གསུངས་སོ། །

      བླ་ཆེན་དགོངས་པ་རབ་གསལ་གྱི་ལོ་རྒྱུས་སྐབས་སུ། ཆོས་མཛད་མང་པོ་ཞིག་གིས། འདུལ་ཕུགས་བོན་ལས་བྱུང་བའི་ཁུངས་འགེབ་ཐབས་སུ་བཤད་ཚུལ་མང་དུ་སྣང་ཡང་། འདུལ་བའི་རྣམ་བཤད་ལས། གཉོས་རིན་ཆེན་རྒྱལ་མཚན་གྱིས་ཁམས་ནས་འདུལ་ཁྲིམས་ཞུས་ཏེ། གཙང་དུ་ཡོང་སྐབས་ཆོས་པ་ཀུན་གྱིས་ཁྱེད་དེ་ལྟ་བུའི་འདུལ་བ་གང་དུ་ཞུས་བྱས་པས། གཉོས་བཙུན་ན་རེ། བདག་གིས་མདོ་སྨན་དུ་བླ་ཆེན་མུ་ཐུར་དགོངས་པ་རབ་གསལ་ལ་ཞུས་བྱས་པས། དབུས་གཙང་གི་ཆོས་པ་ཀུན་གྲོས་བྱས་ཏེ། མི་བདུན་མདོ་སྨད་དུ་འོང་ནས་དྲུག་མཁན་པོ་དང་མཇལ་ཏེ་འདུལ་བ་ཞུས་པས། བླ་ཆེན་གྱི་ཞལ་ནས། ངའི་འདུལ་རྒྱུད་འདི་བོན་ལ་ཐུག་ཅིང་སོ་ཐར་གྱི་སྡེ་ཡིན་པས་དེའི་རྗེས་སུ་ཟུངས། སྤྱོད་པ་ཚུལ་ཁྲིམས་ལ་སྤྱོད། མཁན་པོ་མི་བརྗེད་པའི་རྟགས་བཞི་བླང་དགོས། ཁྱེད་རྣམས་ཀྱི་བསྟན་པ་རྒྱ་ཆེན་པོར་ཡོང་བར་འདུག་སྟེ། སངས་རྒྱས་ཀྱི་བསྟན་པ་གང་དར་ཡང་ལེགས་པ་ཡིན་གསུངས་ནས་འདུལ་ཁྲིམས་ཕོག མཁན་པོའི་རྟགས་བཞི་ནི། ཤམ་ཐབས་ཀྱི་ཀ་བ་སྔོན་པོ། ཐང་བའི་སྣོལ་ཚང་སྔོན་པོ། པད་ཞུ་དབུ་རྩེ་སྔོན་པོ། གདིང་བ་གཡུ་མདངས་སྔོན་པོ་དང་བཞི་དགོས། དེ་དག་མ་གྲུབ་ཀྱང་སྐུད་པ་སྔོན་པོས་ལྷན་ཚུགས་སུ་ཚེམས་དགོས་གསུངས་སོ། །བཀའ་རྟགས་དེ་བཞིན་བྱས་པའི་སྔོན་གྱི་རྣམ་སྦྱར་ལ་སོགས་པ་ཆོས་ལུགས་ཀྱི་དགོན་རྙིང་འགའ་ལ་སྣང་ཞེས་གསུངས་སོ། །འདི་ལྟར་འཐད་པ་ལུང་རིགས་གཉིས་ཀས་གྲུབ་སྟེ། ལུང་ནི། སློབ་དཔོན་པདྨའི་ལུང་བསྟན་ལས། རྒྱལ་པོ་ཁྲི་སྲོང་ནས་རྒྱལ་རབས་གསུམ་ན། ངམ་སྟག་ར་ཀླུ་གོང་གི་སྐྱེ་བ་རྒྱལ་པོ་གླང་དར་མ་ཞེས་བྱ་བ་འབྱུང་ཞིང་དེས་ཆོས་བསྣུབས་པར་འགྱུར་ཞིང་དབུས་གཙང་གི་བན་དྷི་རྣམས་ཀྱང་བོན་གྱི་བླ་ཆེན་མུ་ཐུར་དགོངས་པ་རབ་གསལ་བྱ་བ་ལས་སྡོམ་པ་བླང་བར་འགྱུར་ཞིང་། དེའི་བསྟན་པ་རྒྱ་ཆེན་པོར་འཕེལ་བར་འགྱུར་རོ། །ཞེས་དང་སྲིད་རྒྱུད་ལས། དར་མ་སྤྲེལ་མགོས་ཆོས་བསྣུབས་པས། དེ་ཡི་དབུ་གཡོག་རྒྱལ་པོ་ཡང་། །ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིས། །ཐབས་དང་སྤྲུལ་བའི་མཚོན་གྱིས་བསད། །ཆོས་ཀྱི་བསྙེན་ཆོས་སྡོམ་པ་ཉམས། །དམ་ཆོས་འདུལ་ཁྲིམས་བརྒྱུད་པའང་ཆད། །དེ་རྗེས་ཆོས་ཀྱི་སྡོམ་པའི་རྒྱུད། སོག་འདོན་གྲུ་གསུམ་ནས་བརྒྱུད་པའི། མུ་ཐུར་དགོངས་པ་རབ་གསལ་ཞེས། གཉོས་བཙུན་ཨ་རིན་བྱ་བས་ཞུས། བན་དྷི་རྣམས་ལའང་དེ་ལྟར་འབོགས། ཞེས་དང་། དྲན་པའི་གསུངས་ལས། དབུས་གཙང་མི་བདུན་མདོ་སྨད་རྨ་རིར་བྱོན། །བོན་གཤེན་མཁན་པོ་མཇལ་ནས་སྡོམ་ཁྲིམས་བླངས། །འདུལ་བ་བོན་ལ་གཏུག་པའི་དུས་ཤིག་འོང་། །ཞེས་དང་། དེ་བཞིན་དུ་ཆོས་འབྱུང་ཀུན་གསལ་མེ་ལོང་ཞེས་གནམ་ལྕགས་རྡོ་རྗེས་མཛད་པ་ལས་ཀྱང་། བོན་དགོངས་པ་རབ་གསལ་ལ། དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་མང་པོས་གཏུགས་ཏེ་བསྙེན་པ་རྫོགས་པར་མཛད། དེར་ཀླུ་མེས་མཁན་པོ་བོན་ལ། བདག་དབུས་སུ་འགྲོ་བ་ལ་མཆོད་པའི་རྟེན་ཞིག་ཞུ་བྱས་པས། བོན་པོས་འབོ་ཞུ་གསོལ་འཕྲོ་ཕོག་སྟེ། ཞྭ་ལ་ས་སེར་ཞིག་བཏབ་ནས། འདི་གྱོན་ལ་ང་དྲན་པ་གྱིས་གསུངས། ཞེས་གསུངས། ཞྭ་སེར་སེར་གྱོན་པ་དེ་ནས་དར། དབུས་གཙང་བོད་དུ་འདུལ་གྲྭ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དེ་འདྲའི་ལུང་མང་ཡང་དྲང་གིས་མི་ལང་ངོ་། །

       རིགས་པས་ཀྱང་བོན་འདུལ་ཡིན་པ་གྲུབ་སྟེ། ཇོ་བོ་རྗེ་བོད་དུ་བྱོན་དུས། བན་བཙུན་རྣམས་ཀྱིས་འདུལ་བརྒྱུད་སྤོ་རོགས་ཟེར་ནས་རབ་བྱུང་ཞུས་ཀྱང་། ཁྱོད་བོད་ཀྱི་ཆོས་བཙུན་རྣམས་དེ་སྔར་ཇི་ལྟར་ཞུས་གསུངས་པས། གཞན་དོན་དུ་འདུལ་ཁྲིམས་བླངས་ནས་བཅའ་གཞི་ཕོག་ཞུས་པས། དེ་ནི་བྱང་ཆུབ་སེམས་དཔའི་སྡོམ་པར་འདུག བདག་གི་འདི་ཐེག་དམན་ཉན་ཐོས་ཀྱི་ལུགས་ཡིན། ངས་མི་གནང་གསུངས། ཞེས་བོན་ལུགས་ཀྱི་བསྟན་པའི་བྱུང་ཁུངས་དག་ལས་བཤད་པ་དང་། ཆོས་འབྱུང་ལས། ཇོ་བོ་རྗེས། ཁྱེད་བོད་ཡུལ་དུ་སྔར་འདུལ་བ་ཡོད་པ་སོ་ཐར་གྱི་སྡེ་རེད། ངེད་དགེ་འདུན་པ་ཕལ་ཆེན་པའི་སྡེ་ཡིན་པས། ཕྱིས་སུ་ནང་འཁྲུགས་འབྱུང་སྲིད་གསུང་ནས་མ་གནང་ཞེས་བཤད་པ། འདུལ་བརྒྱུད་སྔ་མ་བོན་ལུགས་བླང་བས། ད་རང་ལུགས་བྱེད་འདོད་ཀྱིས་ཇོ་བོ་རྗེ་ལ་ཞུ་དགོས་བྱུང་བའི་ཕྱིར་དང་། ས་པཎ་གྱིས་ཀྱང་སྔར་ས་སྐྱའི་ཁྲིམས་སྒོར་མ་ཞུགས་པར། ཨ་ཁུ་རྗེ་བཙུན་གྲགས་པ་མ་མཉེས་བཞིན་དུ་ཁ་ཆེ་པཎ་ཆེན་ལ་ཞུས་པ་སོགས་རྒྱུ་མཚན་ཡོད་པའི་ཕྱིར། གཞན་ཡང་འདུལ་ཕུགས་ཆོས་ཡིན་ན་མི་བརྗེད་པའི་རྟགས་ལེན་མི་དགོས་པ་དང་། རྟགས་ཀྱང་གདིང་བ་སྔོན་པོ་སོགས་བོན་པོའི་རྟགས་ཡིན་གྱི་ཆོས་ལུགས་ཀྱིས་མ་ཡིན་པའི་ཕྱིར།

སྨྲས་པ། བན་བོན་བསྟན་པའི་གཞི་རྩ་འདུལ་བའི་སྲོལ། །

རྒུད་ཉམས་མུན་པའི་ཀློང་དུ་ཆུད་པ་གང་། །

ཉི་ལྟར་གསལ་ཞིང་མཁའ་ལྟར་ཁྱབ་མཛད་པའི། །

དགོས་པ་རབ་གསལ་བཀའ་དྲིན་མཚུངས་ཟླས་དབེན། །

བསྟན་པའི་མཆོག་འདི་བོན་ལ་ཐུག་པའི་ཕྱིར། །

མཁན་པོ་མ་བརྗེད་རྟགས་བཞི་ལོངས་གསུངས་ཀྱང་།།

འགའ་ཞིག་བོན་ལ་འདུལ་བ་མེད་དོ་ལོས། །

མཁན་པོའི་གསུང་ལ་ངོ་རྒོལ་བྱེད་པའང་མཐོང་། །

ཤིན་ཏུ་སྙིགས་མ་གྱུར་པའི་དུས་ཀྱི་སྐབས། །

ལོག་པའི་ལམ་ལ་མཐའ་དབུས་མ་མཆིས་མོད། །

ཕ་རྒན་བསད་དེ་རྒྱལ་རྔ་བརྡུང་ཕོད་ན། །

རྒྱལ་ས་ཐོབ་རེ་སྲོལ་ངན་འདི་ཡང་མཚར། །

       ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བོད་ཡིག་བྱུང་ཚུལ་དང་འདྲེལ་བར་བོད་དུ་སྔགས་སེམས་ཀྱི་བསྟན་པ་དར་ཚུལ་ཟུར་ཙམ་བཤད་པ། ཡི་གེ་ནི་གང་གིས་མཛད་པ་ཡིན་ཞེ་ན། དང་པོ་སྲིད་པ་ཡེ་སངས་ཀྱི་ཡུལ་དུ་ལོངས་སྤྱོད་རྫོགས་པའི་སྐུ་སངས་པོ་འབུམ་ཁྲིས་མཛད་ལ། དེ་ནས་འོལ་མོའི་གླིང་དུ་སྟོན་པ་གཤེན་རབ་ཀྱིས་མཛད་པ་ཡིན་ཏེ། དེའང་དང་པོ་སངས་པོ་འབུམ་ཁྲིས། ལོངས་སྐུའི་རྩ་ཡིག་ལས། སྣང་སྲིད་སིལ་བུར་མཆེད་པའི་རྒྱུ། ཡིག་འབྲུ་ཁྲི་དང་འབུམ་གཉིས་སུ་སྤྲུལ་ཞིང་མཛད་པ་ཡིན་ཏེ། མདོ་གཟེ་མིག་ལས། སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད། །ཡིག་འབྲུ་ཁྲི་དང་འབུམ་གཉིས་ནི། །སྣང་སྲིད་སིལ་བུ་མཆེད་པའི་རྒྱུ། །ཞེས་སོ། །དེའང་ལོངས་སྐུས་མཛད་པའི་ཡི་གེ་དེ་ཉིད་ཡོད་ན་ཡི་གེ་བསླབ་ཏུ་བཏུབ་པ་རྣམས་ལ་སློབ་མི་དགོས་པར་འཕྲད་མ་ཐག་པར་གདོན་ཤེས་ཤིང་དོན་གོ་བ་སྟེ། དྲི་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། ཐབས་ཀྱི་རྒྱལ་པོ་སངས་པོ་ཡི། །ཡིག་འབྲུ་ཁྲི་དང་འབུམ་ཡོད་ན། །དེ་སྲིད་སྐྱེ་འགྲོ་སེམས་ཅན་གྱི། །ཡིག་རྩིས་མ་བསླབ་རང་རྡོལ་ཤེས། །གཤེན་རབ་སྟོན་པས་བསྟན་པ་བཞིན། །བསྟན་པ་བཞིན་དུ་ངེས་པར་གོ། །ཞེས་གསུངས། དེའང་སེམས་ཅན་རྣམས་ཀྱི་ལས་དབང་ཞན་པས། དཔོ་བཟའ་ཐང་མོ་བདུད་ཁྱབ་པས་བསླུས་སྐབས། གཏོ་སྒྲོམ་མེར་བསྲེགས་པས་མ་བཞུགས་པར་སླར་ཡེ་ཡིག་ལ་ཐིམ་ནས་ནུབ་བོ། །འོན་ཀྱང་སངས་པོའི་བྱིན་རླབས་དང་སྟོན་པའི་ཐུགས་རྗེས། ཡིད་ཀྱི་ཁྱེའུ་ཆུང་གིས་མེ་ལ་བརྙབས་པས། བེའུ་བུམ་ཚིག་འཕྲོ་སྤར་གང་ཐོབ་པ་ལས་ཡི་གེ་དཔའ་བོ་འབྲུ་ལྔ་མ་ཚིག་པར་བཞུགས་པས། དེ་ལ་བརྟེན་ནས་སྟོན་པ་གཤེན་རབ་ཀྱིས་དག་པའི་རྩ་ཡིག་གམ་ངེས་པའི་ཐོ་ཡིག་བཞི་བཅུའི་གདངས་ལས་འཕྲུལ་ཡིག་བཞི་བཅུའམ་སུམ་ཅུ་རྩ་བརྒྱད་དུ་སྤྲུལ་ཏེ། སྨོན་ལམ་གྱིས་མངོན་དུ་བྱས་པས། དངོས་སུ་འཕེལ་བའི་ཚུལ། མདོ་གཟེ་མིག་ལས། གཏོ་ཡི་བཀའ་སྒྲོམ་བདུད་ཀྱིས་ཞུགས་ལ་བསྲེགས། །བྱིན་གྱིས་བརླབས་ཀྱིས་དཔའ་བོ་འབྲུ་ལྔ་ལུས། །སྨོན་ལམ་བཏབ་པས་སུམ་ཅུ་རྩ་བརྒྱད་འཕེལ། །ཕྱི་རབས་དོན་དུ་སྒོ་བཞི་མཛོད་ལྔ་བྲིས། །ཞེས་དང་། གཡུང་དྲུང་ལས་དག་རྒྱུད་ལས། མཐིང་མཐོན་བཻཊུར་འོད་ཀྱི་གླེགས་བམ་ལ། །སྟོན་པའི་ཐུགས་ལས་བདེན་པའི་འོད་བྱུང་ནས། །སྐྱེས་བུ་བཟོ་ལ་རིག་པའི་རྩལ་རྫོགས་པས། །འཕྲུལ་གྱི་ཡིག་རྨད་སུམ་ཅུའི་འབྲུ་བཀོད་ཅིང་། །ལྷག་པའི་ཡིག་འབྲུ་བརྒྱད་ཀྱིས་རྒྱན་བཀོད་ནས། །སྟོང་གི་སྤྱི་ཕུད་ལྟ་བུར་གྱུར་པའོ། །ཞེས་གསུངས།

       ཡི་གེ་སྦྱོར་བའི་ཚུལ་ཡང་། མདོ་གཟེ་མིག་ལས། ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་ཀྱང་དབུབ། །མགོ་ཡི་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད། །ཚེགས་ཀྱིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །གུག་འགྲེང་ན་རོ་ཞབས་ཀྱུ་ཡ་བཏགས་ཀྱིས། །སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །ཞེས་གསུངས་པ་འདིས། ཡིག་འབྲུ་ཀ་རྨད་སུམ་ཅུས་རྗོད་བྱེད་ཚིག་གམ་བོན་གྱི་ཁོག་དབུབ་པ་སྟེ་མིང་གཞིར་བཟུང་ནས། དེ་ལ་ཡན་ལག་གི་ཡི་གེ་མགོ་ཤད་ཚེག་གསུམ་སྔོན་རྗེས་དབྱངས་འདོགས་དང་། དེ་ལས་འཕྲོས་པའི་ཕྲད་རྣམ་དབྱེ་སོགས་ཀྱིས། མིང་ཚིག་དུས་གསུམ་བྱ་བྱེད་སོགས་གསལ་བར་བྱེད་པའི་དོན་དུ་རྒྱས་པར་སྦྱོར་དགོས་པ་བསྟན་པས། ཡི་གེ་སྦྱོར་བ་ཕྱིས་ཀྱི་མཁས་པས་བརྩམས་ཞེས། རྒྱལ་བའི་གསུང་ལ་ཟུར་ཟ་མི་བྱའོ། །བོད་ཡིག་གི་གཟུགས་ཀྱང་། དྲན་པའི་བཀའ་ཐང་ལས། དེ་ཚེ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། །བོད་ཀྱི་གཤེན་པོ་ཤ་རི་དབུ་ཆེན་དང་། །ལི་ཤུ་སྟག་རིང་ལ་སོགས་པཎ་གྲུབ་འགའ། །རྫུ་འཕྲུལ་རྩལ་གྱིས་སྟག་གཟིག་ཡུལ་དུ་བྱོན། །བོན་སྡེ་ཆེན་པོ་ཁྲི་དང་དྲུག་སྟོང་དྲངས། །ཞང་ཞུང་ཡུལ་དུ་སྒྲ་བསྒྱུར་ལོ་ཙ་མཛད། །དག་པ་ལྷ་ཡི་སྐད་ཀྱི་ཡི་གེ་ནི། །སྟག་གཟིག་སྐད་དུ་སྤུངས་ཡིག་དག་ཏུ་བསྒྱུར། །སྤུངས་ཡིག་ཞང་ཞུང་ཡིག་རྒན་ཉིད་དུ་བསྒྱུར། །ཡིག་རྒན་སྨྲ་སྦྲག་སྨྲ་ཆེན་སྨྲ་ཆུང་བསྒྱུར། །སྨྲ་ཆུང་དབུ་ཆེན་གཟབ་ཏུ་བསྒྱུར་བར་བྱས། །གཟབ་ལས་འབྲི་ཚ་བོད་ཀྱི་ཡི་གེར་བསྒྱུར། །ཞེས་གསུངས་པ་ལྟར། ངོ་བོ་འཕྲུལ་ཡིག་བཞི་བཅུ་ལས་འགྱུར་བ་མེད་ཀྱང་། གཟུགས་བརྙན་རིམ་པར་བསྒྱུར་ནས། ད་ལྟ་བོད་ཀྱི་ཡི་གེ་འདི་ཞང་ཞུང་དར་མ་དིར་གྱི་ཡི་གེ་ཡིན་ཞེས་སྔ་རབས་མཁས་པས་གསུངས་སོ། །

       དེ་ལ་མི་མཐུན་པར་སྨྲ་བ་ནི། ཆོས་མཛད་ཕལ་ཆེ་བ་ཞིག་གིས། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡན་ལ་བོད་ལ་ཡི་གེ་མེད་ཅིང་། ཡི་གེའི་སྲོལ་ནི་བློན་ཆེན་ཐུ་མིས་གསར་བཏོད་བྱས་ཟེར། ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་གནམ་རི་སྲོང་བཙན་ཡན་རྒྱལ་རབས་སུམ་ཅུ་རྩ་གཅིག་ལ། ཆབ་སྲིད་བོན་དང་སྒྲུང་ལྡེའུ་སོགས་ཀྱིས་བསྐྱངས། ཕྱ་སྣང་འཕྲུལ་སྲིད་བཞི་སོགས་འཇིག་རྟེན་པའི་ཐེག་པ་རྣམས་དར་བས། བོད་ཡུལ་དུ་གྲུབ་མཐའ་ལ་སྔ་བ་བོན་ཡིན་པའི་གཏན་ཚིགས་དེ་ནས་བྱུང་ཟེར། དེ་ཡང་ངག་ཐོག་ནས་བརྒྱུད་པ་ཙམ་ལས་ཡི་གེ་མེད་པ་ཐམས་ཅད་ཞལ་མཐུན་ནོ། །མགོ་བོ་བཅད་ནས་མཇུག་མ་བརྒྱན་ཟེར་བ་འདི་འདྲ་ལ་གོ་དགོས་སམ་སྙམ། སྤྲུལ་བའི་རྒྱལ་རབས་དེ་དག་གི་དུས་སུ་མདོ་སྔགས་རིག་གནས་དང་བཅས་བསྟན་པ་ཆེས་དར་བའི་ཁུངས་འགེབས་ནས། རང་བསྟན་ལ་ཤིན་ཏུ་བསྟོད་ཁུལ་གྱི་ལུགས་སུ་སྣང་ཡང་། རང་ཅག་ཡབ་མེས་གོང་མ་དང་རང་ཡུལ་བོད་ཀྱི་ཤེས་རིག་དར་རྒྱས་ལ་བསྐུར་འདེབས་དང་དམའ་འབེབས་བྱས་པ་དང་བོད་ཀྱི་རིག་གཞུང་ཐམས་ཅད་ཁུང་མེད་ལུང་མེད་དུ་བཏང་བ་མ་ཚོར་བ་སྣང་། འོ་ན་རྒྱལ་རབས་དེ་དག་གི་དུས་ཡི་གེ་ཡོད་པར་ཐལ། བོན་སྒྲུང་ལྡེའུ་སོགས་ཡོད་པ་གང་ཞིག བཟོ་རྩིས་སྒྱུ་རྩལ་སོགས་རིག་པའི་གནས་ལྔ་ཡོད་པའི་ཕྱིར། རྟགས་དང་པོ་ཁས་བླངས་ཤིང་། བོན་གྱི་བྱམས་མ་ལས། རྒྱལ་པོ་གཉའ་ཁྲིའི་རིང་ལ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་དར་ཏེ། ཞེས་གསུངས་པ་ལྟར། ཁྱེད་རྣམ་པས་ཀྱང་ཁས་ལེན་པ་འདྲ་བས་སོ། །མ་ཁྱབ་ན། ཁྱབ་པར་ཐལ། རྒྱུ་བོན་དེ་དག་ཡིག་ཐོག་ནས་བརྒྱུད་པ་དཔེ་རྒྱུན་དེང་སང་ཡང་བོན་ལུགས་ལ་སྤྱོད་བཞིན་པ་ཡིན་པའི་ཕྱིར་དང་། སྒྲུང་ལྡེའུ་ཞེས་པའང་ཚིག་རེ་གཉིས་མ་ཡིན་པར། བོད་ཀྱི་རྒྱལ་རབས་རང་རེས་བཤད་བཞིན་པའི་ལོ་རྒྱུས་སོགས་དང་། རྒྱལ་བུ་འཐིང་གེའི་ལོ་རྒྱུས། ཅང་རྒན་ཨ་ནུས་བྱས་པའི་བསྟན་བཅོས་ལྟ་བུ་སོགས་དཔེ་རྒྱུན་དེང་སངས་ཡང་ཡོད་པ། ཡིག་ཐོག་ནས་བརྒྱུད་པ་ཡིན་གྱི་ངག་རྒྱུན་ཙམ་མ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཚིག་ཚོགས་མང་པོ་བོད་མིས་བློར་འཛིན་ཐུབ་པའི་སྒྲུབ་བྱེད་མེད་ལ་གནོད་བྱེད་མང་བའི་ཕྱིར། གོང་གི་རྟགས་གཉིས་པ་གྲུབ་སྟེ། བཟོ་རྩིས་རིག་གནས་སོགས་ཐུ་མིའི་གོང་ནས་བོད་ལ་ཡོད་པའི་ཕྱིར། དེར་ཐལ། ཆོས་ཀྱི་རྒྱལ་རབས་གསལ་བའི་མེ་ལོང་ལས། དེར་རྒྱལ་བུ་ནར་སོན་དུས་བཟོ་དང་རྩིས་དང་སྒྱུ་རྩལ་དང་རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་པས་བློན་པོ་རྣམས་ན་རེ། འོ་ཅག་ཚོའི་རྗེ་འདི་ནི་ཡོན་ཏན་དུ་མ་དང་ལྡན་ཏེ་ཐུགས་ཤིན་ཏུ་སྒམ་མོ་ཞེས་ཟེར་བས། མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། །དེ་ནས་རྒྱལ་པོ་དེ་དགུང་ལོ་བཅུ་གསུམ་ལོན་དུས་ཡབ་འདས་ནས་རྒྱལ་སར་བྱོན་པ་ཡིན་ནོ། །ཞེས་གསུངས་པས། རྒྱལ་པོ་ནར་སོན་ཏེ་ཡོན་ཏན་དང་ལྡན་པར་གྱུར་ནས། རྒྱལ་སར་ཕེབས་པ་དངོས་སུ་གསལ་ཞིང་། དེ་ལྟར་ན། རྒྱལ་པོ་རྒྱལ་ས་མ་ཕེབས་གོང་དུ་ཐོན་མི་རྒྱ་གར་བྱོན་པའི་ལོ་རྒྱུས་མེད་ཅིང་། དེ་མེད་པས། རྒྱལ་བུས་བསླབ་བྱའི་རིག་གནས་དེ་དག་ཐུ་མིས་བྱས་པའི་ཡི་གེའི་སྟེང་ནས་མ་ཡིན་པ་ཤིན་ཏུ་གསལ་བའི་ཕྱིར། དེར་མ་ཟད་རྒྱལ་པོ་གྲི་གུམ་གྱི་དུས་སུ་སྦས་པའི་གཏེར་བོན་བོད་ཡིག་ཏུ་ཡོད་པ། གཤེན་ཀླུ་དགའི་གཏེར་བོན། དང་ར་ཁྱུང་རྫོང་གི་གཏེར་བོན། ཟང་ཟང་ལྷ་བྲག་གི་གཏེར་བོན་སོགས་བོད་ཡིག་ཤ་སྟག་ཏུ་ཡོད་པ། གཏེར་དཔེ་པོ་ཏི་ལས་དངོས་སུ་འདྲ་བཤུས་བགྱིད་ཆོག་པ་ཡོད་པས། བློ་གཟུ་བོར་གནས་ན་སྲོང་བཙན་ཡན་ལ་བོད་ཡིག་ཡོད་པའི་བདེན་དཔང་འདི་ལས་མི་དགོས་སོ། །གཞན་ཡང་རྒྱལ་པོ་དེ་དག་གི་རིང་ལ་རྒྱུ་འབྲས་བླ་མེད་ཀྱི་བོན་རྣམས་མེད་པར་སྨྲ་བ་ནི་ཤིན་ཏུ་མི་རིགས་ཏེ། འདུལ་སྔགས་སེམས་གསུམ་གྱི་བསྟན་པ། རྗེ་གཉའ་ཁྲིའི་རིང་ནས་དར་བ་ཡིན་པའི་ཕྱིར། དེར་ཐལ། འདུལ་བ་བྱུང་ཚུལ་གོང་དུ་བཤད་ཟིན་འདུལ་རྒྱུད་ལྟར་ལ། སྔགས་སེམས་ཀྱི་བསྟན་པ་བྱུང་ཚུལ་ནི། དྲི་མེད་ལས། དེ་དུས་དེ་དང་དུས་མཉམ་དུ། ཁ་བ་ཅན་གྱི་བོད་ཡུལ་དུ། ལྷ་རི་གྱང་ཐོ་བྱ་བ་རུ། །ཁྲི་བདུན་པ་ལ་བདུན་ཚིགས་དང་། །རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད། །གསང་བ་སྔགས་ཀྱི་བསྟན་པ་སྤེལ། །ཞེས་དང་། དབལ་རམ་ལས། གཉའ་ཁྲིའི་རྒྱལ་བློན་གྱིས་དབལ་རམ་བསྒྲུབས་ནས་མཁའ་སྤྱོད་དུ་གཤེགས། ཞེས་དང་། ཉི་སྒྲོན་ལས། མུ་ཁྲི་བཙན་པོས་སྣང་མདོག་ལ་ཁྲོ་བོ་དབང་ཆེན་རྒྱུད་གཞུང་མ་བུ་འཚམས་པར་ཞུས། ཞེས་དང་། ཡང་རྩེ་ཀློང་ཆེན་ལས། སྙ་ཆེན་ལི་ཤུ་སྟག་རིང་དགུང་ལོ་སྟོང་དང་ཉིས་བརྒྱ་བཞེས་དུས་སུ། སྟག་གཟིག་ནས་བོན་གྱི་ཡང་བཅུད་ཁྲི་ཁྲག་བཅུ་གཅིགཁྲུང་ཁྲུང་ཀང་ཀ་དུར་བྱ་ལ་སོགས་ལ་བཀལ་ནས། དྲོ་ཐེབ་གཅིག་གིས་ཏི་སེ་རུ་ཕེབས། དེ་ནས་དྲོ་ཐེབ་གཅིག་གིས་བསམ་ཡས་སུ་ཕེབས། རྒྱལ་པོའི་བླ་མཆོད་མཛད། ཅེས་དང་། ཞང་ཞུང་ནས་བོད་དུ་བསྒྱུར་བའང་ཡོད་དེ། རྒྱུད་ཉི་སྒྲོན་ལས། བོད་ཀྱི་བོན་པོ་རིག་པ་གསལ་བ། ཁྱུང་པོ་སྟག་སྒྲ་དོན་གཙུག སྙ་ལི་ཤུ་སྟག་རིང་། བྷེ་ཤོད་ཀྲམ། བཙོ་ཁྲི་གཙུག་བཞི་ལ། གསེར་ཕྱེ་འབྲོང་རུ་གང་བསྐུར་ནས་ཞང་ཞུང་ལ་བོན་འཚོལ་དུ་བཏང་བས། གཤེན་པོ་དེ་བཞིས་ཞང་ཞུང་གི་མཁས་པ་བཞི་ལ་གཏུགས་ཏེ་གསེར་ཕྱེ་ཕུལ་ནས་བོན་ཞུས་པས། བོན་གྱི་གསང་སྡེ་ཆེན་པོ་བཞི། འབུམ་སྡེ་ཆེན་པོ་ལྔ། ཕྱི་ནང་རྒྱས་བསྡུས་ཀྱི་བོན་སྡེ་མང་པོ་གནང་བ་བསྣམས་ཏེ། ཞང་ཞུང་ཡུལ་ནས་བོད་ཡུལ་དབུས་སུ་ཕྱིན། བོན་རྣམས་རྗེ་ལ་གཟིགས་ཕུལ་བས་རྗེ་ཡང་དགྱེས་སོ། །ཞེས་དང་། བདལ་འབུམ་ལས། ཡུལ་བྱེ་མ་གཡུང་དྲུང་དུ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས། བོད་ཤ་རི་དབུ་ཆེན་ལ་བོན་ཁྲི་སྡེ་བཤད་ཅིང་བསྒྱུར། ཞེས་དང་། མཛོད་ལས། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། བོད་ཤ་རི་དབུ་ཆེན་གཉིས་ཀྱིས། ཡུལ་བོད་དང་ཞང་ཞུང་གི་རུ་མཚམས་བྱེ་མ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་མགོ་བོར་གཤེན་རབ་མི་བོའི་བཀའ་གཞུང་ལས། བོད་དང་ཞང་ཞུང་གི་ཚིག་གི་ཚོམ་བསྡེབས་ནས་སྣང་སྲིད་གཏན་ལ་ཕབ། ཅེས་གསུངས་སོ། །

       དེ་ཡང་གནམ་གྱི་ཁྲི་བདུན་རིང་ལ་བོན་སྡེ་གང་ཞིག་དར་བའི་ངེས་པ་ནི། བླ་མ་ཆེ་དྲུག་གི་བོན་དར་བ་ཡིན་ཏེ། བྱམས་མ་ལས། ཕལ་ཆེ་བླ་ན་མེད་པའི་བོན། །ཐེག་པ་བླ་ན་མེད་པའི་བོན། །སྤྱོད་པ་བླ་ན་མེད་པའི་བོན། །འབྲས་བུ་བླ་ན་མེད་པའི་བོན། །དོན་དམ་བླ་ན་མེད་པའི་བོན་རྣམས་དར་རོ། །ཞེས་པ་ལྟར་རོ། ། དེ་ལྟར་བོན་སྡེ་རྣམས་གྲུབ་པའི་གཤེན་པོ་ཚོགས་ཀྱིས་འཆད་ཉན་སྒོམ་སྒྲུབ་ཀྱིས་རྒྱུན་བསྐྱངས་ཚུལ་ཡང་། ཉི་སྒྲོན་ལས། མུ་ཁྲིས། སྣང་བའི་མདོག་ཅན་ལ། ཁྲོ་བོ་དབང་ཆེན་གྱི་རྒྱུད་གཞུང་མ་བུ་འཚམས་པར་ཞུས། ལྷ་རི་གྱང་ཏོ་ལ་བསྒྲུབས་པས་གྲུབ་རྟགས་བསམ་གྱིས་མི་ཁྱབ། ཅེས་དང་། བྱམས་མ་ལས། དེའི་སྲས་མུ་ཁྲི་བཙན་པོས་བསླབ་པའི་དོན་གོ། བསྒྲུབ་པའི་དོན་གྲུབ། བསྒོམས་པས་དོན་རྟོགས་ནས། སྟག་གཟིག་ལ་སོགས་འཛམ་བུ་གླིང་གི་ལོ་ཙཱ་བསྒྱུར། ཞང་ཞུང་ནས་མཁས་པ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་བཙུག ཅེས་དང་། བསྒྲགས་བྱང་ལས། དེ་རྣམས་སུ་བཞུགས་པའི་གཤེན་པོ་དྲུག་ཅུ་རྩ་བདུན་བྱུང་། ཞེས་པ་གྲུབ་ཐོབ་གཤེན་དགུ། མཁས་པ་མི་བཞི། མཐུ་ཆེན་མི་དགུ། བོན་ཆེན་བཞི་བཅུ་རྣམས་སོ། །ཉི་སྒྲོན་ལྟར་ན། འདུ་གནས་སུམ་ཅུ་རྩ་བདུན་དུ་སྒྲུབ་པ་པོ་ཞེ་བརྒྱད། བོན་ཆེན་ཉི་ཤུ་རྩ་བཞི། གཡུ་རྔ་ཅན་བཅུ་གསུམ། མཁས་པ་དགུ། མཐུ་ཆེན་མི་དགུ་རྣམས་སོ། །མཁས་པ་དགུ་ནི། ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན། སྟག་གཟིག་གི་མཁས་པ་ཟ་རང་མེ་འབར། རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་གི་མཁས་པ་ལེགས་ཏང་སྨྲང་པོ། ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས། གེ་སར་གྱི་མཁས་པ་རྔམ་པ་ལྕེ་རིང་། བོད་ཀྱི་མཁས་པ་ཤ་རི་དབུ་ཆེན། མེ་ཉག་གི་མཁས་པ་ལྕེ་ཚ་མཁར་བུ། སུམ་པའི་མཁས་པ་དམུ་སྤུངས་གསལ་ཏང་དང་དགུའོ། །ལྷོ་གཏེར་ལྟར་ན། རྒྱུད་ལུང་མན་ངག་ལ་མཁས་པ་སེ་ཤ་རི། སྔགས་ཀྱི་གབ་གསང་ལ་མཁས་པ་ལྡེ་གྱིམ་ཚ། ཚིགས་སུ་བཅད་པའི་མདོ་སྡེ་ལ་མཁས་པ་མེ་ཉག་མཁར་བུ། འབུམ་གྱི་འགྲེས་རྐང་ལ་མཁས་པ་མཐའ་བཞི་བུམ་བུ་ཆུང་། རིགས་འགྲེ་ལ་མཁས་པ་སྤེ་བོན་གཏོ་རྒྱལ། དཀྱིལ་འཁོར་ཕྱི་ནང་གསང་གསུམ་ལ་མཁས་པ་རྒྱ་བོན་འབྲི་ཐང་སྣ་བ། སྒྲ་སྐད་བྱེ་བྲག་ལ་མཁས་པ་དམུ་གཤེན་ཏིང་ཝེར། ༔སྤྲོ་བསྡུའི་དོན་ལ་མཁས་པ་འགྲོ་མགོན་ལྷ་དཔལ་ཀླུ་རིང་། ལྟ་སྒོམ་སྤྱོད་པ་ལ་མཁས་པ་ཁྱུང་པོ་གྱེར་ཟླ་མེད་རྣམས་སོ། །དེ་དག་ནི་རིག་པའི་གནས་སྤྱི་དང་བྱེ་བྲག་ཀུན་ལ་མཁས་པའི་རྩེར་གཤེགས་པ་ཁོ་ནའོ། །ལོ་པཎ་གཤེན་བརྒྱད་ནི། རྡལ་པ་ལྕེ་རིང་། དམུ་ཚ་གྱེར་མེད། ཟ་རང་མེ་འབར། མུ་སྤུངས་གསལ་ཏང་། དྲན་པ་ནམ་མཁའ། རྒྱུང་བོན་མུ་ཁོད། རྗེ་རྒྱལ་ལྷ་སྒོམ། བློན་ཆེན་མུ་ཐུར་དང་བརྒྱད་དོ། །མཁས་པ་ཉི་ཤུ་ནི། གནུབ་བོན་དྲན་པ་ནམ་མཁའ། ཁྱུང་པོ་སྟག་སྒྲ་དོན་གཙུག སྙ་ཆེན་ལི་ཤུ་སྟག་རིང་། ཀུ་རིབ་བཙན་དོར་མི་སར། ཕུ་ལི་གྲུ་འཛིན། བྷེ་བོན་ཤོད་དྲམ། གྱིམ་ཐང་རྨ་བོ། སུམ་པ་མུ་ཕྱ། ཧས་པོ་དུག་འདུལ། ཕྱ་བོན་སྟག་ར་གྱེར་ཤག བ་གོར་དོད་དེ་རྒྱལ་བ། ལྗང་ཚ་འཕེན་སྣང་། གནུབ་མར་གཤེན་བཞི་བཙན། ཁྱི་མ་གི་ར་མོན་པ། མགར་ལྷ་གཤེན་འཕྱིས་པ། སྐུ་གྱིམ་ཐང་རྨ་བོ། འགུར་དཔོན་བློན་གསས་ཆེན། མཆིམས་ཁྲི་ཟུར་སྟོང་ལོད། མཁའ་འགྲོ་ཅོ་ཟ་བོན་མོ། འགོས་ཁྲི་སྟོང་རྒྱལ་པོ་སྟེ་ཉི་ཤུའོ། །མཐུ་བོ་ཆེ་མི་དགུ་ནི། གངས་རི་སོར་མོས་འདེགས་པའི་ལི་བོན་མུ་ཆོ། རྩི་ཤིང་རང་སྡུད་བྱེད་པའི་གཅོ་གྱིམ་བུ་ལན་ཆོ། གནམ་ས་གོ་བཟློག་ནུས་པའི་རྒྱ་བོན་མུ་ཆོ། རྒྱ་མཚོ་བལ་འདབ་ལ་སྤུར་བའི་སུམ་པ་མུ་ཕྱ། ཧས་པོ་རི་མེའི་ཞགས་པས་བཅིང་བའི་ཁུ་བོན་མཐོང་གྲགས། བདུད་སྲིན་དངོས་སུ་བཀུག་པའི་ཞང་ཞུང་མུ་ཆོ། ཡར་ཆབ་གྱེན་དུ་བཟློག་པའི་ལྗང་ཚ་འཕེན་སྣང་། རིབ་རབ་མཛུ་རྩེས་གསོར་བའི་འཇང་བོན་འཕེན་སྣང་། སྐྱི་གཙང་གོམ་པས་འཇལ་བའི་རྨ་བོན་ཞུགས་དཀར་དང་དགུའོ། །བོན་ཆེན་བཞི་བཅུ་རྩ་གཉིས་ནི། རྒྱལ་གྱི་སྐུ་འཚོ་བའི་གཤེན་བཅུ། བློན་གྱི་གྲོས་འཚོ་བའི་གཤེན་བཅུ། རྒྱ་བོད་ཀྱི་མཐའ་སྲུང་བའི་གཤེན་བཅུ། སུམ་པ་སྟོང་སྡེའི་སྨད་ན་སྲུང་བའི་གཤེན་བཅུ། བཀྲ་ཤིས་གཡང་ལེན་ངོ་སྤྲོད་གཉིས་ཏེ་བཞི་བཅུ་རྩ་གཉིས་སོ། །

       དེ་དག་ཕྲིན་ལས་ཕྱོགས་གཅིག་གི་ཆ་ནས་བསྐོས་ཐོབ་ཀྱི་མཚན་བཏགས་པ་ལས། དོན་དུ་རིག་འཛིན་རྣམ་བཞིའི་གོ་འཕང་བརྙེས་པ་ཤ་སྟག་གོ། །དེ་ཡང་བོན་གཤེན་དེ་དག་གིས་སྒྲུབ་གནས་སོ་སོར་སྒྲུབ་པ་མཛད་ཚུལ་ཅུང་ཟད་ཞིབ་ཏུ་བཤད་ན། འདི་ལྟར་དམུ་གཤེན་སྣང་བ་མདོག་ཅན་གྱིས་རྒྱལ་གཤེན་མི་ལུས་བསམ་ལེགས་དང་ཀླུ་གྲུབ་ཡེ་ཤེས་སྙིང་པོ་གཉིས་ལ་ཞུས་ནས། རི་རྒྱལ་ལྷུན་པོའི་ཕོ་བྲང་དུ་ལྷ་མོ་འོད་ལྡན་ཟེར་འཕྲོ་མ་གྲོགས་སུ་བཙལ་ནས་བསྒྲུབས་པས། ལྷ་བྲན་རྣམས་དབང་དུ་འདུས་པ། ལྷ་སྲིན་དྲེགས་པ་ཅན་དམ་ལ་ཐོགས་པ། ལྷ་རྣམས་འདུད་ཅིང་གསོལ་ཟས་འདྲེན་པ། ནམ་མཁའ་ལས་མེ་ཏོག་གི་ཆར་འབེབ་པ་སོགས་ཐུན་མོང་གི་གྲུབ་རྟགས་དཔག་མེད་མངའ་ཞིང་མཆོག་ཡེ་ཤེས་ཀྱི་ལྷ་དང་གཉིས་སུ་མེད་པར་གྱུར་ཏོ། །སྣང་མདོག་གིས་རྒྱལ་གཤེན་མུ་ཁྲི་བཙད་པོ་ལ་བརྒྱུད་དེ། མུ་ཁྲིས་ལྷ་རི་གྱང་མ་གྱང་ཐོའི་གནས་སུ་རྫུ་འཕྲུལ་སྨན་བཞི་གྲོགས་སུ་བསྟེན་ནས་བསྒྲུབས་པས་གྲུབ་རྟགས་ཐུན་མོང་དུ་ནམ་མཁའ་ལ་བྱ་བཞིན་དུ་འཕུར་བ། ཆུ་ལ་མི་ཕྱིང་བ། བར་སྣང་ལ་འབྲུག་ཁྱུང་སེང་གེར་སྤྲུལ་ནས་བྱོན་པ། མྱ་ངམ་སྣམ་བུ་ལ་མེ་ཏོག་འཁྲུངས་ནུས་པ། ལུང་སྐམ་ལ་ཆུ་བོ་འབབ་པ། ལྗགས་མཆིལ་ལ་མེ་འབར་བ། གནམ་ལྕགས་ཕབ་སྟེ་བདུད་རིགས་འཇོམས་པ། ཉི་ཟླ་མཎྜལ་དུ་བཀོད་པ། ལྷ་སྲིན་བྲན་དུ་འཁོལ་བ། སྨན་བཞི་འཁོར་དུ་འདུས་པ། ཏིང་ངེ་འཛིན་གྱི་ཟས་ཀྱིས་འཚོ་བ་སོགས་ངོ་མཚར་བ་དུ་མ་བསྟན། མཆོག་དབལ་གསས་རྔམ་པའི་སྐུ་དང་གཉིས་མེད་དུ་གྱུར། དེར་རྒྱལ་པོའི་བོན་ཟབ་པའི་གནད་ཀྱིས་སྤེལ་བ་ལ་ཕངས་ནས་གཞན་ལ་མ་བསྟན་པས་མི་རབས་གསུམ་དུ་གསང་བ་རྩ་འགགས་སུ་སོང་བས་རྒྱལ་པོའང་དེའི་སྐྱོན་གྱིས་ཐུན་མོང་གི་གྲུབ་རྟགས་སུམ་ཆ་བྲིའོ། །དེའི་ཚེ་གསང་སྔགས་ཀྱི་བོན་ནུབ་པར་དགོངས་ནས། རྫུ་འཕྲུལ་སྨན་བཞིས་རྒྱལ་པོའི་གསང་མཛོད་ནས་བསེའི་སྒྲོམ་བུ་ཕྱུང་སྟེ་མོན་ཡུལ་དུ་མོན་བོན་ཧ་ར་ཅི་པར་ལ་དངོས་གྲུབ་ཏུ་སྩལ་ཏེ། མོན་བོན་གྱིས་མ་བསླབ་པར་མཁྱེན་ནས་ལྷོ་རི་མོན་རི་རྒྱ་རི་གསུམ་གྱི་གནས་སུ་བོན་མོ་སྟག་ཟ་ལི་ཝེར་གྲོགས་སུ་བསྟེན་ནས་བསྒྲུབས་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་སྐུ་འོད་དུ་གྱུར། ཐུན་མོང་གི་གྲུབ་རྟགས་ནི། བྲག་གི་ཕུགས་ནས་འཇའ་འོད་ཀྱི་ཞགས་པ་འདྲེན་པ། མི་རྒོད་སྲིན་པོ་བཅིང་བ། ཐེའུ་རང་བྲན་དུ་བཀོལ་བ། ཆུ་བོ་གྱེན་ལ་ལྡོག་པ། རི་དྭགས་རྟ་ལྟར་ཞོན་པ། རི་བོ་ཟོར་དུ་འཕེན་པ། གྲན་ལ་གཟིགས་པ་ཙམ་གྱིས་འཆི་བ་སོགས་ངོ་མཚར་བ་དུ་མ་བསྟན། བོན་མོ་སྟག་ཝེར་ལི་ཝེར་གྱིས་མཚོ་མུ་ལེའི་འགྲམ་དུ་བསྒྲུབས་པས་གྲུབ་པ་ཐོབ་སྟེ། གཅན་གཟན་རྣམས་བེའུ་ལུག་ལྟར་འཁོལ། ཀླུ་གཉན་ས་བདག་དབང་དུ་འདུས། ལུས་ཅིར་ཡང་བརྫུ་བ་སོགས་གྲུབ་རྟགས་དཔག་མེད་མངའ། མི་ཡུལ་དུ་ལོ་སུམ་བརྒྱ་དང་དྲུག་ཅུ་བཞུགས་ནས་སྐུ་ལུས་མ་བོར་བར་མཁའ་སྤྱོད་དུ་གཤེགས་སོ། །དེ་གཉིས་ཀྱིས་ཞང་ཞུང་ཨ་ནུ་ཕྲག་ཐག་ལ་བརྒྱུད་དེ། དེས་གངས་ཏི་སེ་ལ་གཡུང་དྲུང་རྒྱལ་མོ་གྲོགས་སུ་བཙལ་ནས་བསྒྲུབས་པས། ལྷ་ལྔའི་ཞལ་དངོས་སུ་གཟིགས། གསེར་ཛྭས་སྲིན་ཡུལ་བསྲེགས་པ་དང་། པྲ་མོ་ཧའི་ཛྭ་འཕངས་པས་བསྟན་དགྲ་བསྒྲལ་བ་དང་། དུག་ཛྭས་གྲན་ལུས་གཞིག་པ་དང་། དུག་ཟས་ལྟར་གསོལ་བ་དང་། མི་མིན་བྲན་དུ་བཀོལ་བ་སོགས་གྲུབ་རྟགས་དཔག་མེད་མངའ། དགུང་ལོ་ཉིས་བརྒྱ་ལྔ་བཅུ་རྩ་ལྔར་བཞུགས་ནས་འོད་ཀྱི་སྐུར་སངས་རྒྱས་སོ། །དེས་ཞང་ཞུང་སད་ནེ་གའུ་ལ་བརྒྱུད་དེ། དེས་དང་ར་གཡུ་བུན་གྱི་གནས་སུ་ཀླུ་ལྕམ་འབར་མ་གྲོགས་སུ་བསྟེན་ནས་བསྒྲུབས་པས་མཛེ་ནད་གསོ་བ། དམག་སྣ་ཤྭ་སྣ་ཆུ་སྣ་བཟློག་པ། གཅན་གཟན་ལ་ཁལ་འགེལ་བ། སྐུ་ལ་མེ་འབར་བ་སོགས་རྫུ་འཕྲུལ་དུ་མ་བསྟན། སྐུ་ནམ་མཁའ་དྭངས་བ་ལྟར་སངས་རྒྱས་སོ། །དེས་ཐད་མི་ཐད་ཀེ་ལ་བརྒྱུད་དེ། དེས་དང་ར་ཁྱུང་རྫོང་གི་གནས་སུ་སྨན་ཅིག་གཡུ་ལོ་མ་ལས་ཀྱི་ཕྱག་རྒྱར་བཟུང་ནས་བསྒྲུབས་པས་མཆོག་གི་དངོས་གྲུབ་ཐོབ། ཞང་ཞུང་སེ་ལྡེ་དང་། ཏ་ལ་དང་། ཏ་མི་དང་། ཤུད་དང་ཀྱེ་མང་སྡེ་དང་གུ་གེ་ལ་སོགས་པ་དམག་ཁྲི་དྲུག་སྟོང་དུས་གཅིག་ཏུ་བྱུང་སྟེ། ཐད་མི་ལ་དོ་བསྔོ་བའི་ཚེ། ཏིང་ངེ་འཛིན་གྱི་མཐུས་དམག་མི་རྣམས་སྟབས་གཅིག་ཏུ་བརྒྱལ་ཐབས་སུ་འགྱེལ་བར་མཛད། དབུ་ཞྭ་ནམ་མཁར་འཕངས་བ་བྱ་གླག་ཏུ་གྱུར་ཏེ། བསྟན་དགྲ་འདེད་པ། ཆག་མ་བོང་བུར་སྤྲུལ་ནས་ཐེའུ་རང་བསྒྲལ་བ། ཡུལ་མཁར་ལ་མེ་མཆེད་པ་མཆིལ་མས་བསད་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་བསམ་ལས་འདས། ལོ་ཉིས་བརྒྱ་བདུན་ཅུ་རྩ་བདུན་བཞུགས་ནས་གཡུ་འབྲུག་ལ་བཞོན་ནས་ནམ་མཁའ་ལ་མི་སྣང་བར་གཤེགས་སོ། །དེས་ཤད་བུ་ར་ཁུག་ལ་བརྒྱུད། དེས་དྲུང་སྟག་ཚལ་ཕུག་ཏུ། རང་གསལ་དོན་ལྡན་མ་སྒྲུབ་པའི་ཕྱག་རྒྱར་བཟུང་ནས་བསྒྲུབས་པས་མཆོག་གི་དངོས་གྲུབ་བརྙེས། ཐུན་མོང་དུ་སྟག་གཟིག་ཏུ་བརྫུས་ནས་གཅན་འཕྲང་བསྒྲལ་བ་དང་། བྱ་རྒོད་དུ་སྤྲུལ་ནས་ནམ་མཁའ་ལ་ལྡིང་བ་དང་། གྲན་གྱི་ཤ་ཁྲག་ལ་དབལ་མོ་དངོས་སུ་དབབ་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། མྱ་ངན་གྱིས་ནོན་པའི་སེམས་ལ་བདེ་བ་བསྐྱེད་པ་སོགས་ངོ་མཚར་བའི་གྲུབ་རྟགས་དུ་མ་བསྟན། ལོ་ཉིས་བརྒྱ་བཞུགས་ནས་ནས་འཇའ་འོད་དུ་གཤེགས།

       དེས་རྒྱ་ནག་གི་ཡུལ་དུ་རྒྱ་བོན་ཟིངས་པ་མཐུ་ཆེན་ལ་གདམ་པ་བསྟན། དེས་རྒྱ་ཡུལ་གོང་བུ་དམར་རིར། རྒྱ་ལྕམ་དཀར་མོ་གྲོགས་སུ་བསྟེན་ནས། བསྒྲུབ་པ་མཛད་པས་མཆོག་གི་གྲུབ་པ་བརྙེས་ཏེ། གྲུབ་རྟགས་སུ་སྐུ་ལུས་སྤྱང་ཀུར་སྤྲུལ་ནས་གྲན་དངོས་སུ་བཀུག་པ་དང་། རྒྱ་མཁར་གྱི་དབུས་སུ་ཆུ་བཏོན་པ་དང་། ཚེ་ཟད་པའི་ཚེ་བསྲིང་པ་དང་། ཉི་ཟེར་ལ་ན་བཟའ་བཀལ་བ་དང་། རྒྱ་རྗེའི་སྐུ་གླུད་རང་འགྲོས་སུ་བཏང་བ་སོགས་གྲུབ་རྟགས་བསམ་ལས་འདས། དེས་སྤེ་བོན་ལ་གདམ་པ་ཕོག་ནས་མཁའ་སྤྱོད་དུ་གཤེགས། སྤེ་བོན་གྱིས་ཡར་ལྷ་ཤམ་པོར། དཀར་མོ་སྤྱན་གཅིག་མས་གྲོགས་མཛད་ནས་བསྒྲུབས་པས་གྲུབ་པའི་གོ་འཕང་བརྙེས། ཞང་ཞུང་ཁ་ཡུག་གི་མཚོ་གཡུ་རི་བྱ་བ་སྨྲ་ཞི་ཧྲངས་ཀྱིས་ཞག་གསུམ་འཁོར་བ་ཞིག་ཡོད་པ་གཡུ་གལ་ལྗང་དུ་བྱས་ནས་ལྟག་པར་བཞེས་པ་དང་། བདུད་དང་མཚོ་སྨན་བྲན་དུ་བཀོལ་བ་དང་། ཉི་ཟེར་ལ་བཞོན་ནས་འཛམ་གླིང་བསྐོར་བ་དང་། མེ་ཏོག་གི་ཆར་འབེབས་པ་དང་། སྐུ་དུ་མར་སྤྲུལ་ནས་འགྲོ་དོན་མཛད་པ་སོགས་མཆོག་གི་རྣམ་ཐར་མང་། ལོ་ཉིས་བརྒྱ་དང་དྲུག་ཅུ་རྩ་གཅིག་བཞུགས་ནས་གདམ་པ་སྤེ་བོན་ཐོག་རྩེ་ལ་བརྒྱུད་དེ་ཕུང་པོ་གཞི་ལ་མ་ལུས་པར་སངས་རྒྱས་སོས། །སྤེ་བོན་ཐོག་རྩེས་འཕན་ཡུལ་བྲག་དཀར་གྱི་གནས་སུ་སྤ་བཟའ་ཀུན་དགའ་མ་གྲོགས་སུ་བཙལ་ནས་བསྒྲུབས་པས་མཆོག་ཐུན་གྱི་གྲུབ་པའི་གོ་འཕང་བརྙེས་ཏེ་གཡག་རྒོད་དང་ཆུ་སྲིན་ལ་བཞོན་ནས་དམུ་བདུད་བཙན་གསུམ་བྲན་དུ་བཀོལ་བ་དང་། དུས་གཅིག་ལ་སྤྲུལ་བ་དུ་མ་སྟོན་པ་སོགས་ངོ་མཚར་བའི་རྣམ་ཐར་བསམ་ལས་འདས། ལོ་བརྒྱ་དང་སུམ་ཅུ་རྩ་ལྔ་ལོན་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ། །དེས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། སྟོང་རྒྱུང་གིས་གནམ་མཚོ་དོ་རིང་གི་གནས་སུ། མཚོ་སྨན་རྒྱལ་མོས་གྲོགས་བྱས་ཏེ་བསྒྲུབས་པས་གྲུབ་པ་ཐོབ། གསེར་དང་ཉུངས་ཀར་ཟོར་འཕང་བས་དགྲ་བགེགས་བསྒྲལ་བ་དང་། གནམ་མཚོ་དར་དཀར་གྱི་མཐུ་བར་དྲིལ་ཏེ་ཁྱེར་བ་དང་། རི་བྲག་ཟོར་དུ་འཕེན་པ་དང་། ཏིང་ངེ་འཛིན་གྱི་ཟས་ཀྱིས་འཚོ་བ་དང་། རིགས་ལྔའི་ལྷ་བྱང་ཁོག་ནས་ལམ་མེར་སྟོན་པ་སོགས་གྲུབ་རྟགས་བསམ་ལས་འདས། མི་དང་མི་མིན་གྱི་འགྲོ་དོན་རྒྱ་ཆེར་མཛད་ནས་མཁའ་སྤྱོད་དུ་གཤེགས་སོ། །དེས་སེ་དམུ་ཚ་ཤ་རི་དབུ་ཆེན་དང་། མེ་ཉག་ལྕེ་ཚ་མཁར་བུ་ཆུང་དང་། ལྡེ་བོན་གྱིམ་ཚ་རྨ་ཆུང་གསུམ་ལ་བརྒྱུད་དེ། དེ་གསུམ་གྱིས་མང་མཁར་ལྕགས་འཕྲང་ཕུག་ཏུ། ལྷ་ལྕམ་འོད་འཕྲོ། ཀླུ་ཟ་མཐིང་བཙུན། རྨ་བཙུན་ཕྱུག་མོ་གྲགས་གྲོགས་སུ་བཙལ་ནས་བསྒྲུབས་པས། གྲུབ་པའི་རྟགས་སུ། ཤ་རིས་ཆུ་རྟ་སྔོན་པོ་ལ་བཞོན་ནས་མཚོ་གཡུ་བུན་གྱི་ནང་དུ་གཤེགས་བཞུད་མཛད་པ་དང་། མཚོ་སྨན་གྱིས་དྲོ་འདྲེན་པ་དང་། ལྕེ་ཚས་སྐུ་གསེར་གྱི་མི་རྟར་སྤྲུལ་ནས་སྐྱིན་ཆུ་དང་རྨ་ཆུ་བསྒྱུར་བ་དང་། གྱིམ་ཚས་ཕ་བོང་ལ་བཞོན་ནས་རྒྱུག་པ་དང་། གཅན་གཟན་ལ་ཁལ་འགེལ་བ་སོགས་ངོ་མཚར་བསམ་ལས་འདས། གསུམ་ཀ་ནམ་མཁའ་ལ་འཕུར་ནས་ཕུང་པོ་ལྷག་མེད་དུ་གཤེགས་སོ། །དེ་བཞིན་དུ་གེ་ཁོད་དང་། ཕུར་བ་དང་། མེ་རི་སོགས་བརྒྱུད་འཛིན་གྱི་གཤེན་པོ་རྣམས་ཀྱི་རྣམ་པར་ཐར་བ་ངོ་མཚར་བསམ་ལས་འདས་པ་ཡོད་ཅིང་། གནམ་གྱི་ཁྲི་བདུན་རིང་ལ་དེ་དག་གི་བསྟན་པ་དར་བ་ཡིན་ཀྱང་། ཡི་གེ་མང་གིས་དོགས་ནས་མ་བྲིས་སོ། །

       རྫོགས་ཆེན་གྱི་བོན་སྡེ་དར་ཚུལ་ལ།  སྤྱིར་རྫོགས་ཆེན་གྱི་བོན་སྒོ་ལ་བགྲང་གིས་མི་དཔོག་པར་ཡོད་ཀྱང་། བསྡུས་ན། སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། རྫོགས་ཆེན་བསྒྲགས་པ་སྐོར་གསུམ། སེམས་སྨད་སྡེ་དགུ་སོགས་སུ་འདུས་པར་གསུངས་སོ། །འདིར་ཞང་ཞུང་སྙན་རྒྱུད་བླ་མ་རྣམས་ཀྱི་གྲུབ་པ་བརྙེས་ཚུལ་ཅུང་ཟད་གླེང་ན། དེ་ལ་རིང་བརྒྱུད་ཉེར་བརྒྱུད་སོགས་བརྒྱུད་ཚུལ་མང་དུ་ཡོད་པ་ལས། འདིར་འཁྲུགས་ཅན་ལྟར་གྱེར་སྤུངས་ཡན་གྱི་བླ་མ་རྣམས་ཀྱི་རྣམ་ཐར་ལ། འཆི་མེད་གཙུག་ཕུད་ནས་དཔོན་ཆེན་ཧོ་ཏི་ལ་བརྒྱུད། དེས་ཀུན་མཁྱེན་དོན་འགྲུབ་ལ་བརྒྱུད། དེ་གཉིས་ཀས་སྣང་ལུས་སེམས་གསུམ་དབྱིངས་སུ་བསྐྱལ་ནས། གདོད་མའི་གཞི་ཐོག་ཏུ་གྲོལ། ཀུན་མཁྱེན་གྱི་སློབ་མ་ཚེ་སྤུངས་ཟླ་བ་རྒྱལ་མཚན་གྱིས་བྲག་དམར་ཤད་ཀྱི་གནས་སུ་ལོ་དགུར་བསྒོམས་པས་ཕྱི་ནང་གི་སྙིགས་མ་དྭངས་ཏེ་འཇའ་འོད་དུ་ཡལ། དེའི་སློབ་མ་ར་སངས་ཀླུ་རྒྱལ་གྱིས་གནས་སྤོ་དམར་དུ་བསྒོམས་པས་སྣང་བཞི་ཚད་དུ་ཕྱིན། དེའི་སློབ་མ་དཔོན་ཆེན་ཧྲི་ཙས་སྟག་ཐབས་སེང་གེའི་བྲག་ལ་ལོ་དགུར་བསྒོམས་པས་ཡེ་ཤེས་རྫོགས་པའི་སྐུ་བརྙེས། དེའི་སློབ་མ་ར་སངས་ཀུ་མ་ར་ཛས་གནས་ནེ་རིང་དུ་ལོ་དགུར་བསྒོམས་པས། སྐུ་གསུམ་ལམ་སྣང་དུ་ཆོད། དེའི་སློབ་མ་ར་སངས་བསོད་རྩེས་དབེན་པར་ལོ་བཅུ་གསུམ་བསྒོམ་པས་བོན་ཉིད་ཟད་སར་བསྐྱལ། དེའི་སློབ་མ་ཞང་ཞུང་སད་ནེ་གའུས་བྲག་ཕུག་ཏུ་ལོ་བཅུ་དྲུག་ཏུ་བསྒོམས་པས་འབྱུང་བ་རང་སང་དེངས། དེའི་སློབ་མ་གུ་རུབ་ལྷ་སྦྱིན་གྱིས། གྲོང་ཡུལ་མ་མཐོང་བར་བྱ་ཚང་གི་གནས་སུ་ལོ་བཅུ་གཅིག་བསྒོམ་པས་འོད་ལུས་སུ་གྲོལ། དེའི་སློབ་མ་གུ་རུབ་དཔལ་བཟང་གིས། རིར་འགྲིམ་ནས་ཉམས་སུ་བླངས་པས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་གྲོལ། དེའི་སློབ་མ་ར་སངས་ཁྲི་ནེ་ཁོད་ཀྱིས་ལྷོ་གཅན་རོང་དུ་ཉམས་སུ་བླངས་བས་མཆོག་ཐུན་མོང་གི་དངོས་གྲུབ་བརྙེས། དེའི་སློབ་མ་སུམ་པའི་བོན་པོ་ཨ་བ་ལྡོང་དང་། དེའི་སློབ་མ་རྒྱ་བོན་གསལ་བ་འོད་ཆེན་གཉིས་ཀྱིས། སུམ་པ་དང་རྒྱ་ནག་གི་ཡུལ་དུ་བརྒྱུད། རྒྱ་བོན་གྱི་སློབ་མ་ཇག་རོང་གསས་མཁར་བྱ་བ་བྱུང་། གསུམ་གའང་གདོས་བཅས་ཀྱི་སྣང་བ་ཟད་ནས་དྭངས་མའི་སྐུ་རུ་གྱུར། ཇག་གསས་ཀྱི་སྲས་གསུམ་ལས། བར་བ་གྲུབ་པ་རྒྱལ་མཚན་ལ་གདམ་པ་བསྟན་པས། དེས་བྲག་དམར་སྟག་ཚང་དུ་ལོ་བརྒྱད་བསྒོམས་པས། ཕྱི་ནང་གི་གདོས་པ་ཀུན་ལས་གྲོལ། དེའི་སློབ་མ་ཁྱུང་ཁོ་བཀྲ་རྒྱལ་གྱིས་ཞང་ཞུང་ས་ཏིའི་ཕུག་ཏུ་ལོ་ཉེར་གཅིག་བསྒོམས་པས་ཟག་པ་མེད་པའི་སྐུ་བརྙེས། དེའི་སློབ་མ་སྲས་ལེགས་མགོན་གྱིས་མཚོ་རི་ཏིའི་དོལ་ལ་ལོ་བརྒྱད་བསྒོམས་པས་དངོས་སྣང་འོད་དུ་ཡལ། དེའི་སློབ་མ་མ་ཧོར་སྟག་གཟིག་གིས་གངས་ཏི་སེ་ལ་ལོ་བཅུ་གཉིས་བསྒོམས་ཀྱང་ད་དུང་ཡིད་མ་ཆེས་ནས། སླར་ལོག་སྟེ་བླ་མ་ལ་ལོ་དེ་ཙམ་དུ་ཉམས་སུ་བླངས་ཀྱང་ཡིད་ཆེས་མ་རྙེད་པས་གདམ་ངག་ཅིག་ཞུ་ཞུས་ཏེ་གསེར་སྲང་བཅུ་ཕུལ་བས། བླ་མས་གསེར་མི་འདོད་གསུངས། གདམ་ངག་གནང་བས། ཁོས་ལོ་དྲུག་བསྒོམས་པས་གཟོད་གྲུབ་པ་ཐོབ་བོ། །གཞན་ཡང་གསང་འདུས་ནས་བརྒྱུད་པ་ཁ་ཡར་བ་གཉིས་དང་། འཁྲུག་མིན་ལྟར་བརྒྱུད་ཁུངས་ནས་གྱེར་སྤུངས་ཡན་བླ་མ་ཉེར་བཞིར་བྱོན་པ་རྣམས་ཀྱང་འཇའ་ལུས་པ་ཤ་སྟག་ཡིན་ནོ། །

       གྱེར་སྤུངས་ཀྱི་བླ་མ་ཏ་པི་ཧྲི་ཙ་ཡང་འཇའ་ལུས་པ་སྟེ། ཁོང་གིས་སྟག་ཐབས་སེང་གེ་བྲག་ལ་ལོ་དགུར་སྒོམ། གྱེར་སྤུངས་ཉིད་དགུང་གྲངས་ལྔ་བརྒྱ་དང་དོན་གསུམ་པར་ལེའུ་བརྒྱད་པའི་གདམ་པ་གནང་བའི་མདོ་ནས་འཕོ་ཆེན་གྱི་སྐུ་བཟུང་སྟེ་འགྲོ་དོན་མཐའ་ཡས་པར་མཛད་ནས་གཞི་དབྱིངས་སུ་སྙོམ་པར་བཞུགས་སོ། །དེའི་སློབ་མ་རྒྱ་ཏིག་གསས་ཆུང་གིས་གནས་མེ་ལ་རྒྱུང་དུ་བསྒོམས་པས་བོན་སྐུའི་དགོངས་པ་བརྙེས། ལོ་སུམ་བརྒྱ་དང་བཅུ་བདུན་བཞུགས་ནས་དབྱིངས་སུ་གཤེགས་སོ། །དེའི་སློབ་མ་དམུ་ཙོ་གེས་ཡུན་རིང་པོར་ཉམས་སུ་བླངས་པས། ཕུང་པོའི་སྙིགས་མ་དག་སྟེ་ལོ་བརྒྱ་དང་དོན་གསུམ་བཞུགས་ནས་བྱ་གནམ་ལ་འཕུར་བ་ལྟར་གཤེགས་སོ། །དེའི་སློབ་མ་དམུ་ཙོ་སྟོང་གིས་ཤང་ཤེལ་རོང་བྱ་བའི་སྒྲུབ་གནས་སུ་བསྒོམས་པས་འབྱུང་བ་རང་སར་དག་སྟེ་ལོ་བརྒྱ་དང་བཅུ་གསུམ་ན་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་གཤེགས། དེའི་སློབ་མ་དམུ་ཤོད་དྲམ་ཆེན་པོས་གངས་གཉན་རྟ་རྒོད་དུ་བསྒོམས་པས་ཡེ་ཤེས་རྫོགས་པའི་སྐུ་བརྙེས་ཏེ། ལོ་བརྒྱ་དང་བཅུ་བདུན་ནས་སེང་གེ་གནམ་ལ་མཆོངས་པ་ལྟར་གཤེགས་སོ། །དེའི་སློབ་མ་དམུ་རྒྱལ་བློ་གྲོས་ཀྱིས་ཟང་ཟང་ལྷ་བྲག་གི་གནས་སུ་བསྒོམས་པས་སྣང་བཞི་ཚད་དུ་ཕྱིན་ནས་ལོ་ཉིས་བརྒྱ་དང་བདུན་ཅུར་བཞུགས་ནས་སེམས་ཅན་མཐའ་ཡས་པའི་དོན་རྒྱ་ཆེར་མཛད་ནས་བར་སྣང་གི་རླུང་ཞི་བ་ལྟར་སངས་རྒྱས་སོ། །དེའི་སློབ་མ་དཔོན་བཙན་པོ་བྱ་བས་གཡས་རུ་ཤངས་བྲག་གི་རི་ལ་བསྒོམས་པས་རྒྱལ་བའི་དགོངས་པ་མངོན་དུ་བརྙེས། གཏེར་ཆེན་གཤེན་ཆེན་ཀླུ་དགའི་སྐུ་ཚེའི་སྟོད་ཡན་ཆད་ལ་བོད་དུ་བཞུགས་ནས། ཁྱུང་བྱིད་མུ་ཏུ་དང་གྲོམ་པ་ལྷ་རྩེ་གཉིས་ལ་གདམ་པ་གཏད་དེ་ཁོང་ཉིད་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་ནུབ་ཕྱོགས་སྲིན་པོའི་ཁ་གནོན་ཏུ་གཤེགས་སོ། །འདི་ནས་སྟོད་སྨད་གཉིས་སུ་གྱེས་པའི་བརྒྱུད་པའི་རྣམ་ཐར་ཀུན་ལ་ངོ་མཚར་ཆེ་བའི་གླེང་གཞིར་སྣང་ཡང་ཡི་གེས་འཇིགས་ཏེ་མ་བྲིས་ལ། རྒྱས་པར་མཇལ་འདོད་ཆེ་རྣམས་རྣམ་ཐར་ཆེན་མོ་སོགས་ལ་གཟིགས་པར་འཚལ་ལོ། །མདོར་ན་བོན་ཟབ་པའི་ཁ་ཕོ་ཙམ་ལ་ལྟོས་མ་དགོས་པར། ད་ལྟའི་བར་དུ་གོང་མས་འོག་མ་ལ་ཚིག་བརྒྱུད་དང་ཉམས་བརྒྱུད་ཟུང་འདྲེལ་དུ་བརྒྱུད་པའི་རྐང་མ་ཆད་པས། དེ་དག་རྣམས་ལས་འོད་ལུས་དང་། ལྷག་མེད་དུ་གྲུབ་པ་དང་། བར་དོ་དང་རང་བཞིན་སྤྲུལ་བའི་ཞིང་ཚུན་ཆད་དུ་མངོན་སངས་རྒྱས་པའི་རྟགས་སུ་སྒྲ་དང་། འོད་དང་། ས་གཡོ་བ་དང་། སྐུ་དང་ཡིག་འབྲུ་བྱོན་པ་ལ་སོགས། ལམ་རྟགས་ཁྱད་པ་ཅན་བྱུང་བ་ལྷ་སྒྲུང་ཙམ་མ་ཡིན་པར་ཀུན་ལ་མངོན་སུམ་ཚད་མར་རུང་བ།

        དཔེར་ན་སྤྱི་ལོ་༡༩༣༤ལོ་བོད་རབ་བྱུང་བཅུ་དྲུག་པའི་དཀྱིལ་སྟོད་ཤིང་ཕོ་ཁྱིའི་ལོར་ས་ག་ཟླ་བའི་ཡར་ཚེས་༡༣བཟང་པོ་ལ་གྲུབ་དབང་ཤར་རྫ་ཡབ་སྲས་འཇའ་ལུས་སུ་ཕེབས་པ་ལྟ་བུ་སྟེ། ད་དུང་ཡང་བསྟན་པའི་སྙིང་པོ་ཡོད་པར་མངོན་ནོ། ། གཞན་ཡང་ཁྲི་བདུན་གྱི་རྗེས་སུ་གྲི་གུམ་གྱིས་བོན་ཐང་གཅིག་བསྣུབས་ཀྱང་། སླར་ཡང་དར་བ་སྟེ། དྲན་པའི་ལུང་བསྟན་ཆུང་བ་ལས། སློབ་དཔོན་སྟོང་རྒྱུང་གནམ་མཚོའི་དོ་ལ་བྱིན་རླབས་བཅུ་གཉིས་ཀྱི་བསྒྲུབ་པ་མཛད་ཅིང་བཞུགས་པའི་ཚེ་ན། བཙན་པོ་སྤུ་ལྡེས་གདན་དྲངས་ནས་ཞུས་པ། མཁས་རྟོགས་དོན་དང་ལྡན་པའི་པཎྜིཏ། བདག་ནི་སྔོན་ནས་ལྷ་སྲས་གཉན་གྱི་བུ། །གཡུང་དྲུང་བོན་གྱི་བརྒྱུད་པ་ཟམ་མ་ཆད། །བདག་གི་ཡབ་ཀྱི་ཐུགས་སུ་གདོན་གསོལ་ཏེ། །བོན་བསྣུབས་གཤེན་པོ་རྣམས་ཀྱང་མཐའ་རུ་སྦྱུགས། །བཀའ་ཆད་བདག་ཅག་རྒྱལ་བློན་ཀུན་ལ་བྱུང་། །རྒྱལ་པོའི་སྐུ་བཀྲོངས་རྒྱལ་སྲིད་འབངས་ཀྱིས་ཁྱེར། །ཡབ་མེས་གོང་མས་བཞེངས་པའི་གསས་ཁང་བཤིག །ཉང་རོ་ཤམ་པོའི་ཕོ་བྲང་ཐོག་གིས་བསྒྱེལ། །ལ་ལ་མཐར་སྦྱུགས་ལ་ལ་བྲན་དུ་བཀོལ། །ཁྱེད་ཀྱི་ཐུགས་རྗེས་བཟུང་ཞིང་བཀའ་ལ་འདོགས་པར་ཞུ། །ཞེས་ཞུས་པས། སྟོང་རྒྱུང་གིས། བོན་གྱི་བསྟན་པ་དར་བར་བྱ་བའི་ཕྱིར། རིག་འཛིན་བརྒྱ་རྩ་སྤྱན་དྲངས་ཏེ་བསྟན་པ་གཏེར་ནས་བཏོན་ཏེ་སྤེལ་བར་དགོངས། ཞེས་གསུངས་པ་ལྟར། གཤེན་པོ་བརྒྱ་དུས་གཅིག་ལ་སྤྱན་དྲངས། ཀོང་ཡུལ་དྲེ་སྣར་རྒྱལ་གྱི་གྲི་འདུར་མཛད་པས། གསོན་པོ་བཀྲ་ཤིས་ཏེ། སྤུ་ལྡེས་རྒྱལ་ས་ཟིན། གཤིན་པོའི་གནས་སྤར་ཏེ་གྲི་རུམ་ཐར་བ་ཐོབ་བོ། །གཤེན་པོ་རྣམས་ལ་གཙིགས་སྔར་བཞིན་བྱིན་ནོ། །ཞང་ཞུང་ནས་ཁྱུང་པོ་མུ་ཁྱུང་རྒྱན་དང་། ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་གདན་དྲངས་ནས། བོད་ཡུལ་དུ་འབུམ་སྡེ་ལྔ་དང་། བོན་སྒོ་བཅུ་དང་། ཐེག་པ་ཐ་དད་པའི་བོན་སྒོ་མང་པོ་སྤེལ་ནས་སླར་ཡང་བསྟན་པ་དར་བ་འདུལ་བ་གླིང་བསྒྲགས་ནས་བཤད་དོ། །རྒྱལ་པོ་དེས་བསྟན་པ་དང་འགྲོ་བ་གང་ལའང་ལེགས་པར་བྱས་པས་ན་ཐོ་ལེགས་བཙན་པོ་ཞེས་ཀྱང་གྲགས་སོ། །སྤུ་ལྡེའི་གདུང་བརྒྱུད་ལ། ས་ལ་ལེགས་དྲུག ཆུ་ལ་ལྡེ་བརྒྱད་དེ་སྤུ་ལྡེ་མན་ཆད་རྒྱལ་རབས་བཅུ་གསུམ་ལ། བོན་སྡེ་གང་དར་ན། བྱམས་མ་ལས། བར་གྱི་གདུང་རྒྱུད་བཅུ་གསུམ་གྱི་བོན་དར་ཏེ། ཕ་རྒྱུད་ལུང་ཆེན། ལྟ་བ་རྫོགས་ཆེན། བྱང་སེམས་ཐེག་ཆེན། ཀུན་གསལ་བྱམས་ཆེན། འབུམ་ཁོག་དབང་ཆེན། རྩེ་འདུས་ཁོག་ཆེན། སྡེ་ལྔ་མདོ་ཆེན། གསང་ལུང་དབང་ཆེན། རྒྱས་ལྔ་འབུམ་ཆེན། སྡེ་བཞི་གཟུངས་ཆེན། རིག་པའི་གནས་ཆེན། བོན་ཐེག་པ་རིམ་པ་དགུ་ལ་སྤྱོད། ཅེས་པ་ལྟར་རོ། །དེ་ནས་གནམ་རི་སྲོང་བཙན་སྒམ་པོ་ཡན་ལ། བྱམས་མ་འབུམ་ལྔ་ལས། ངོ་མཚར་བཀའ་བཞིའི་བོན་རྣམས་དར་ཏེ། རྒྱས་པ་འབུམ། འདུལ་བ་རྒྱུད་དྲུག མངོན་པ་སྡེ་བཞི། མཚན་ཉིད་སྡེ་ལྔ་སྟེ། དེ་དག་ལ་མཁས་པའི་གཤེན་པོ་ཡང་གྲངས་མེད་པ་བྱུང་ངོ་། །ཞེས་གསུངས། རྒྱལ་པོ་དེ་དག་གི་སྐབས་སུ་འདྲེན་པའི་དཔོན་གསས་ཀྱང་། གདུང་རྒྱུད་བཅུ་གསུམ། འཛམ་གླིང་བསྟན་པའི་རྒྱན་དྲུག མཐུ་ཆེན་མི་དགུ། མཁས་པ་མི་བཞི་སོགས་ཕལ་ཆེར་བཞུགས་ཤིང་། མཁས་པ་དེ་དག་ནི་ཡུལ་དུས་རེ་འགའ་ན་བྱུང་བའི་མཁས་པར་གྲགས་ཙམ་མ་ཡིན་པར། སྐད་རིགས་སུམ་བརྒྱ་དྲུག་ཅུ་བསྒྱུར་ཤེས་པ། རྫུ་འཕྲུལ་གྱི་ཞབས་དང་ལྡན་པས། རྒྱ་གར་རྒྱ་ནག ཞང་ཞུང་བོད་ཕྲོམ་གེ་ས་སོགས་འཛམ་གླིང་ཡུལ་ཆེན་ཀུན་ལ་རྒྱལ་བསྟན་རིན་པོ་ཆེ་སྤེལ་བའི་ལོ་རྒྱུས་བསམ་ཡུལ་ལས་འདས་པར་ཡོད་ཀྱང་འདིར་བརྗོད་ཀྱིས་མི་ལང་ངོ་། །གཞན་ཡང་ཁྱུང་པོ་སྟག་སྒྲ་དུན་གཙུག ལི་ཤུ་སྟག་རིང་བྷེ་ཤོད་གྲམ་ཆེན་པོ། སུམ་པ་མུ་ཕྱ་དང་བཞིས། སྟག་གཟིག་དང་། ཞང་ཞུང་ནས་བོན་སྡེ་མང་པོ་བོད་དུ་བསྒྱུར་བའི་ལོ་རྒྱུས་གླིང་བསྒྲགས་སོགས་ལས་བཤད་དོ། །དེ་ལྟར་རྒྱལ་གཤེན་དེ་དག་གི་རིང་ལ། མཁས་པ་རྣམས་ཀྱིས་འཆད་རྩོད་བརྩོམ་པའི་འཁོར་ལོ་བསྐོར། གྲུབ་པ་ཐོབ་པ་རྣམས་ཀྱིས་གསོན་གཤིན་བདེ་ལ་བཀོད། རབ་བྱུང་རྣམས་ཀྱིས་ཚུལ་ཁྲིམས་བསྲུང་། སྒོམ་པ་རྣམས་ཀྱིས་ཏིང་འཛིན་བསྒོམ། སྒྲུབ་པ་པོ་རྣམས་ཀྱིས་བསྙེན་བསྒྲུབ་ལས་སྦྱོར་ལ་བརྩོན་པས། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་མཁའ་ལ་ཉི་མ་ཤར་བ་བཞིན་དར་བའི་ལོ་རྒྱུས་ཚད་ལྡན་མཐའ་ཡས་ཀྱང་། དེང་དུས་བསྐལ་བ་སྙིགས་མར་གྱུར་གཤིས། ས་པཎ་གྱིས། སྐྱེ་བོ་ངན་པའི་ཚོགས་ནང་དུ། ཡོན་ཏན་ལྡན་ཡང་ག་ལ་ཁུར། སྦྲུལ་གདུག་གནས་པའི་ས་ཕྱོགས་སུ། སྒྲོན་མེ་གསལ་ཡང་འོད་མི་འབྱིན། ཞེས་གསུངས་པ་ལྟར། ཡིད་ཕྱོགས་ལྷུང་གིས་བསླད་པ་དག་གི་ངོར། བོད་མཐའ་འཁོབ། ཆེས་མུན་གླིང་། སངས་རྒྱས་ཀྱི་བསྟན་པའི་སྒྲ་མ་གྲགས་པ། ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལྟ་ཞོག ཁྱིམ་མཚེས་རྒྱལ་ཁབ་ཀུན་ལ་འཇིག་རྟེན་ཕྱོགས་ནས་ཡི་གེའི་སྲོལ་སོགས་ཤེས་རིག་ཕུན་སུམ་ཚོགས་པ་ཡོད་ཀྱང་། བོད་རྣམས་ཡི་གེ་ཙམ་ཡང་སྤྱོད་མི་ཤེས་པར། སྤྲེལ་མཇུག་དོར་མ་ཐག་པའི་མི་ཙམ་གྱི་སྣང་བ་ལས་མ་བྱུང་བ་ཡིན་ནོ། །དེས་ན་སྒྲོལ་བའི་མགོན་པོའི་ཞལ་ནས། ཕྱི་རབས་ཀྱི་གཏམ་ལ་མ་དགེས་ཤིག སྔོན་གྱི་མཁས་པ་གྲུབ་ཐོབ་ཡིན། དེང་སང་གི་མཁས་པ་མཁས་རྫུར་འདུག་ཅེས་གསུངས་པ་ལྟར་ཐུགས་མད་ཅིང་ཀུན་སློང་ཆགས་སྡང་གིས་བསླད་པའི་རང་གཞན་བསྟོད་སྨད་ལ་དགའ་བ་རྣམས་ཀྱིས། ཚིག་གི་འཇའ་རིས་བཀྲ་བའི་ཡིག་ཚོགས་ཇི་ལྟར་སྤྲོས་ཀྱང་བྱིས་པ་བསླུ་བའི་བོན་དུ་སྣང་བས། ཕྱི་རབས་བློ་ལྡན་དག་རྣམ་དཔྱོད་ཡངས་པར་གྱིས་ཤིག

སྨྲས་པ། གངས་རིས་ཡོངས་སྐོར་ཞིང་མཆོག་བོད་ཡུལ་འདིར། །

སྣ་ཚོགས་གདུལ་བྱའི་མོས་སྣང་ཐ་དད་པར། །

གང་འདུལ་བསྟན་པའི་བྱེ་བྲག་མཐའ་ཡས་ཀྱང་།།

གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་གཡུང་དྲུང་བོན། །

མཐོ་ཡི་ཁྱུང་ལུང་དངུལ་མཁར་མན་ཆད་ནས། །

དམའ་བའི་ཤེལ་ལེ་རྒྱ་སྐར་ཡན་ཆད་དུ། །

བོན་དང་གཤེན་གྱིས་ཁྱབ་པའི་ལོ་རྒྱུས་ཀྱི། །

སྙན་པའི་གྲགས་པ་འཛམ་གླིང་མཛེས་པའི་རྒྱན། །

ཞེས་བར་སྐབས་ཀྱི་ཚིགས་བཅད་དོ། །

༼མུ་ཁྲི་བཙན་པོ༽སྤྱི་དེབ་བཞི་བ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག